ལྷ་ཆབ་སྦྱིན་པ།

རྨི་ལམ་ཐ་མའི་ཐུན་གྱི་འཇིགས་པ་དེ།།

བདག་གི་མེས་པོས་གནང་བའི་རྣམ་རྟོག་ཅིག།

སྒྱུ་མའི་སྐུད་པ་སྒུལ་བའི་རྣམ་ཤེས་འདིས།།

རོ་ཀོག་ཉི་མར་ལྡེ་བའི་རྟགས་ཤིག་བྱུང་།།

 

ཉི་མའི་འཆར་ནུབ་འཛོལ་བ་ལས་ཀྱིས་ཏེ།།

དམ་པའི་གསུང་རབས་ཀློག་པ་རྩོལ་བས་སོ།།

འཇིག་རྟེན་རྒུད་པའི་ཕྱོགས་སུ་བསྐྱོད་པ་འདི།།

པྲ་ཚེགས་བྱིས་པའི་རྐུབ་ལ་འཚེར་མ་ཉིད།།

 

བལྟས་ན་ཕ་མཐའ་མེད་པའི་རྒྱ་མཚོ་འདིས།།

དེ་རིང་རླབས་ཀྱི་འཛུམ་དག་ང་ལ་སྟོན།།

སྡང་དང་ཁྲོ་བ་མེད་པའི་ངང་ཚུལ་གྱིས།།

ཉམ་ཆུང་ལུས་ལ་ཞི་བའི་འཇིག་རྟེན་སྐྲུན།།

 

དྲན་པ་གཞི་མེད་དབྱིངས་ལ་འདྲེས་གྱུར་བས།།

གདུང་བ་སྡུག་གི་ཀློང་ལ་འཐིབས་སོང་ལོ།།

མི་རྟག་བྱེ་མར་ཕབ་པའི་རྐང་རྗེས་འདི།།

འཇིག་རྟེན་འདི་ལ་བཞག་པའི་ཕྱིར་མིག་ཙམ།།

སོང་བའི་མཐའ་ནི་སྒྱུ་མའི་སྣང་བ་སྟེ།།

སླེབས་པའི་ཡུལ་ནི་སྐད་ཅིག་ཚོར་བ་ཉིད།།

སེམས་ཀྱི་ཞིང་ཁམས་ཆེ་བའི་བསླུ་བྲིད་འདིས།།

འཇིག་རྟེན་ཆུང་ཆུང་ཞིག་ལ་མགྲོན་དུ་བོས།།

 

དོགས་པ་ཐེ་ཚོམ་བྲལ་བའི་ཤེས་པ་འདི།།

རྒྱལ་ཁམས་སྡུག་གིས་བསྐོར་བའི་གཏམ་རྒྱུད་དེ།།

སྙིང་ཐུབ་བུ་མོའི་སེམས་ཀྱི་བརྩེ་བ་བཞིན།།

ང་ཡི་མི་ཚེར་དགུན་གྱི་ཁ་བའོ།།

 

འདིར་སྣང་སྲིད་པའི་ཆོས་ཀྱིས་སྙིང་བྲིད་པས།།

བདག་གི་བྱང་ཁོག་སྟོད་ཀྱི་མཚོ་མོ་སྐྱོམས།།

མཚོ་འདིའི་ཕ་མཐའ་འཚོལ་བའི་གཟིངས་ཆུང་འདི།།

འཇགས་མེད་རླབས་ཀྱི་རྩེ་ན་ཉ་བཞིན་རྩེན།།

 

རྒུད་པའི་མཐའ་ནི་བྱེ་མའི་འཆིང་བུ་བཞིན།།

འགོང་བོའི་བསེར་བུ་ཙམ་གྱིས་བཤིག་པར་འགྱུར།།

འཇིགས་མེད་ཁྲོ་ཆུ་ལྡུག་སྲོལ་མེད་པ་དེས།།

བདག་གི་བླ་སྲོག་ལྕུག་ལྕུག་འདར་བར་བྱས།།

      ༢༠༡༤ ༩ ༥ ལ་ཨོ་གླིང་ནས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: