(༡)བོད་ཀྱི་གནའ་བོའི་རོལ་མོར་མཉན་པ།

(ཞར་བཀོད་གཅིག)

                                                     མཛེས་སེ།

ཀོ་གྲུ་དང་རྐྱལ་གཟིངས་ཕར་ངོགས་སུ་འབྱོར་རྗེས།

རྟ་མཆོག་གི་མཐོང་ལམ་དུ་འཛམ་གླིང་མངོན་བྱུང་།

དུས་ཚོད་ལས་བརྒལ་བའི་རླུང་།

འདས་དང་མ་འོངས་ད་ལྟའི་མཚམས་སུ་བང་གིས་བརྒྱུགས།

རླུང་ཞིག་ལ་ཉན་སྐབས།

མི་རྣམས་ཀྱི་མགོ་བོ་ཀྲོག་ཀྲོག་བྱེད།

རི་སྒང་རེ་རེའི་རྣ་ལམ་དུ།

མཚན་མོའི་སྒྲ་དབྱངས་དུང་སྐད་བཞིན་དུ་གང་སར་ཁྱབ།

 

གསེར་གྱི་ཉི་མ་དངུལ་གྱི་ཟླ་བ་བསྟུད་མུར་ཤར་ཡོང་།

མཆོད་རྟེན་དཀར་པོ་ངའི་སེམས་ཁོང་ན་འགྱིང་འདུག

བཀག་རྒྱ་བྲལ་བའི་རླུང་།

ས་ཆེན་པོའི་ཤར་ལྷོ་ནུབ་བྱང་ཀུན་ཏུ་བཞད།

རླུང་ཞིག་ལ་ཉན་སྐབས།

མི་རྣམས་ཀྱིས་ཡར་མར་ལ་བལྟ་རྒྱུ་བརྗེད།

ཉ་ཆུང་རེ་རེའི་ལུས་འགྲམ་དུ།

མཚན་མོའི་འདང་བརྩེ་ཆུ་མིག་བཞིན་དུ་འཇམ་ཞིང་

མཉེན།

           ༢༠༠༩ལོར་ཁྲི་ཀའི་རྫོང་མགོ་རུ།


(༢)དཔྱིད་ལ་ཡིད་རྟོན་མི་རུང་།

 དཔྱིད་ཀ་གློ་བུར་དུ་དགུན་གྱི་པང་དུ་ལོག་ཅིང་།

ཡང་མཆོངས་ཐེངས་གཅིག་གིས་དབྱར་གྱི་སྒོ་འགྲམ་དུ་སླེབས།

ཀུན་གྱིས་བཤད་པ་ལྟར་ན།

བུད་མེད་ཀྱི་བློ་ལ་འགྱུར་ལྡོག་ཆེ་ཞེས་གྲགས།

དོན་དངོས་སུ།  དཔྱིད་ཀའང་།

སྐྱེས་པ་ནང་བཞིན་ཡིད་རྟོན་མི་རུང་སྟེ།

སྔ་དྲོ་རང་ཉིད་ཡིན་བཞིན་དུ།

ཕྱི་དྲོ་གཞན་ཞིག་ཏུ་གྱུར་འདུག

དགུན་ཁ་འདྲ་ཞིག་མི་འདུག

བློ་གཅིག་སེམས་གཅིག་གིས་གྲང་ངར་ལྡང་།

དབྱར་ཀ་འདྲ་ཞིག་མི་འདུག

ནན་ནན་ཏན་ཏན་གྱིས་ཚ་བ་རྒྱས།

 ༢༠༡༠ལོའི་ཟླ་༣པའི་ཚེསཨ༩ཉིན་ཟི་ལིང་དུ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: