ཨ་རིའི་ཧོ་ལེ་ཝུ་ཌི་གློག་བརྙན་བཟོ་སྐྲུན་ཁང་གིས་ཨ་སྒོར་དུང་ཕྱུར་ལྔ་ལྷག་བཏོན་ནས་<<བོད་ཁུལ་གྱི་གསང་གྲངས>> ཞེས་པའི་བརྩམས་སྒྲུང་“རིག་གནས་མྱུལ་ཞིབ”་ཀྱི་གློག་བརྙན་ཆེན་པོ་ཞིག་ཏུ་ཕབ་འཆཪ་ཡོད་འདུག

 རྒྱ་རིགས་རྩོམ་པ་པོ་ཧི་མཱ་ཡིས་བརྩམས་པའི་བོད་དང་བོད་ཀྱི་རིག་གནས་རྒྱབ་ལྗོངས་འོག་བཞེངས་འབྲི་བྱས་པའི་ཉུལ་ཞིབ་ཀྱི་སྒྲུང་གཏམ་རིང་མོ། མི་སྟོང་ཕྲག་ཡར་སྔོན་གྱི་བོད་ཀྱི་གསང་བའི་ལོ་རྒྱུས་དང་། བོད་ཀྱི་ལོ་རྒྱུས་ཀྱི་ཤུལ་དུ་ལུས་པའི་གནད་དོན་བརྗོད་བྱར་བྱས་པའི་<<བོད་ཁུལ་གྱི་གསང་ཨང་>> ཞེས་པ་དེ། ཨ་རིའི་ཧོ་ལེ་ཝུ་ཌི་(Hollywood) གློག་བརྙན་འཁྲབ་སྟོན་ཁང་དང་གན་རྒྱ་བཞག་སྟེ་ལོ་གཅིག་ཙམ་སོང་ཡོད་པ་མ་ཟད། ད་ལོའི་ཕྱི་ཟླ་༧ པའི་ནང་གློག་བརྙན་གྱི་འཁྲབ་གཞུང་ཡོངས་སུ་ཚར་ཏེ། ལོ་རྗེས་མའི་ཕྱི་ཟླ་༤ པའི་ནང་དངོས་སུ་གློག་བརྙན་འཁྲབ་འགོ་རྩོམ་རྒྱུ་ཡིན་པ་དང་། ཕྱི་ལོ་༢༠༡༦ ལོའི་ལོ་མཇུག་ཏུ་འཁྲབ་ཐེངས་དང་པོ་འགྲེམ་སྤེལ་བྱ་རྒྱུ་ཡིན་འདུག

<<བོད་ཡུལ་གྱི་གསང་གྲངས>> ཞེས་པའི་པོད་ཆ་ཚང་ལ་ཁྱོན་དེབ་ཕྲེང་བཅུ་ཡོད་ཅིང་། སྒྲུང་རིང་དེའི་གཙོ་གནད་ཡིག་འབྲུ་ཁྲི་ལྔ་ལྷག་དབྱིན་ཡིག་ཏུ་བསྒྱུར་ཏེ་གློག་བརྙན་འཕྲིན་བཟོ་སྐྲུན་ཁང་སྤྲད་ཡོད་པ་དང་། མིག་སྔར་<<བོད་ཡུལ་གྱི་གསང་གྲངས>>་ཞེས་པའི་བརྩམས་ཆོས་དེ་གློག་བརྙན་དུ་རྩོམ་སྒྲིག་གི་འགྲོ་གྲོན་ཨ་སྒོར་འབུམ་གསུམ་ལྷག་ཡིན་འདུག གློག་བརྙན་བཟོ་གྲྭའི་འབྲེལ་ཡོད་འགན་ཁུར་པས་བརྗོད་པ་ལྟར་ན། <<བོད་ཡུལ་གྱི་གསང་གྲངས>>་ཞེས་པའི་བརྩམས་དེབ་དེ་གློག་བརྙན་དུ་ཕབ་སྐྲུན་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ནི། གཏིང་ཟབ་པའི་ཤར་ཕྱོགས་རིག་གནས་དང་བྱེ་བྲག་བོད་ཀྱི་རིག་གནས་ལས་འཕྲོས་ཏེ། གོ་ལ་ཧྲིལ་པོའི་བོད་ཀྱི་གློག་བརྙན་ལ་དགའ་མོས་ཡོད་པའི་མི་རྣམས་ཀྱི་སེམས་ལ་བོད་ཡུལ་དེ། སྔར་ལས་ཡ་མཚར་བའི་ཡུལ་གྲུ་ཞིག་ཏུ་ངོས་འཛིན་པའི་སྣང་བརྙན་ཇེ་ཟབ་ཏུ་གཏོང་རྒྱུའི་ཆེད་ཡིན་ཟེར།

