བོད་དང་དབྱར་རྩྭ་དགུན་འབུ།

མི་ཁོམ་པའི་རྒྱལ་སྲས།

        འཛམ་གླིང་ཧྲིལ་བོ་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་འཛུགས་སྐྲུན། ཆ་འཕྲིན་དུས་རབས་ཀྱི་བཙིར་ཡོང་དུས་ང་ཚོ་མགོ་ནག་བོད་པ་ཚང་གི་སེར་སྐྱ་ཕོ་མོ་རྒན་གཞོན་སུ་ལའང་འདིས་གནོན་ཤུགས་དང་བག་ཆགས་མི་འཇོག་མི་སྲིད་སྟེ་རང་རང་གི་ལྟོ་གོས་ཀྱི་ཕྱིར་དུ་ཐུབ་ཚོད་ནུས་ཚོད་ཀྱིས་ལས་ཀ་ཙག་ཙིག་རེ་སྒྲུབ་པའི་ལམ་ཁ་རེ་ཅིས་ཀྱང་ཡོད་ངེས་རེད།  མི་རེའི་འཇོན་ཐང་གི་ཁྱད་པར་དག་ལས་རང་གི་གཉེར་བྱའི་ལས་ཀའང་རིགས་མི་འདྲ་བ་མང་དུ་བྱུང་ཡོད། འོན་ཀྱང་དེང་སང་རང་རེའི་རོང་འབྲོག་ས་ཁུལ་གྱི་གཞི་རིམ་མང་ཚོགས་ཀ་ཁའི་མགོ་རྔ་མི་ཤེས་མཁན་སུས་ཀྱང་དཔལ་འབྱོར་གོང་སྤེལ་གྱི་ལམ་ཁ་༼མཐར་གཏུགས་ན་སྒོར་མོ་བཙལ་ཐབས༽ཡག་ཤོས་ཤིག་ཡོད་པ་ནི་ལོ་རེའི་ཧོར་ཟླ་གསུམ་པའི་ཟླ་དཀྱིལ་ནས་འགོ་བཙུགས་ཏེ་ཟླ་ངོ་གསུམ་ལྷག་གི་རིང་ལ་མགོ་ལོག་དང་ཡུལ་ཤུལ། རྩི་གོར་ཐང་ངམ་དར་མཚོ་སོགས་སུ་སོང་དེ་དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་དེར་ངོས་འཛིན་གྱིན་ཡོད་པ་རེད། རྒྱུ་མཚན་ནི་ད་བར་དུ་གཞི་རིམ་མང་ཚོགས་ཚོར་མཚོན་ན་ལོ་གཅིག་གི་ཡོང་འབབ་ནི་སྒོར་རྐྱང་ཁྲི་ཚོ་འགའ་རེའི་ཡན་ཆོད་དུ་བུད་མྱོང་མེད་པས་ཟླ་ངོ་གསུམ་ལྷག་གི་རིང་ལ་དབྱར་རྩྭ་དགུན་འབུ་བརྐོས་ན་མ་ཐ་ཡང་མི་རེར་ཡོང་འབབ་སྒོར་ཁྲི་ལྷག་རེག་གི་ཡོད་པ་འདིས་རོང་འབྲོག་མང་ཚོགས་ཀྱི་ཕོ་མོ་རྒན་གཞོན་སུ་ལའང་བྲེལ་ཤ་ལངས་སུ་བཅུག་ཡོད་པ་མ་ཟད་འབྲོག་ཕྱོགས་སུ་ཆེད་དུ་སློབ་གྲྭའི་སློབ་མ་རྣམས་ལ་ཟླ་ངོ་གསུམ་ལྷག་ལ་གནང་བ་བྱིན་དེ་རི་མགོར་མངགས་ཀྱིན་ཡོད་པ་རེད།༼གལ་ཏེ་དགེ་རྒན་ཚོས་གནང་བ་མ་བྱིན་ཚེ་སློབ་མའི་ཁྱིམ་བདག་དག་གིས་དགེ་རྒན་དང་སློབ་གྲྭ་ལ་ངོ་རྒོལ་བྱས་ཏེ་བྱིས་པ་ཚོ་སློབ་གྲྭར་གཏོང་གི་མ་རེད། ༽འདི་ནི་དམིགས་གསལ་ས་ཁུལ་ནས་དམིགས་གསལ་སློབ་གསོའི་བྱ་བ་སྒྲུབ་ཚུལ་ཡིན་ལོས་ཆེ།


