ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སེམས་དང་སྲོག་གི་ཤེས་ཡོན་སློབ་གཉེར་ཁང་གིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་སྒོམ་སྒྲུབ་ཉམས་ལེན་གྱི་ཞིབ་འཇུག་ཚོགས་འདུའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་གསུང་བཤད་སྩལ་ཡོད་པ་རེད། 

         དེ་ཡང་སེམས་དང་སྲོག་གི་ཤེས་ཡོན་སློབ་གཉེར་ཁང་གིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་སྒོམ་སྒྲུབ་ཉམས་ལེན་གྱི་ཞིབ་འཇུག་ཚོགས་འདུ་འདིའི་ནང་རྒྱལ་ཁབ་ ༢༣ ནས་སླེབས་པའི་ཚན་རིག་པ་དང་། ཆོས་ལུགས་པ་སོགས་ཁྱོན་བསྡོམས་མི་གྲངས་ ༡༧༠༠ ཙམ་མཉམ་ཞུགས་བྱས་ཡོད་པ་དང་།   སྐབས་དེར་འཛམ་གླིང་ནང་སྙན་གྲགས་ཆེ་བ་ཨ་རིའི་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭའི་University of Wisconsin–Madison ཀླད་རྩ་དང་སེམས་ཁམས་རིག་པའི་མཁས་དབང་རི་ཆར་ཌ་ཌེ་ཝེ་ཌ་སོན་Dr Richard Davidson  ལགས་ཀྱིས་ཐོག་མའི་ངོ་སྤྲོད་གནང་གསུང་བཤད་གནང་ཡོད་པ་རེད། ལོ་ངོ་ ༢༧ སྔོན་༧གོང་ས་མཆོག་དང་ལྷན་དུ་ཚན་རིག་གི་ཚོགས་འདུའི་སྐབས་རི་ཆར་ཌ་ཌེ་ཝེ་ཌ་སོན་Richard Davidsonདང་།  སྒྲན་ནེལ་སྒོལ་མན། Daniel Goleman   ཧྥ་རན་སེ་སུ་ཁོ་ཝར་རལ་ Francisco Varela སོགས་ཚན་རིག་པ་ཉུང་ཤས་ཤིག་ལས་མེད་པ་དང་། དེ་རྗེས་སེམས་དང་སྲོག་གི་ཤེས་ཡོན་སློབ་གཉེར་ཁང་གསར་འཛུགས་གནང་བ་དང་། ད་ཆ་སྒྲིག་འཛུགས་འདིའི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་ཐབས་ཀྱི་ལས་གཞི་སྤེལ་མུས་ཡིན་པ་རེད།  རྒྱལ་སྤྱིའི་སྒོམ་སྒྲུབ་ཉམས་ལེན་གྱི་ཞིབ་འཇུག་ཚོགས་འདུ་འདི་ནི་ཚོགས་ཐེངས་གཉིས་པ་ཡིན་པ་དང་། ཐེངས་འདིའི་ཚོགས་བཅར་བ་ཐེངས་སྔོན་མ་ལས་ལྡབ་གཅིག་གིས་མང་བ་ཡོད་པ་རེད།

    དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་སྩལ་དོན།  གྲོགས་པོ་རྙིང་པ་དང་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ལགས། ངོས་རང་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོད་པ་དང་གཅིག་མཚུངས་རང་གི་བདེ་སྐྱིད་དེ་གཞན་ལ་རྟེན་ནས་ཡོང་གི་ཡོད་པར་ཡིད་ཆེས་བྱེད་མཁན་གྱི་མི་ཞིག་ཡིན། ང་རང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གནས་ཡོད། དེར་བརྟེན་ང་རང་ཚོ་མིས་བཟོས་པའི་དཀའ་མིས་སེལ་ཐུབ། དཀའ་ངལ་མང་དག་ཅིག་ང་ཚོ་དང་ཁོང་ཚོ་ཞེས་རིས་གཅོད་འདུ་ཤེས་ཀྱིས་གཞན་གྱི་སྲོག་ཚུན་ཆད་རྩིས་མེད་བཏང་སྟེ་ཡོང་གི་ཡོད། 

    ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས། ཎ་ལེནྜའི་ཆོས་བརྒྱུད་འདི་བཅོམ་ལྡན་འདས་ཀྱི་བཀའ་ལ་དད་པ་ཙམ་གྱི་རྗེས་སུ་

འབྲངས་པ་མ་ཡིན་པར་ཞིབ་འཇུག་བརྟག་དཔྱད་ཀྱི་རིམ་པ་བརྒྱུད་དེ་རྗེས་སུ་འབྲངས་མཁན་ཞིག་ཆགས་ཡོད།  རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་ཀྱི་དགོན་སྡེ་ཆེ་ཁག་གི་ནང་དུ་གྲྭ་བཙུན་རྣམས་ཀྱིས་ཀྱང་དངོས་སུ་ཚན་རིག་གི་སློབ་ཚན་བསླབ་རྒྱུའི་ལས་གཞི་མགོ་བཙུགས་ཡོད། འདི་ནི་ངོས་དང་ཚན་རིག་པའི་དབར་ཕྱོགས་གཉིས་ཀར་ཕན་པའི་ཤེས་ཡོན་སྤེལ་རེས་ཀྱི་བགྲོ་གླེང་ལྷུག་པོ་བྱུང་བའི་ཉེར་ལེན་ལ་བསྟེན་ནས་བྱུང་བ་རེད། དེང་སྐབས་ཚན་རིག་གིས་ཀྱང་སེམས་ཞི་བདེ་ཡོད་པ་ཡིན་ན་ལུས་ཀྱི་འཕྲོད་བསྟེན་ལའང་ཕན་གྱི་ཡོད་པ་ར་སྤྲོད་གསལ་པོ་བྱེད་ཐུབ་ཀྱི་ཡོད་པ་རེད། ཚན་རིག་པ་དང་ང་ཚོ་བགྲོ་གླེང་བྱེད་པའི་སྐབས་ལ་ཐར་བ་དང་། སྐྱེ་བ་སྔ་ཕྱི་ལ་སོགས་པའི་སྐད་ཆ་བཤད་ཀྱི་མེད། ཇི་ལྟར་མི་ཚེ་འདི་བདེ་སྐྱིད་ལྡན་པའི་ངང་བསྐྱལ་དགོས་ཀྱི་ཡོད་སྐོར་གྲོས་བསྡུར་བྱེད་ཀྱིན་ཡོད། 

      ཚན་རིག་ཡར་རྒྱས་ལ་བསྟེན་ནས་བྱུང་བའི་འབྲས་པུ་གཅིག་ནི་མིའི་སེམས་རྒྱུད་ལ་འཇིགས་དངངས་སྟེར་བའི་རྡུལ་ཕྲན་མཚོན་ཆའི་རིགས་བཟོས་པ་དེ་ཡིན། ཆོས་ནི་མི་སེམས་ལ་ཞི་བདེ་ཡོང་བ་དང་བྱམས་བརྩེ། དེ་བཞིན་མཐུན་འབྲེལ་ཡོང་བའི་ཆེད་དུ་ཡིན་ཡང་། ཆོས་པ་ཡིན་ཟེར་མཁན་ཁག་གཅིག་གིས་འཛམ་གླིང་ཞི་བདེ་དང་ལྷིང་འཇགས་ཀྱི་ཚབ་ལ་མདའ་དཀྲུགས་ཕུ་དཀྲུགས་བཏང་བའི་ལས་ཀ་སྔར་བྱས་ཡོད་ལ་ད་ལྟའང་ཡོང་བཞིན་པ་རེད། དེར་བརྟེན་འཛམ་གླིང་འདིའི་ནང་སྔར་ལས་ཀྱང་བདེ་སྐྱིད་ཆེ་བ་བསྐྲུན་ཐབས་སུ་ངེས་པར་དུ་བསམ་གཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འཛམ་གླིང་འདིའི་མི་གྲངས་ཐེར་འབུམ་བདུན་གྱི་ནང་ནས་མི་གྲངས་ཐེར་འབུམ་གཅིག་ཆོས་ལ་དོ་སྣང་མེད་མཁན་ཡིན་པས་ཁོ་ཚོས་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ལ་དོ་སྣང་བྱེད་སྲིད། དེར་བརྟེན་འཛམ་གླིང་ལ་ཞབས་འདེགས་ཆེད་ཚན་རིག་དང་སེམས་དོན་མཉམ་རུབ་ཀྱི་ལས་འགུལ་སྤེལ་རྒྱུ་གང་དག་ཡོད་སྐོར་ངོས་རང་ཉན་འདོད་ཡོད། ཅེས་སོགས་བཀའ་སློབ་གསུང་བཤད་སྩལ་བ་དང་། ཚོགས་ཞུགས་པ་རྣམས་ཀྱིས་དགའ་བསུ་ཐལ་མོ་བརྡབ་ཡོད་པ་རེད།

     དེ་རྗེས་ཊོག་ཊར་ཨ་མེ་ཤིས་ཅ་Dr Amishi Jha ལགས་ཀྱིས༧གོང་ས་མཆོག་ཚན་རིག་ལ་དོ་སྣང་ཡོང་བའི་རིམ་པའི་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་དགུང་ལོ་ཆུང་དུས་ནས་གློག་དང་འབྲེལ་བའི་ཚན་རིག་གི་འཕྲུལ་ཆས་ལ་དོ་སྣང་བྱུང་བའི་སྐོར་སོགས་བཀའ་གནང་ཡོད་པ་དང་། སྔ་དྲོ་སེམས་དང་སྲོག་ཤེས་ཡོན་སློབ་གཉེར་ཁང་གི་ Mind and Life Institute གོ་སྒྲིག་ལྟར་བྷོ་སི་ཊོན་མེ་རི་ཡ་ཊ་ཀོབ་ལེ་ Boston Marriott Copley རུ་སྒོམ་སྒྲུབ་ཉམས་ལེན་གྱི་ཉམས་ཞིབ་ཐོག་རྒྱལ་སྤྱིའི་ཚོགས་འདུ་ International Symposium for Contemplative Studies ལེགས་པར་གྲུབ་པ་དང་།  ཉིན་རྒྱབ་༧ཏཱ་ལའི་བླ་མའི་ཡ་རབས་སྤྱོད་བཟང་དང་སེམས་ཀྱི་འགྱུར་བའི་རིན་ཐང་སྦྱོང་བརྡར་ལྟེ་གནས་ The Dalai Lama Centre for Ethics and Transformative Values ཁང་གི་གོ་སྒྲིག་ལྟར་མེ་ས་ཆུས་སུ་འཕྲུལ་རིག་མཐོ་སློབ་ཏུ་MITའཛམ་གླིང་བཟང་ཕྱོགས་སུ་འགྱུར་བ་གཏོང་མཁན་རླབས་ཆེན་མི་སྣའི་ཚོགས་འདུའི་བགྲོ་གླེང་ལ་ལྷན་བཞུགས་གནང་ཡོད་པ་དང། དེ་རྗེས་གཞོན་སྐྱེས་ཚོ་དང་ལྷན་དུ་ད་ལྟ་དང་མ་འོངས་པའི་མདུན་ལམ་དང་རེ་བའི་སྐོར་ལ་ཚོགས་འདུ་བཅས་ཉིན་འདིའི་མཛད་རིམ་ལེགས་པར་མཇུག་སྒྲིལ་ཡོད་པ་རེད།  

ཡོང་ཁུངས་རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

དཔྱད་མཆན་སྤེལ།

%d