མི་ཡུལ་ནས་བསྟན་པའི་འཇིགས་སྐྲག

 སྒྲུབ་བརྩོན་བསྟན་དར།༼གཞིས་རྩེ ༽

ཁ་བྱང་གི་གསལ་འདེབས།

   བླ་རྩ་ཁྲུག་ཁྲུག་ཏུ་འདར་བའི་འཇིགས་སྐྲག་ཞིག་གིས་གཞོན་ནུའི་ལང་ཚོ་ལ་སྐྱིད་ཁོམས་ཤིག་སྦྱིན་མ་བྱུང་། འཇིགས་སྐྲག་དེ་ནི་ལྷ་འདྲེ་དཀར་ནག་དང་གཤིན་འདྲེ་སྔོ་དམར་ཚོའི་ཆོ་འཕྲུལ་འཁྲབ་ལུགས་དང་མི་འདྲ་བར། སྙིང་རྗེ་དང་བརྩེ་བ་མེད་པར། ཚེ་སྲོག་གི་ཤན་གྲི་ལག་ཏུ་ཐོགས་ཤིང་། ཧམ་སེམས་ཀྱི་མཆེ་སྡེར་ཕྱོགས་བཅུར་འཕྱར་གིན། ལོ་ཆུང་དང་བྱིས་པ། ན་གཞོན་དང་དར་ མ། བར་མ་དང་རྒན་པོ། ཕ་མ་དང་བུ་ཕྲུག བཟའ་ཟླ་དང་དགའ་རོགས། ཕོ་མོ་དང་མ་ནིང་། རྒྱ་རིགས་དང་བོད་རིགས། མི་དཀར་དང་མི་ནག མི་རིགས་དང་མི་རིགས་བཅས་ཀྱི་ཀྱི་དབར་ན་དབྱེ་འབྱེད་དང་ཕྱོགས་ཞེན་མེད་པར། མཛའ་བརྩེ་དང་འཁོན་འབྲས་མེད་པར། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་དབར་ན་ས་མཚམས་དང་ལམ་ཐིག་མེད་པར་གང་བྱུང་རྒྱ་ཡན་དུ་རྒྱུགས་གིན། མི་སྙིང་གསོན་པོར་སྔོགས་ཤིང་། མི་ཁྲག་དྲོན་མོར་འཐུང་། མི་ཤི་ཁྱིམ་སྟོང་བཟོ་བཞིན། མི་ཡུལ་སྡུག་ལ་སྦྱོར་མཁན་དེ་ནི་ཨེ་ཙེའི་བདུད་སྲིན་དམར་ནག་དེས་བསྟན་པའི་འཇིགས་སྐྲག་གསོན་པོ་དེའོ། །


གནས་ལུགས་ཀྱི་རྒྱབ་མདུན།

མཁས་པ་ཚོའི་དགག་གཞག་གི་སྤྲོས་པའི་གསེང་ནས་འཛུལ་ཞིང་། དཔོན་ཆེན་ཚོའི་གོ་གནས་ཀྱི་རྐུབ་སྟེགས་འོག་ནས་ཤོར་བའི་འདྲེ་སྲིན། སེར་མོ་བའི་གྲུབ་མཐའི་ཆགས་སྡང་གི་ཀློང་ནས་བྱོལ་ ཞིང་། རྩོམ་པ་པོའི་དྲང་ངེས་ཕྱེད་མའི་ཚིག་ཚོགས་ལ་འགོམ་པའི་བདུད་པོ། ད་ལྟ་བག་ཡངས་ཀྱི་གྲུ་ཟུར་ཞིག་ནས། སུ་ཞིག་གི་དབང་ཤུགས་དང་། གང་ཞིག་གི་བཀག་འགོག་ལའང་འཛེམ་བག་མེད་པར། བློ་བདེ་བག་ཡངས་ཀྱིས་བོད་མིའི་ཟུངས་ཁྲག་ལ་ཧམ་འཐུང་བྱེད་ཅིང་། བོད་མིའི་བླ་སྲོག་ལ་ཀུ་རེ་བྱེད།

སྔོན་ཐོན་དང་ཞི་བདེ། ཤེས་དཔལ་དང་འབྱོར་ཕྱུག་ལ་སོགས་པའི་མཛེས་སྡུག་གི་ཕུག་བསམ་དེ་དག་ནི། དུས་རབས་འདིར་མཁོ་བའི་སྒེར་དང་ཚོགས་སྤྱི་ཀུན་གྱི་རིན་ཐང་ལགས། འོ་ན་རིན་ཐང་ དེའི་གཞི་རྩའི་རྒྱུ་གང་ལགས། རྐྱེན་གང་ལགས། བརྩེ་ལྡན་གྱི་ཀློག་པ་པོ་ཁྱེད་ཀྱིས་ལན་ཇི་ལྟར་འདེབས། ངས་ནི་ཀུན་གྱི་རྩ་བ་ནི་རིན་ཐང་བྲལ་བའི་ཚེ་སྲོག་འདི་ཀོ་ཞེས་མགྲིན་པ་གཟེངས་སུ་ བསྟོད་ནས་སྨྲ་བར་འདོད། གལ་ཏེ་ཚེ་སྲོག་ལས་ལྷག་པའི་ནོར་བུ་ཞིག་མེད་ན། ད་ལྟ་ང་ཚོས་ཚེ་སྲོག་ལ་གདོང་གྲོགས་ཇི་ལྟར་བྱེད། ཨེ་ཛེ་ལ་སྔོན་འགོག་ཇི་ལྟར་བྱ། ཚེ་སྲོག་མེད་པའི་ཤུལ་དུ་ང་ ཚོར་ད་དུང་གླེང་རིན་ཅི་ཡོད། བྱེད་རིན་ཅི་ཡོད། ངོམ་རིན་ཅི་ཡོད། ང་ཚོའི་ཚེ་སྲོག་འདི་འཇིགས་སོང་ན། བཅུ་ཕྲག་རིག་གཞུང་གི་བརྒྱུད་འཛིན་དེ་སུ་ལ་སྤྲོད། ང་ཚོའི་ཚེ་སྲོག་འདི་ཤོར་སོང་ན། ཚན་རྩལ་བུ་མོའི་མག་པ་དེ་སུ་ཡིས་བྱེད། ཚེ་སྲོག་གི་རླུང་འགྱུ་འགག་པའི་ཁུག་པ་དེ་ནས། རྒྱལ་བསྟན་དྲི་མེད་ཀྱི་རྒྱལ་མཚན་དེ་སུ་ཡིས་འཛུགས། སྲིད་སྐྱོང་དམངས་སྐྱོབ་ཀྱི་ལས་དོན་དེ་སུ་ ཡིས་སྒྲུབ། མདོར་ན། ཁ་བ་གངས་ཅན་པ་ཞེས་པའི་རུས་པ་དེ་གང་ནས་འཚོལ། པུར་རྒྱལ་བཙན་པོ་བ་ཞེས་པའི་རྣམ་ཤེས་དེ་གང་ནས་འབོད། འཛམ་གླིང་ཡང་རྩེ་རུ་གྲགས་པའི་བ་དན་དེ་གང་ནས་འཕྱར།


ལྷག་བསམ་གྱི་བློས་བླངས།

ང་ལ་ཚད་མེད་པའི་འཇིགས་སྐྲག་ཅིག་སྐྱེས་རྗེས། དང་ཐོག་མར་ང་རང་གི་ཕ་ཁྱིམ་གྲུ་བཞི་མིག་རྩ་རུ་འཁོར་ཞིང་ཕ་མ་གཅེན་གཅུང་ཡིད་ཀློང་དུ་དྲན། དེ་མུར་ངས་སླར་ཡང་འཇིགས་སྐྲག་ ཅིག་གི་ཀློང་ནས། དཀོན་མཆོག་མཁྱེན། ངའི་ནང་མི་ཚོ་ལ་ཨེ་ཙེའི་ནད་དུག་གི་ཆ་ཤས་ཙམ་ཡང་མེད་པར་ཚང་མ་ལུས་བདེ་སེམས་སྐྱིད་ཡིན་པར་ཤོག་ཅིག མི་ཤི་ཁྱིམ་སྟོང་གི་ཆགས་སྒོ་ངན་པ་ང་ ཚོའི་ཁྱིམ་ཚང་ལ་མེད་པར་ཤོག་ཅིག མི་ཚང་ནད་རོས་ཁེངས་པའི་གཏམ་རྒྱུད་ངན་པོ་ང་ཚོའི་ཁྱིམ་ཚང་ལ་མེད་པར་ཤོག་ཅིག་ཅེས་པའི་འུ་ཐུག་ཐབས་ཟད་ཀྱི་སྨོན་ལམ་ཁ་ཤས་སེམས་དབུས་ཀྱི་དཀོན་མཆོག་ལ་བཏབ།

མི་ལོ་དུ་མར་གཟན་ཤམ་གྱི་དྲོད་ཐིག་སེམས་དབུས་ནས་མ་ཡལ་བའི་རྟོག་འགྱུ་ཞིག་གིས། ངའི་སྨོན་ལམ་གྱི་ཁ་གཏད་དེ་ཡང་རང་སྒེར་གྱི་ཕ་ཁྱིམ་ཙམ་མིན་པར། རིམ་བཞིན་བོད་རིགས་སྤྱི་དང་འཛམ་གླིང་ཡོངས་ཀྱི་སྐྱེ་བོ་ལ་བཏབ། ཉིན་རེ་ནས་ཉིན་རེ། ཟླ་རེ་ནས་ཟླ་རེ་མ་འདས་པར་ཨེ་ཙེའི་ནད་པ་ཇེ་བས་ཇེ་མང་དུ་འགྲོ་སྐབས། ད་གཟོད་ངས་སྨོན་ལམ་རྐྱང་པ་ནི་ཨེ་ཙེའི་བདུད་སྲིན་ དང་འཐབ་པའི་རྡུལ་ཕྲན་གྱི་འབར་རྡེལ་དེ་མིན་པར་ཤེས།

ཨེ་ཙེའི་ནད་དུག་ལ་འཇོམ་བྱེད་ཀྱི་སྨན་བཟང་ཞིག་མེད་ཀྱང་། འགོག་བྱེད་ཀྱི་ཐབས་ཤེས་ཤིག་ཡོད་པ་ཤེས་ཕྲལ་ངས་དེ་མུར་ཨེ་ཙེའི་ནད་ཡམས་སྔོན་འགོག་ཚོགས་ཆུང་གཅིག་གི་འཆར་གཞི་བཀོད། གོ་རིམ་སྒྲིག ཚོགས་མི་བསྡུས། བརྗོད་མི་ཤེས་པའི་དགའ་སྤྲོ་སེམས་ཁ་རུ་ཉར་ནས། གླེང་མི་ཤེས་པའི་སེམས་ཤུགས་སྟོབས་གཅིག་ཏུ་སྒྲིལ་སྐབས། ཐུགས་ལྷོད་མདོག་གི་གྲྭ་རྒན་ཞིག་གིས། དགོས་པའི་ཐོས་བསམ་སྒོམ་གསུམ་དེ་མེད་པར་མི་དགོས་པའི་འཇིག་རྟེན་གྱི་ཐེ་གཏོགས་ཟེར་ནས་བཀའ་ཀྱོན་ཆེ་ཙམ་ཞིག་གནང་། མགོ་བདེ་མདོག་གི་ཕ་རྒན་ཞིག་གིས། དགོས་པའི་གྲོང་ཆོག་ཁ་ཏོན་དེ་མེད་པར་མི་དགོས་པའི་གཏམ་འཆལ་གཙོག་པ་ཟེར་ནས་ཁྲེལ་དགོད་སིག་ཙམ་ཞིག་བྱས། འགན་ཁུར་མདོག་གི་དབུ་ཁྲིད་ཅིག་གིས། དགོས་པའི་རྒྱལ་གཅེས་ཁྲིམས་སྲུང་དེ་མེད་པར་མི་དགོས་པའི་མང་ཚོགས་བསྐུལ་སློང་ཟེར་ནས་རྫིག་རྫིག་ནན་ཙམ་ཞིག་གནང་། བར་མ་དོའི་འཁྱམ་པོ་འགའ་རེས།“ཕྱི་གླིང་མགོ་སེར་བའི་ན་ཚ་ང་ཚོ་ལ་འགོས་དོགས་མེད།” “ཨ་ཕོ་བོད་པ་ བསོད་ནམས་ཆེ་བས་ནད་མེད་ཚེ་རིང་ལོ་བརྒྱ།” “ཞང་མོ་སྨད་འཚོང་མའི་ན་ཚ་ང་ཚོར་གླེང་ན་ངོ་ཚ།” “དོན་མེད་ཤོད་ཤོད་མང་ན་རྣམ་རྟོག་ངན་པ་ལང་འོང་”ལ་སོགས་པའི་རྨོངས་རྟུལ་འགན་མེད་ཀྱི་གཏམ་འཆལ་མང་པོས་ང་ཚོའི་ལམ་ཁ་དོག་པོ་རུ་བྱས་སོང་། །

ཡང་སྤྱན་མིག་ཡར་ལ་བལྟ་སའི་སྐྱེས་ཆེན་མང་པོའི་སྐུལ་ལྕགས་དང་རྒྱབ་བསྐྱོར་བཟང་པོས། ང་ཚོའི་སེམས་ཤུགས་ཀྱི་མེ་ཁ་གསོས་ཤིང་། དཀའ་སྡུག་གདོང་མཆོང་གི་རུ་དཔུང་སྒྲིག་རྗེས། ན་ གཞོན་ཨེ་འགོག་ཚོགས་པ་དངོས་སུ་གཙང་ཁུལ་གྱི་གྲོང་ཚོ་མང་པོར་ལང་ཚོའི་ཟིན་ཐོ་འབྲི་བར་རྒྱུགས་སོང་། །


འཇིགས་རུང་གི་ཧམ་སེམས།

འཛམ་གླིང་གི་ཤར་ནུབ་སྣེ་གཅིག་ཏུ་སྦྲེལ་ཞིང་། ལྷོ་བྱང་གི་ལས་དབང་མཉམ་གཅིག་ཏུ་བསྲེས་ཏེ། སེམས་མེད་ཀྱི་བེམ་པོ་བྲན་གཡོག་ཏུ་བཀོལ་ནས། གཤོག་མེད་ཀྱི་མི་བོ་ནམ་མཁའ་ལ་ཕུར་བ། ད་དུང་། རང་བྱུང་གི་ས་ཁམས་རང་དབང་དུ་བསྡུད་ཅིང་། གོ་ལ་གཞན་ལ་ལྗོངས་རྒྱུ་རུ་འགྲོ་བའི་མིའི་རིགས། རང་སྣང་གི་མགོ་བོ་འཛམ་གླིང་ན་མཐོ་ཞིང་། དཔྱོད་ཤེས་ཀྱི་མདའ་མོ་ནམ་མཁའ་ལ་འཕེན་པའི་མིའི་རིགས། ད་ལྟ་སུ་ཞིག་གི་གཞན་དབང་དུ་བསྡུད་ནས། གང་ཞིག་གི་མནར་གཅོད་ལ་མྱོང་གིན་ཡོད། ང་ཚོའི་སྙིང་སྟོབས་ཀྱི་མེ་ལྕེ་མོག་པོ་རུ་གཏོང་མཁན་དེ་སུ་ཡིན། ཟླ་མེད་ཚན་རྩལ་གྱི་མགོ་བོ་ལྗིད་ཀྱིས་མནོན་མཁན་དེ་སུ་ཡིན། ཀྱེ་མ། བདུད་སྲིན་ཨེ་ཛེ། ཁྱོད་ཀྱིས་ད་དུང་མིའི་ རིགས་ལ་མནར་གཅོད་ཇི་ཙམ་ཞིག་གཏོང་སྲིད། བདེ་སྐྱིད་ཀྱི་འཚོ་བ་ཇི་ཙམ་ཞིག་འཇོམ་འདོད། རིན་ཆེན་གྱི་ཚེ་སྲོག་ཇི་ཙམ་ཞིག་འཕྲོག་འདོད། གཡང་ཞག་གི་ཕ་ཁྱིམ་ཇི་ཙམ་ཞིག་གཏོར་འདོད། ངོ་མ། བྱམས་པ་དང་སྙིང་རྗེས་དབུལ་བའི་སྲིན་པོ་ཁྱོད། ལས་འབྲས་ཀྱི་བློ་མིག་ལོང་བའི་བདུད་ ནག་ཁྱོད། ཁྱོད་ཀྱི་མིག་ཟུང་ལ་བུ་ཁ་ཡོད་ན་ད་ལྟོས་དང་། ཉམས་ཐག་པའི་འགྲོ་བ་མིའི་རིགས། ཁ་སང་ཁྱོད་ཀྱི་ནད་འབུ་ཡིས་བཟུང་བ་ནས། ལུས་སྟོབས་ཀྱི་ཟུངས་ཤུགས་ཟད་ཅིང་། སེམས་ཁམས་ལ་བཟོད་བརླག་མེད་པའི་ཕོག་ཐུག་ནམ་མཁར་མི་གཤོང་བ་ཞིག་བཏང་། ད་ཆ་མི་གྲལ་ནས་ཕུད་ལ་ཉེ་བའི་ནད་པ་བྱེ་བ་མང་པོའི་འཚོ་བ་ལ་ཉི་འོད་མེད་ཅིང་། ཕུག་བསམ་ལ་མིག་རྒྱངས་མེད། ནད་པ་མང་པོ་འཚོ་གནས་ལ་རེ་ཐག་ཆད། མི་ཡུལ་ལ་ཞེན་པ་ལོག ད་དུང་ལས་ཀྱི་རྣམ་སྨིན་མ་རྫོགས་པ་དེ་ཚོ། གཞན་གྱི་འཕྱ་དམོད་དང་མཐོང་ཆུང་གི་ཁྲོད་དུ། ཐ་ན་འཆི་ལ་ཉེ་ཡང་འཚོ་བས་སྤྲད་པའི་ཕམ་ཁ་སྐྱུར་མོ་དེ་ཇི་འདྲའི་ལྕི་ཨང་། ལས་མ་དག་པའི་ནད་པ་འདི་ཚོ། རེ་བ་ཉི་ཚེ་བ་ཞིག་གི་ཆེད་དུ་སྨན་རྒྱུན་ཟས་ལྟར་ཟ་ཞིང་། ཉིན་མཚན་འཁོར་མོར་ནད་ངན་དེའི་རྡུང་བརྡེག་ལུས་སེམས་ཀྱིས་མྱོང་དགོས་པ་ཅི་འདྲའི་སྙིང་རྗེ་ཨང་།

ཕ་མ་དང་བུ་ཕྲུག ཉེ་འབྲེལ་དང་སྤུན་མཆེད་དུ་མ་ཚོམ་བུ་ཚོམ་བུར་གཤིན་རྗེའི་གྲོང་སྒོ་རུ་འཁྲིད་སྐབས། ད་ལྟ་ཤུལ་ན་ལུས་པ་བདག་མེད་ཀྱི་ཁང་སྟོང་དང་། རྣམ་ཤེས་ཀྱིས་བོར་སོང་བའི་བེམ་རོ་འདི་ཚོ་ལས་མིན་འདུག བདུད་ནག་ཨེ་ཛེ། ཁྱོད་ཡོང་བ་སྔ་དྲགས་པས་ཡིན་ནམ། ཡང་ན་ཁྱོད་འཇོམས་མཁན་གྱི་ལྷ་རྗེ་དེ་བྱོན་ཕྱིས་པ་ཡིན། གང་ལྟར་སྔ་ཕྱི་གོ་ལྡོག་པའི་དུས་ཚིག་འདིར། མི་ཡུལ་ནི་དོན་དམ་པའི་དམྱལ་ཁམས་ཁོ་ན་རེད།


ཚེ་སྲོག་གི་རུ་འདྲེན་པ།

ཚེ་སྲོག་ནི་རིན་ཐང་གིས་གཞལ་དཀའ་ཡང་། ནད་མུག་དང་བར་ཆད་ཀྱི་ཁྲོད་དུ་ནི་ཇི་འདྲའི་ཉམས་ཆུང་ཞིག་རེད་ཨང་། མ་གཞི་རིག་གཞུང་དང་དཔལ་འབྱོར་ནི་ང་ཚོའི་བརྩོན་ལེན་གྱི་དམིགས་གཏད་དུ་གྲུབ་མོད། ངས་བསམ་ན་ད་ལྟའི་མི་རིགས་འདིར་ཆེས་རླབས་ཆེ་ཞིང་། ཆེས་མཁོ་བ་ནི་ཚེ་སྲོག་གི་རུ་འདྲེན་པ་སྟེ། ཁ་ཚ་དགོས་གཏུག་གི་ཨེ་ཛེའི་སྔོན་འགོག་དང་བླངས་པ་དག་ཡིན། ལུགས་གཉིས་ཀྱི་གནས་ལུགས་ལ་མཁས་ཤིང་། བྱང་སེམས་ཀྱི་བདག་ཉིད་ཆེན་པོ་མཁས་དབང་ཚུལ་ཁྲིམས་བློ་གྲོས་དང་། རིག་ཞེན་གྱི་ལྷག་བསམ་དཀར་བའི་ཆོས་དཔལ་བཟང་ལྟ་བུའི་མི་ཆེན་དེ་ཚོ། མི་རིགས་འདིའི་སྙིང་ནོར་རེད། དུས་རབས་འདིའི་ལམ་སྟོན་པ་རེད། ཚེ་སྲོག་གི་སྦྱིན་བདག་རེད། འགྲོ་བ་མིའི་མགོན་སྐྱབས་ངོ་མ་རེད།

ང་ཚོ་ཚེ་སྲོག་ལ་དགའ་མོད། ང་ཚོ་ཚེ་སྲོག་ལ་གཅེས་མོད། ད་བར་དུ་ཚེ་སྲོག་ལ་བདག་སྐྱོང་བྱེད་མཁན་ཇི་ཙམ་ཞིག་བྱུང་ཡོད། ད་བར་དུ་ཚེ་སྲོག་ལ་གུས་ཞབས་བྱེད་མཁན་གང་ཙམ་ཞིག་ཐོན་ཡོད། ཡང་ན་ཚེ་སྲོག་གི་དྲན་བསྐུལ་པའམ། ཚེ་སྲོག་གི་རུ་འདྲེན་པ་ཇི་ཙམ་ཞིག་བྱོན་ཡོད། ད་དུང་ཚེ་སྲོག་གི་ཆེ་བ་བརྗོད་དགོས་ན། ཚེ་སྲོག་གི་རུ་འདྲེན་པ་ཞིག་མ་གླེང་ཀ་མེད་རེད། ཁོང་ནི་ལྷ་ལྡན་གཉིས་པར་གྲགས་པའི་གཞིས་ཀ་རྩེའི་མི་གྲངས་ཁྲི་ཚོ་ ༦༠ ལྷག་ཙམ་གྱི་ཁྲོད་ནས་གཟེངས་སུ་ཐོན་པའི་ལྷ་གཞིས་ཨེ་འགོག་དང་བླངས་པ་རྒན་ཉི་མ་ཚེ་རིང་ལགས་རེད།

ངོ་མཚར་ཆེ་བའི་ཁྱེད་ཀྱི་སློབ་འཁྲིད་ལ་ལན་འགའ་ཉན་རྗེས། ད་ལྟ་ངས། ཁྱེད་ཀྱིས་མི་རིགས་དང་ཚེ་སྲོག་ལ་བཅངས་པའི་ལྷག་བསམ་དང་དད་མོས་ལ་ཆ་རྒྱུས་མི་དམན་པ་ཞིག་ལོན་ཡོད། བསམ་བསམ་པའི་མཐའ་མར། དངོས་གནས་མི་རིགས་ཀྱི་མདུན་ལམ་གླེང་མཁན་ནི་ཁྱེད་ལྟ་བུ་ཞིག་ཡིན་དགོས་པའི་ངེས་ཤེས་སེམས་གཏིང་ནས་རྙེད།

འཚོ་བ་ཡི་དཀའ་རྙོག་གི་ཀློང་ནས། ཕྱག་ལས་ཀྱི་མཛད་བྲེལ་གྱི་བར་ནས། ཁྱེད་ལ་དཀྱེལ་ཡངས་ཀྱི་ཐུགས་རྒྱ་ཞིག་མངའ་བས། བློས་གཏོང་དང་སྙིང་སྟོབས་ཀྱི་གོ་ཆ་ཞིག་བགོས་ནས། མི་རིགས་འདིའི་འཚོ་གནས་ཀྱི་ཆེད་དུ་ཕེབས་བྱུང་། ཚེ་སྲོག་ཁྲི་སྟོང་མང་པོའི་མགོན་སྐྱབས་སུ་ཕེབས་བྱུང་ གནོང་འགྱོད་དང་ཕང་སེམས་མེད་པའི་བློས་བླངས་དེས། ད་ལྟ་བོད་ལྗོངས་ལ་དྲོ་སྐྱིད་ཀྱི་ཉི་འོད་ཤར་འགོ་ཚུགས་ཤིང་། ཚེ་སྲོག་གི་མྱུག་གསར་འབུད་འགོ་ཚུགས། “ད་ཆ་ངའི་ལུས་ངག་ཡིད་གསུམ་ཨེ་ཛེའི་སྔོན་འགོག་ལ་ཕུལ་ཟིན་པས། ཆུ་ཚོད་ཉེར་བཞི་ཆར་ཨེ་ཛེའི་ལས་དོན་དང་བྲལ་ཐབས་མེད།” ཅེས་དང་། “ད་ལྟ་ང་ཚོ་ཨེ་འགོག་དང་བླངས་པའི་ཕྲག་སྟེང་གི་འགན་ཁྲི་ནི་སྲིད་གཞུང་དབུ་འཁྲིད་ཀྱི་འགན་ཁྲི་ལས་ཀྱང་ལྕི་”ཞེས་པའི་ལྷག་བསམ་སྙིང་ཁ་རུ་མི་གཤོང་བའི་ཆོད་སེམས་འདི་དག ཐོས་ན་སེམས་པ་སྤྲོ་ཞིང་། བསམ་ན་སེམས་འགུལ་གྱི་མིག་ཆུ་བཞུར་འོང་གི་འདུག ཐུགས་རྗེ་ཆེ། རླབས་ཆེན་གྱི་བཤེས་གཉེན། ཁྱེད་ཀྱི་སྐུ་ཚེ་ཇོ་མོ་གླང་མ་ལྟར་བརྟན་ཞིང་། ཁྱེད་ཀྱི་མཛད་ཕྲིན་ཡར་ཀླུང་གཙང་པོ་བཞིན་རྒྱས་ཤོག

ཁྱེད་ཀྱི་ལྷག་བསམ་གྱིས། འཚོ་བ་ལ་འོད་སྣང་མཆེད་པར་ཤོག ཁྱེད་ཀྱི་སྙིང་སྟོབས་ཀྱིས། ཚེ་སྲོག་ལ་འབྲས་བུ་སྨིན་པར་ཤོག །


སློབ་ཆེན་པའི་ལེགས་སྐྱེས།

ནད་ངན་དེ་འཇིགས་དྲག་པས། མང་ཚོགས་ཚོ་རྨོངས་དྲག་པས། ངས་ཁྱེད་ཚོ་ལ་དྲན་བསྐུལ་ཐོག་མ་དེ་མི་གཏོང་ཀ་མེད་བྱུང་། ད་ལྟ་ང་ཚོ་དཔུང་བརྡང་གཅིག་བསྒྲིལ་གྱིས། ཨེ་འགོག་ཤེས་བྱ་ལ་སློབ་སྦྱོང་ནན་མོས། བོད་ཁུལ་གྱི་གྲོང་ཚོ་ཁ་ཤས་ལ་དངོས་སུ་དྲིལ་བསྒྲགས་ཀྱི་ཟིན་ཐོ་བཏོད་ཟིན། མ་གཞི་ཁྱེད་ཚོ་སླེབས་མྱོང་བའི་གྲོང་ཚོ་མང་པོ་མིན་མོད། ཨེ་ཛེའི་ནད་དུག་གི་ལག་འོག་ནས་མི་རིགས་གསོད་ལ་ཉེ་བའི་ཛ་དྲག་གི་དུས་སྐབས་འདི་འདྲར། ཤེས་ཡོན་པའི་མིང་སྐམ་གྱིས་སྦོས་ནས་དོན་དངོས་ཀྱི་ལག་ལེན་དབུལ་བའི་སྟོང་བཤད་པ་དེ་ཚོ་དང་མི་འདྲ།

གཞན་དོན་ཁ་རྒྱན་དུ་འཁྱེར་ནས་རང་དོན་སྙིང་དཀྱིལ་དུ་བསྒོམ་མཁན་དེ་ཚོ་དང་མི་གཅིག ད་དུང་། ཁོ་ཚོ་ལས་ང་ཚོ་ནུས་པ་ཆེ་ཟེར་ནས་ནུས་ཤུགས་ཀྱི་སྤུ་རྩེ་ཙམ་ཡང་འགུལ་མ་མྱོང་བའི་འུད་ཤོབ་པ་དེ་ཚོ་དང་དེ་བས་མི་མཚུངས། དེ་ལས་ལྡོག་སྟེ། ཁྱོད་ཚོ་ནི་ཚེ་སྲོག་གི་དྲན་བསྐུལ་པ་སྟེ། ཀུན་གྱི་མིག་དཔེར་འོས་པའི་བོད་ཁུལ་དུ་ཨེ་འགོག་གཤམ་བསྐྱོད་བྱེད་མཁན་གྱི་སློབ་མའི་དཔུང་ཚོགས་དང་པོ་དེ་རེད། ཁྱོད་ཚོའི་ལས་ཀ་ལ་དོན་སྙིང་ཡོད་མེད་མི་གཞན་གྱི་གདེང་འཇོག་ལ་ལྟོས་མི་དགོས། མི་རེ་རེའི་ཚེ་སྲོག་གི་རིན་ཐང་ལ་མནོ་བསམ་ཞིག་གྱིས་དང་དེ་ཀས་ཤེས་ཐུབ། གཏམ་དྲང་མོ་ཞིག་བཤད་ན། ཁྱོད་ཚོའི་ལས་ཀ་དེ་རང་གཞན་གཉིས་ཕན་རེད། མི་ཆོས་གཙང་མ་རེད། དམ་པའི་ལྷ་ཆོས་རེད།

ཁྱོད་ཚོས་བསྐྱོད་ཟིན་པའི་གྲོང་ཚོ་རེ་འགར་ངས་ད་ལྟ་བཅར་འདྲི་བསྐྱར་མ་ཞིག་བྱེད་བཞིན་ཡོད། གྲོང་མི་རྒན་གཞོན་བར་གསུམ་གྱི་བསམ་ཚུལ་ལ་ཉན་རྗེས། སྨྲ་མི་ཤེས་པའི་སེམས་ཚོར་ཞིག་གིས། ངས་སླར་ཡང་ཁྱོད་ཚོར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གང་ལགས་ཞེ་ན། སྔོན་ཆད་ཨེ་ཛེ་ཞེས་པ་མིག་གིས་མཐོང་མ་མྱོང་ཞིང་རྣ་བས་ཐོས་མ་མྱོང་བའི་སྤུན་ཟླ་མང་པོས། ད་ལྟ་ནད་དུག་དེའི་ངོ་བོ་ཤེས་ཤིང་ཉེན་ཁ་རྟོགས་འདུག ད་དུང་རྒན་པོ་རྒན་མོ་ཡིག་རྨོངས་པ་དུ་མས་ཀྱང་ཨེ་ཛེ་ཞེས་པའི་དབྱིན་ཇིའི་ཐ་སྙད་དྭངས་མ་དེ་སྨྲ་ཞིང་། ཕར་ལ་བཤད་ཀྱང་གསལ་ཐག་ཆོད་པོས་གོ་ཐུབ་ཤག་ཤག་ཡིན། ད་ལྟ་ཕ་ཡུལ་གྱི་མང་ཚོགས་ཚོའི་འཇིགས་སྣང་དང་བག་ཟོན་གྱི་རྣམ་འགྱུར་དེས། ཕ་ཡུལ་འབྱོར་ཕྱུག་གི་སྔོན་རྟགས་བསྟན་གྱིན་འདུག མི་རིགས་ཡུན་གནས་ཀྱི་རྨང་རྡོ་རྩིག་གིན་འདུག འཚོ་བ་དྲོ་སྐྱིད་ཀྱི་རྟེན་འབྲེལ་བསྒྲིག་གིན་འདུག ཚེ་སྲོག་དྲི་མེད་ཀྱི་དར་དཀར་སྐྱོང་གིན་འདུག

བརྗེད་མི་རུང་ཨང་། ཁྱོད་ཚོའི་ལྷག་བསམ། དོར་མི་རུང་ཨང་། ཁྱོད་ཚོའི་ཆོད་སེམས། ནུབ་མི་རུང་ཨང་། ཁྱོད་ཚོའི་སྙིང་སྟོབས། ཟུངས་ཁྲག་ནམ་རྒྱུགས་ཀྱི་བར་དུ། གནམ་ས་ནམ་གནས་ཀྱི་བར་དུ།

རིན་ཐང་བྲལ་བའི་ཚེ་སྲོག་འདི་ཁོ་ནའི་ཆེད་དུ།

༢༠༡༤ལོའི་སྐབས་གཉིས་པའི་ན་གཞོན་ཨེ་འགོག་གཤམ་བསྐྱོད་ལེགས་གྲུབ་བྱུང་རྗེས་སུ་བྲིས།

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s