དབྱར་རྩྭའི་ཡོང་འབབ་ཀྱི་ངོས་གཞན་ཞིག

   རོང་འབྲོག་གི་ཕོ་མོ་རྒན་གཞོན་ཕལ་ཆེར་འདི་ལྟར་ཟླ་ངོ་གསུམ་ལྷག་ལ་གོག་ནུར་གྱིས་ལུས་ཟད་མིག་བསྐྲང་གིས་དབྱར་རྩྭ་དགུན་འབུའི་སྟེང་དུ་ཧུར་ཐག་འབད་ཐག་བྱས་ཏེ་བརྐོས་ཡོང་བའི་དབྱར་རྩྭ་རྣམས་བདག་གཉེར་དང་ཚགས་ཆུད་དང་དོ་དམ་ལེགས་པོ་བྱས་ཏེ་ཟི་ལིང་དུ་ཐོན་དུས་ཡོད་ཚད་ཀྱི་ལུས་རིད་ཅིང་ངོ་མདོག་ཡོངས་སུ་ཤོར་ཡོད་ནའང་དབྱར་རྩྭ་སྟོང་ཕྲག་ཡོད་པས་སྣང་བ་མཐོན་པོ་དེས་ཞིང་གྲོང་བ་ཚོའི་མི་ཡུལ་གྱི་གྲོང་ཁྱེར་ཆེན་པོ་ཟི་ལིང་བོད་མིའི་ཁྲོམ་གྱི་སྲང་ལམ་དོག་མོ་དེ་ན་འཚང་ཁ་ཤིག་ཤིག་གིས་ཕར་འགྲོ་ཚུར་འོང་གིས་ཉིན་ཞག་འགའ་རེ་བསྐྱལ་གྱིན་ཡོད་པ་མ་ཟད་དབྱར་རྩྭ་བརྒྱ་ཕྲག་འགའ་ཤས་དེ་ག་ན་དབྱར་རྩྭ་བརྐོ་མཁན་བོད་པའི་ཞིང་གྲོང་བ་ཚོར་རེ་སྒུག་གིས་མིག་ཟུང་དང་རྐང་ལག་དག་ལ་བྲེལ་ཤ་ལངས་ཏེ་བོད་སྐད་ད་མ་དིག་བཤད་ཤེས་པའི་རྒྱ་རིགས་དང་ཁ་ཆེ་བ་སྐོར་དང་སྐོར་བྱས་ཏེ་བོད་པ་ཞིང་གྲོང་བ་གཉོམ་ཆུང་ཚོའི་ལག་གི་དབྱར་རྩྭ་རྣམས་ཐབས་བརྒྱ་ཇུས་སྟོང་གཡོ་ལེན་བྱེད་ཀྱིན་པའི་མི་རྐྱང་ངམས་ནག་དེ་དག་ལ་བཙོངས་རྗེས་སྒོར་རྡོག་སྟོང་ཕྲག་རེ་བཟུང་སྟེ་ཟི་ལིང་བོད་མིའི་ཁྲོམ་གྱི་ཟ་ཁང་རྫོབ་པོ་དེ་དག་གི་ནང་ནས་འཐེན་ཐུག་དཀར་ཡོལ་གང་རེ་འཐུང་རྗེས་འབོལ་ཁྲིའི་སྟེང་དུ་གཡས་ལོག་གཡོན་ལོག་གིས་རྡུང་ལེན་འོད་སྡེར་དག་བལྟས་ཡོད་པ་དང་སྣང་བ་སྐྱིད་པོ་རེ་བྱེད་བསམ་ནས་ས་རུབ་པ་དང་འཛམ་གླིང་ན་ཆེས་འཇིགས་ཉེན་ཆེ་བའི་༼ཨེ་ཙིའི་ནད་༽ཟེར་བ་གོ་ཡང་མ་མྱོང་བའི་ཞིང་གྲོང་གི་སྐྱེས་པ་དག་གིས་ལྐོག་མིག་ལིང་ལིང་གིས་སྨད་འཚོང་མ་ཁྱུ་དང་ཁྱུ་ཡོད་སར་རུབ་ཏེ་འཚང་ཁ་ཤིག་ཤིག་གིས་སྨད་འཚོང་ཁང་དུ་ཉུལ་གྱིན་ཡོད་ལ་བུད་མེད་དག་གིས་བོད་མིའི་ཁྲོམ་གྱི་སྲང་ལམ་གཡས་གཡོན་གྱི་ཐང་དུ་བཤམས་ཡོད་པའི་གྱོན་ཆས་རྙིང་རྡུགས་འཚོང་ས་དག་ན་གོན་པ་དང་ཀོ་ལྷམ་རྙིང་བ་དག་ཕར་སློག་ཚུར་སློག་བྱས་བྱས་མཐར་རོ་ཤུན་ལྟ་བུའི་གོས་རྙིང་སྒྱེ་མོ་གང་རེ་ཉོས་ཏེ་ཕ་ཡུལ་དུ་ལོག་འགྲོ


བོད་ལ་དབྱར་རྩྭ་གདོན་ཚུལ།

  དུས་རྒྱུན་དུ་བོད་པ་ཚང་གིས་གཞན་གྱི་མི་གཙང་བ་ཁྱིམ་དུ་ཁྱེར་ཡོང་ན་ཁྱིམ་གྱི་སྲུང་མར་མནོལ་གྲིབ་ཤོར་འགྲོ་གལ་ཏེ་མི་གཙང་མནོལ་གྲིབ་ཤོར་ན་ཁྱིམ་ཚང་དེར་ཕར་ཞོག་ཡུལ་ཕྱོགས་དེར་ཆག་ཆེ་ཉམ་ང་སླེབས་འོངས་ཚུལ་བཤད་མོད་ཟི་ལིང་གི་སྨད་འཚོང་ཡུགས་ས་མ་དག་ལ་ཤ་འབྲེལ་ལུས་འབྲེལ་བྱས་ཏེ་ཁྱིམ་དུ་ཐོན་ན་ཅང་ཡང་མི་སྐྱོན་པ་གང་རེད་དང་། གཞན་གྱི་རོ་ཤུན་མཛེ་ཤུན་དག་སྒྱེ་མོ་གང་རེ་ཁྱིམ་གྱི་ཡ་ཕུག་གི་སྒམ་ནང་དུ་བཅུག་བཞག་ནའང་གྲགས་འགུལ་ཅི་ཡང་མེད་དོན་གང་རེད།  ནད་རིགས་བཞི་བརྒྱ་རྩ་བཞི་འགོས་ན་སྐྱེས་པ་དེ་དག་དང་གདོན་རིགས་སུམ་བརྒྱ་དྲུག་ཅུ་རྗེས་ལ་འབྲངས་ན་བུད་མེད་དེ་དག་གི་གདོན་རྫས་དག་གི་རྗེས་ལ་འབྲངས་ཏེ་གདོན་ཆོག་མོད་སྲུང་མ་དག་གིས་ཀྱང་ཁྱིམ་གྱི་ཡ་ཕུག་ན་ཕྱི་ཡི་ནད་གདོན་རང་ཁྱིམ་དུ་གཡབ་མོ་བྱེད་པ་ཇི་བཞིན་ཁྱོད་ཚོ་ལ་ནད་ཡམས་གང་ཡང་མི་འབྱུང་བ་ཡ་མཚན་ཆེ། ཐ་ན་ལྷ་མོ་རྩིས་གསུམ་གྱི་མགོ་བསྐོར་གཏོང་མཁན་དེ་དག་གིས་ཀྱང་གདོན་རྫས་ངོ་མ་གདོན་དུ་མ་བབས་པ་ནི་གཞི་རིམ་མང་ཚོགས་དེ་ཚོར་གདོན་རྫས་ལོངས་སུ་སྤྱོད་པའི་སྐལ་བ་ཡོད་པ་ལོས་ཡིན།


དབྱར་རྩྭའི་རིན་ཐང་མི་ཤེས་པའི་བོད།

  བརྒྱ་ལ་འབུ་བརྐོ་མང་ཚོགས་དག་བདེ་བླག་ངང་ཕ་ཡུལ་དུ་ཐོན་པའི་དབང་དུ་བཏང་ནའང་ཤི་གསོག་རོ་གསོག་བྱས་པའི་དབྱར་རྩྭ་རྣམས་གཞན་དུ་བཙོངས་རྒྱུ་ནི་ཁོ་ཚོར་མཚོན་ན་ཤིན་ཏུ་ནས་དཀའ་ཁག་ཆགས་བསྡད་ཡོད་པ་རེད། གཅིག་ན་ཚོང་ལས་ཀྱི་ཉམས་མྱོང་མེད་པ་དང་གཉིས་ན་རྒྱལ་སྤྱིའི་ཚོང་རྭའི་སྒང་གི་རིན་གོང་སོགས་ག་འདྲ་ཡིན་པ་ཤེས་མཁན་མེད་ལ་གསུམ་ན་ཟི་ལིང་གྲོང་ཁྱེར་ཆུང་ཆུང་འདི་ལས་རྒྱལ་ནང་གི་གྲོང་ཁྱེར་དག་ལ་ཉུལ་ནས་ཉོ་འཚོང་བྱེད་ཐུབ་མཁན་དེ་བས་ཀྱང་མེད་པས་ཟི་ལིང་གི་གཡོ་ཚོང་བ་རྒྱ་དང་ཁ་ཆེ་ད་དུང་བོད་པའི་མི་རྐྱང་ཧམ་ཅན་སྐོར་ཞིག་བརྒྱུད་མར་༼ཁྱི་སྤྱང་ངན་འབྲེལ་༽བྱས་ཏེ་ཉོ་སྡུད་བྱེད་ཀྱིན་པ་དག་ལ་མི་སྤྲོད་ཐབས་མེད་བྱུང་ཡོད་པ་རེད།

སྤྱིར་ན་དབྱར་རྩྭ་འགུན་འབུ་ནི་བོད་མདོ་འབུས་མཐོ་སྒང་ན་མ་གཏོགས་མེད་པས་རང་བྱུང་གི་རྩྭ་སྨན་རྩ་ཆེན་ཞིག་ཡིན་པར་རྒྱལ་ཁབ་ཕྱི་ནང་གི་མི་ཚང་མས་ཁས་ལེན་ཡིད་ཆེས་བྱེད་ཀྱིན་ཡོད་པ་མ་ཟད་མི་སྒེར་སོ་སོའི་སྨན་རྫས་གཞན་གང་གིས་ཀྱང་བསྲེས་ལྷད་མ་བྱས་པར་ཆང་གིས་སྦངས་ཏེ་འཐུང་ན་ནད་བརྒྱ་སྨན་གཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་མོད་ཡིད་ཕངས་པ་ཞིག་ལ་མང་ཚོགས་ཚོའི་ལག་གི་དབྱར་རྩྭ་དག་ལ་རིན་གོང་འཕར་ཐབས་མི་འདུག་པ་གང་ཡིན་ནམ།  ས་ཆའི་མཐོ་དམན་གྱི་ཡིན་ནམ་དབྱར་རྩྭའི་ལྕི་ཡང་དང་སྦོམ་ཕྲ། ཁ་དོག་སོགས་མི་འདྲ་བའི་དབང་གིས་དབྱར་རྩྭའི་རིན་གོང་གི་མཐོ་དམན་ཡང་འདྲ་གི་མ་རེད།  ང་ཚོས་ཉེ་ལམ་བཙོངས་ཀྱིན་པ་དག་གི་རིན་གོང་ནི་རྒྱ་མ་གང་༼དབྱར་རྩྭ་སྟོང་གཉིས་ཡས་མས་༽ལ་སྒོར་ཁྲི་གསུམ་དང་སྟོང་བརྒྱད་ནས་བཞི་ཁྲི་ལྔ་སྟོང་གི་གཡས་གཡོན་ནས་མ་གཏོགས་བཙོངས་ཐུབ་ཀི་མེད།འདི་ནས་ཤེས་ཡོང་བ་ནི་རང་ཡུལ་ན་ཡོད་པའི་སྨན་རྩྭ་དང་གཏར་ཁ་དག་གི་རིན་ཐང་ང་ཚོ་རང་ཉིད་ཀྱིས་རྟོགས་ཀྱི་མེད་པ་དང་ལྷག་པར་ང་ཚོར་ ཆེད་མཁས་པ་མེད་པས་ལན་པ་རེད།


བོད་ཀྱི་དབྱར་རྩྭའི་རིན་ཐང་གླེང་བ།

   གལ་ཏེ་ང་ཚོ་བོད་རང་ལ་ཆེད་མཁས་པ་མང་པོ་ཞིག་ཡོད་རྒྱུ་ན་རིན་ཐང་ལྡན་པའི་རྩྭ་སྨན་འདི་འདྲ་ཟི་ལིང་གི་འཁྱམ་པོ་འགའི་ལག་ཏུ་སྤྲོད་དགོས་མི་འདུག་སྙམ། སྐབས་ཤིག་ལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དབྱར་རྩྭ་དགུན་འབུའི་ཕན་ནུས་གླེང་སྐབས་དབྱར་རྩྭ་གཅིག་དང་ཤ་མོ་གཅིག་ལས་ཤ་མོ་༼ལུད་ནང་དུ་སྐྱེ་བས་གཅིན་ཤའང་ཟེར། ༽གཅིག་ཟོས་ན་ལུས་ལ་ཕན་ཚུལ་གླེང་གིན་འདུག འདི་ནི་སྐྱུག་བྲོ་བའི་སྐད་ཆ་ཞིག་ཡིནའང་སྐད་ཆ་འདིས་མང་ཚོགས་ཀྱི་ཡོང་འབབ་རྩ་དགག་བྱེད་པའི་དམིགས་ཡུལ་དང་ཀུན་སློང་ངན་པ་གང་ཡིན་ཡང་སྐབས་དེ་ནས་མང་ཚོགས་ཀྱི་ཡོང་སྒོར་འགོག་རྐྱེན་ངན་པ་བཟོས་སོང་། ཀུ་རེ་དང་བཅས་བཤད་ན།  ང་ཚོས་འཚོང་ལས་ཀྱི་གྲུ་ཁ་གཙོ་བོ་ནི་ཟི་ལིང་ཡིན་པས་ཟི་ལིང་གི་ཚོང་བ་གཉོམ་ཆུང་དག་གིས་རིན་གོང་མ་བྱིན་ཚེ་ང་ཚོས་ཀྱང་ཐབས་གཞན་བཙལ་གྱི་ཡོད་པ་མ་རེད། དྲ་རྒྱའི་ནང་དུ་དབྱར་རྩྭའི་རིན་གོང་དང་རིན་ཐང་། ཕན་ཡོན། ནུས་པ། བསྟེན་ཚུལ། བདག་གཉེར་བྱེད་ཚུལ་ལ་སོགས་པའི་ཡིག་ཆ་རབས་དང་རིམ་པ་མང་པོ་ཡོད་ནའང་བོད་ཀྱི་ཤེས་ཡོན་པ་ཚོས་འདི་དག་བོད་ཡིག་ཏུ་བསྒྱུར་བའམ་ཡང་ན་དྲ་རྒྱའི་སྒང་གི་གནས་ཚུལ་དག་མང་ཚོགས་དག་ལ་ཁྱབ་བསྒྲགས་བྱེད་པའི་བསམ་བློ་མེད་པ་འདིའང་རང་མི་རང་ལ་ཤ་མ་ཚ་བའི་རྟགས་རེད་སྙམ།


བོད་ཀྱི་ཤེས་ཡོན་པ་ཚོར་འགན་འཁྲི་ཨེ་ཡོད།

བོད་པའི་ཤེས་ཡོན་པ་ཚོའི་ཁྲོད་དུའང་འདིའི་ཐད་དུ་ཐབས་ཤེས་དང་ཉམས་མྱོང་བཤད་མཁན་ཡང་མེད་ལ་གནས་སྐབས་གང་དུ་དབྱར་རྩྭའི་རིན་གོང་ག་འདྲ་ཡིན་པའི་གནས་ཚུལ་སྒྲོགས་མཁན་ཡང་གཅིག་ཀྱང་མི་འདུག འདི་ནི་མདོར་དེད་ན་མང་ཚོགས་ལ་སྲི་ཞུ་སྒྲུབ་པའི་ཆེད་དུ་གོ་ཆོག་མོད་ཁ་བཤད་ལ་མཁས་པ་ཚོས་ད་དུང་མང་ཚོགས་མིག་ལ་མ་རན་པར་བསྡད་འདུག རྒྱུན་དུ་མཚོ་སྔོན་བོད་སྐད་རླུང་བརྙན་འཕྲིན་དག་གིས་གཞན་གྱི་ཁ་པར་དང་བཏུང་ ཆུ་སོགས་ལ་བསྟོད་པ་དགུ་བརྩེགས་འཐེན་དེ་ཡང་ཡང་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་མོད་བོད་མདོ་དབུས་མཐོ་སྒང་གི་རང་བྱུང་རྩྭ་སྨན་ཁྱད་འཕགས་འདི་འདྲའི་ཟུར་ཙམ་ཡང་གླེང་ཁོམ་མེད་པ་འདིའང་ཁོ་ཚོ་དང་བོད་ཀྱི་ཤེས་ཡོན་པ་ཚོ་བོད་གཞི་རིམ་མང་ཚོགས་དང་ཉེ་བཅར་བྱེད་མ་ཐུབ་པས་གཏན་ཚིགས་རེད་དོ། མཚམས་འདིར་བསམ་ཞིང་བསམ་ན་གཞི་རིམ་མང་ཚོགས་ནི་གཞི་རིམ་ནས་ནར་སོན་ཞིང་གཞི་རིམ་ནས་ཤི་རྒྱུ་ལས་ཐབས་མེད་པ་དེའོ།

 

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s