དེ་བཞིན་གནས་ཚུལ་ནང་ཐོན་པར་གཞིགས་ན། སྤྱིར་ད་ལྟའི་ཆར་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ད་དུང་གཏན་ཁེལ་བྱས་མེད་ཀྱང་། གློག་བརྙན་འཁྲབ་སྟོན་པའི་མིང་ཐོ་ཞིག་བརྒྱུད་ལམ་ཁག་ཏུ་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། འཁྲབ་སྟོན་པ་དང་འཁྲབ་ཁྲིད་པའི་འོས་མི་དང་མིང་རྟགས་བཀོད་མེད་པ་ཙམ་ལས་གཞི་རྩའི་ཆ་ནས་འོས་མི་གོ་སྒྲིག་ལེགས་པར་གྲུབ་ཟིན་པའི་ཁྲོད། ཧོ་ལེ་ཝུ་ཌི་ཡི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཌན་ཇོན་ཧ་སོན་(Dwayne Johnson) དང་ཌེ་ཝེ་ཌི་བྷེལ། (David Bell) ཝི་ལེམ་ཌེ་ཧྥོ།(Willem Dafoe) བྷིའུ་གྷི་རེ་སི་(Bear Grylls) སོགས་དང་། རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་གྲགས་ཅན་ཇེ་ཌི་ལི་(Jet Li) དང་ཀྲན་ཙི་ཏེ། (Donnie Yen) ལི་པི་པི།(Li Bingbing) ཧོང་ཞའོ་མེན།(Huang Xiaoming) ལུའུ་དབྱི་ཧྥན།(Liu Yifei) གུ་ཐའེ་ལི།(Louis Koo) ཐཱང་ཏ་ཝན།(Tong Dawei) ཧཱང་ཆུག་ཧྲན།(Anthony Wong) སོགས་ཡོད་པ་རེད།

ཁྱོན་ཡིག་འབྲུ་ཁྲི་༡༢༠ ཙམ་ལས་གྲུབ་པའི་<<བོད་ཁུལ་གྱི་གསང་གྲངས་>> ཞེས་པའི་བརྩམས་སྒྲུང་རིང་མོ་དེ་ནི་སི་ཁྲོན་གྱི་རྒྱ་རིགས་རྩོམ་པ་པོ་ཧི་མཱ་ཡིས་བོད་དུ་ལོ་༡༠ ཙམ་རིང་འཚོ་སྡོད་བྱས་པའི་མྱོང་ཚོར་གཞིར་བཟུང་སྟེ། བོད་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་གསང་བའི་ལོ་རྒྱུས་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་ཤུལ་སྐོར་གྱི་བྱུང་རིམ་ཞིབ་ཕྲ་འཁོད་ཅིང་། མི་སྣའི་གཟུགས་བརྙན་གྱི་རྣམ་པ་ཞིབ་འབྲི་བྱས་པའི་བརྩམས་སྒྲུང་རིང་མོ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༠༨ ལོར་ཁྲུང་ཆིང་དུ་དཔར་ཐེངས་པོ་པར་དུ་བཏབས་ཏེ་སྔ་ཕྱིར་ཐེངས་བཅུ་ཙམ་པར་སྐྲུན་བྱས་པའི་ཡོང་འབོར་ལ། རྩོམ་པ་པོར་རྒྱ་སྒོར་ཁྲི་བརྒྱ་ལྷག་གིས་ཁེ་བཟང་རག་ཡོད་འདུག་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་ཏུ་བོད་ཀྱི་རིག་གནས་དང་འབྲེལ་བའི་དཔེ་དེབ་རྒྱུགས་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

ཡོང་ཁུངས་བོད་ཀྱི་བང་ཆེན།

དཔྱད་མཆན་སྤེལ།

%d bloggers like this: