གསང་མདའ།

     དེང་སང་བོད་པའི་ཤེས་ཡོན་པ་དག་གི་ངག་ན་མཐུན་སྒྲིལ་ཟེར་བའི་ཐ་སྙད་ཀྱི་མེ་ཏོག་དེ་ས་གད་རྡོ་གད་ཡིན་མོད། དོན་དངོས་ལ་བཅར་ན། ཐ་སྙད་དེ་དག་ནི་སྒྲོབ་ཉམས་དོད་བྱེད་ལས་ལག་ལེན་དངོས་ཀྱི་ནང་དུ་མདོ་དབུས་ཁམས་གསུམ་ཟེར་བའི་སེམས་པ་ཆིག་སྒྲིལ་དུ་སོང་བ་ཞིག་ཡོད་པའི་དན་རྟགས་ཤིན་ཏུ་རྙེད་དཀའ་བར་མ་ཟད། རིག་གནས་རྒྱུན་འཛིན་དང་དར་སྤེལ་ཟེར་བའི་གཡང་འབོད་དེ་ཡང་ཕྱིའི་རྣམ་པ་ཙམ་ཞིག་ལས་མ་འདས་ཏེ། ཐ་ན་གསར་བྱུང་གི་དངོས་པོ་དག་ལ་བཏགས་པའི་ཐ་སྙད་ཙམ་ཡང་མདོ་དབུས་ཁམས་གསུམ་ནས་གཅིག་གྱུར་ཞིག་མི་འདུག དབུས་གཙང་ནས་བསྒྱུར་བ་ཨ་མདོས་བཀོལ་སྤྱོད་མི་བྱེད་ལ། དེ་བཞིན་དུ་གཞན་གཉིས་ཡང་དེ་དང་འདྲ་མཚུངས་ཡིན་འདུག དེང་སང་རྒྱ་ནག་ལྟ་བུར་ཆ་མཚོན་ན། གསར་བྱུང་གི་དངོས་པོ་གཅིག་ལ་མིང་གཅིག་གཏན་འབེབས་བྱས་ཚར་བ་ནས་དེ་ལས་གཞན་བྲིས་ན་ཡིག་ནོར་དུ་བརྩི་ངེས། དཔེར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་མིང་ལ།奥巴马 ཞེས་མ་བྲིས་པར་熬巴嘛ཞེས་བྲིས་ན་དེ་ནི་ནོར་འདུག་ཟེར་མཁན་ལས། རྒྱ་ནག་བྱང་ཤར་ནས་འབྲི་ཚུལ་དང་ལྷོ་ཕྱོགས་ནས་འབྲི་ཚུལ་ཡིན་ཞེས་པ་འདྲ་བའི་སྐོར་ལོག་གི་ལས་ཀ་དེ་ཁྱོན་ནས་མཐོང་རྒྱུ་མི་འདུག ང་ཚོ་ཡང་མགོ་ཡོད་ལུས་ཡོད་ཀྱི་སྐབས་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ལྟ་བུས་གཏན་ལ་ཕབས་ཏེ་རྒྱལ་བོས་བཀས་བཅད་པ་ནས་གཅིག་གྱུར་གྱི་ཐ་སྙད་བྱུང་བས། བསྟན་བཅོས་གཅིག་སྒྱུར་མཁན་བརྒྱ་དང་སྟོང་གིས་བསྒྱུར་ཀྱང་ཐ་སྙད་མི་འདྲ་བ་བྱུང་མ་མྱོང་བ་ད་ལྟའི་དུས་སུའང་མིག་གི་སྤྱོད་ཡོད་པ་དེ་ཡིན་མོད། དེང་སང་སྒྱུར་མཁན་གཅིག་གིས་ཤོག་ལེབ་གཅིག་གི་ནང་ལ་ཡང་ཐ་སྙད་མི་འདྲ་བ་གང་བྱུང་གིས་འབོད་ཀྱིན་འདུག་པ། ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་གནང་ཡུལ་དུ་ཕ་ཁི་སི་ཐན་གྱི་བུ་མོ་ཞིག་གཏན་ཁེལ་བྱུང་བ་དེའི་སྐོར། མུ་ཏིག་ཟེར་བ་ཞིག་གིས་དབྱིན་ཡིག་ལས་བསྡུ་བསྒྲིགས་བྱས་པ་དེའི་ནང་དུ་གོང་ནས་塔利班ཞེས་པ་དེ་ད་ལེན་པེན་དུ་བསྒྱུར་འདུག་པ། དེའི་འོག་ནས་ཐིག་ཤར་བཞི་པའི་ནང་དུ་ཡང་ཏཱ་ལེན་པེན་ཞེས་བསྒྱུར་འདུག རྒྱ་བོད་ཤན་སྦྱར་ལས་巴基斯坦ལ་ཕ་ཁི་སི་ཐན་དུ་བསྒྱུར་ཡོད་མོད། ཁོང་གིས་དང་བོ་པཱ་ཁེ་སི་ཐན་ཞེས་བསྒྱུར་ལ་དེའི་འོག་ཏུ་པ་ཀི་སི་ཐན་ཞེས་བསྒྱུར་འདུག་པས་རྩོམ་ཡིག་ཤོག་ངོས་གཅིག་གི་ནང་དུ་ཡང་ཡུལ་གཅིག་ལ་ཐ་སྙད་གང་བྱུང་གིས་འབོད་པ་མཐོང་དུས། དུས་རབས་འདིའི་ནང་དུ་ང་ཚོས་རིག་གཞུང་གསར་བ་ནང་འདྲེན་གྱི་ལས་ཀ་ནི་རྨི་ལམ་ཙམ་དང་རང་གི་རིག་གཞུང་ལ་གཅེས་སྤྲས་ཟེར་བ་ཡང་ཁ་ཙམ་ཚིག་ཙམ་དུ་སོང་བ་མིན་ནམ། ད་ལྟ་དྲྭ་ལམ་ཁག་ན་༢༠༡༤/༡༠/༡༠གཟེངས་རྟགས་ཐོབ་པའི་བུ་མོ་འདིའི་གནས་ཚུལ་རྒྱ་བོད་གཉིས་ཀའི་ཡིག་ཐོག་ན་ཡོད་མོད། རྒྱ་འགྱུར་བརྒྱ་ལ་མིང་གཅིག་དང་བོད་འགྱུར་གཅིག་ལ་མིང་བརྒྱ་ཡོང་དགོས་པའི་རྒྱུ་མཚན་དེར་གཟིགས་དང་། ང་ཚོས་མཐུན་སྒྲིལ་སོགས་བཟང་བཟང་རྒྱན་རྒྱན་གྱི་གཡང་འབོད་བྱས་པ་ལས། དོན་དངོས་ཐོག་ཐ་སྙད་ཙམ་ལ་ཡང་མཐུན་སྒྲིལ་དང་དོ་སྣང་མི་བྱེད་པ་འདི་ངས་བསམ་ན་ང་ཚོ་རྒུད་པ་ལས་མི་ཐར་བའི་ན་ཚ་ཆེ་ཤོས་རེད་སྣང་བྱུང་།

ཡོང་ཁུངས་དྲ་བ་གཞན།

དཔྱད་མཆན་སྤེལ།

%d bloggers like this: