ཚའོ་ཁྲང་ཆིན་གྱིས་བརྩམས།     འབྲོག་མྱིས་བསྒྱུར།

     ལོ་བཅོ་ལྔའི་ཡན་ཆད་དེ་ཕྱི་ལོ་༡༩༩༤ལོར། ངས་ <<པེ་ཅིན་གྱི་དཔྱིད་ཁ་>> ཞེས་པའི་དུས་དེབ་སྟེང་ <<རང་བཙན། བོད་མི་དམངས་ཀྱི་ཐོབ་ཐང་>> ཞེས་པའི་དཔྱད་རྩོམ་རིང་པོ་ཞིག་ཆེད་དུ་སྤེལ་ནས་ཞིབ་གླེང་བྱས་མྱོངས། ལོ་རྒྱུས་དྲང་བརྗོད་དང་། དངོས་དོན་ལ་དྲང་ལྟ། མི་ལ་རང་དབང་དང་རང་སྐྱོང་རྩོད་ལེན་གྱི་ཐོབ་ཐང་ཡོད་པ་ལ་སོགས་པའི་ཆ་ནས་བོད་མི་དམངས་ཀྱིས་རང་གི་རྒྱལ་ཁབ་རང་བཙན་ཆེད་འཐབ་རྩོད་ཀྱི་ལས་དག་སྤེལ་པ་ནི་ཁྲིམས་དང་མཐུན་ཞིང་། གནས་ལུགས་དང་ཡང་མཐུན་པ་མ་ཟད། ཚུལ་མཐུན་ལུགས་མཐུན་ཞིག་ཡིན་པ་སྨྲོས་མ་དགོས།

ལོ་བཅོ་ལྔའི་ནང་རོལ་དུ། བོད་ལ་དོ་སྣང་བྱེད་མཁན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་འབོད་སྐུལ་གནང་མཁན་རྒྱ་ནག་ཤེས་ལྡན་མི་སྣ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་དང་ཆབས་ཅིག་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དཔུང་ཁག་ནང་ཞུགས་མཁན་ཡང་སྔོན་ཆད་ལས་ཇེ་མང་དུ་སོང་ཡོད་མོད། འོན་ཀྱང་། བོད་མིའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གིས་བསྟུད་མུར་དབུ་མའི་ལམ་དུ་སྐྱོད་རྒྱུར་ནན་གྱིས་སྐུལ་ནས་ཨུ་ཚུགས་བརྒྱབ་དང་རྒྱག་བཞིན་ཡོད།

 དབུ་མའི་ལམ་ཞེས་པ་དེ་ནི་མཐའ་གཉིས་སུ་མ་ལྷུང་པའི་ལམ་བུ་ཞིག་སྟེ་བོད་རང་བཙན་ཀྱི་ལྟ་བ་ལངས་ཕྱོགས་དོར་ཡང་རྒྱ་ནག་གིས་བོད་ནང་སྤེལ་པའི་མི་སེར་རིང་ལུགས་གྱི་དབང་བསྒྱུར་ངོས་ལེན་མི་བྱེད་རྒྱུ། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་ལེན་བྱས་ཀྱང་ཚད་མཐོའི་རང་སྐྱོང་གི་དགོས་འདུན་བཏོན་ཡོད། (དམངས་གཙོའི་འདེམས་བསྐོའི་ལམ་ལུགས་ཀྱང་ཐེ་ཡོད།)

ཉེ་སྔོན་ཇི་ནེ་ཝར་བསྐོངས་པའི་༼བོད་རྒྱ་བགྲོ་གླེང་ཚོགས་འདུའི་༽སྟེང་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་ཆེ་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་པའི་ནང་དུའང་མུ་མཐུད་ནས་དབུ་མའི་ལམ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། མི་དམངས་ཀྱི་ཐད་གར་འོས་འདེམས་ལས་བྱུང་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེའི་གསུངས་བཤད་ནང་ཡང་གཅིག་མཚུངས་ཀྱིས་ལམ་ལུགས་དེ་རྒྱུད་འཛིན་བྱས་འདུག་པ་ལས་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་ཡོང་ཐབས་དང་། བོད་ལ་དོན་དམ་པའི་རང་སྐྱོང་ཞིག་རག་ན་༼གཉིས་ཕན་༽གྱི་གོ་སྐབས་ཤིག་ལ་ངོས་འཛིན་གྱིས་མུ་ནས་མུ་རུ་རེ་སྒུག་བྱས་ཡོད་པ་ཤེས་ཐུབ།  ནམ་རྒྱུན་དང་མི་འདྲ་ས་གཅིག་པུ་ནི་བཙན་བྱོལ་བོད་གཞུང་གི་དེ་སྔོན་གྱི་སྲིད་བྱུས་ཏེ་ནུབ་ཕྱོགས་ལྟེ་བར་འཛིན་རྒྱུ་དང་། རྒྱ་གཞུང་འགག་རྩར་བཞག་པའི་(པེ་ཅིན་དང་གྲོས་མོལ་གྱི་རེ་སྙེག)ཁ་ཕྱོགས་བསྒྱུར་ནས་རྒྱ་ནག་དམངས་ཁྲོད་དུ་ཕྱོགས་འདུག ནང་སྒོས་སུ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་རིགས་ཤེས་ལྡན་མི་སྣར་དོ་སྣང་འཕར་མ་ཞིག་བྱས་ནས་ཁོང་ཚོ་བརྒྱུད་བོད་ཀྱི་བདེན་དོན་དེ་ཁྱབ་སྤེལ་བྱ་རྒྱུར་རེ་ཐག་བཅངས་ཡོད་པ་འདྲ།


དམངས་གཙོ་དང་སྲིད་དབང་སྒེར་གཅོད་གཉིས་མཉམ་གནས་བྱ་རུང་ངམ། དེར་གཉིས་ཕན་གྱི་གྲུབ་འབྲས་ཐོབ་སྲིད་དམ་།  

          ང་ཡང་ཐེངས་འདིའི་ཚོགས་མིང་ལ་༼ཐུན་མོང་གི་ལྟེ་གནས་འཚོལ་བ་༽ཞེས་པའི་བོད་རྒྱའི་བགྲོ་གླེང་ཚོགས་འདུ་དེར་ཞུགས་པ་ཡིན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་དབུ་འབྱེད་གསུངས་བཤད་ཀྱི་རྗེས་དྲི་བ་དྲི་རྒྱུར་དང་ལེན་གྱི་རང་དབང་དུས་ཚོད་སྐབས། ༧གོང་ས་ཏཱ་ལའི་བླ་མ་དང་བཙོན་བྱོལ་བོད་གཞུང་གི་༼དབུ་མའི་ལམ་༽དང་༼གཉིས་ཕན་༽གྱི་རེ་འདོད་ཐད་ངས་དྲི་བ་གཉིས་དྲིས་པ་ཡིན།

དང་པོ། འགྲོ་བ་མིའི་ལོ་རྒྱུས་ཁྲོད། སྲིད་དབང་སྒེར་གཅོད་དང་དམངས་གཙོ་ཞེས་པའི་རིན་ཐང་འདི་གཉིས་སྒྲིག་གཞི་གཅིག་གི་འོག་ཏུ་མཉམ་གནས་དང་ལག་ལེན་བྱས་མྱོངས་ཡོད་དམ་མེད། ད་རུང་༼གཉིས་ཕན༽གྱི་གྲུབ་འབྲས་ཐོབ་ཡོད་དམ་མེད། གལ་ཏེ་མེད་པའི་དབང་དུ་སོང་ཚེ། འོ་ན་ཟམ་གདོང་རིན་པོ་ཆེ་གཞུང་གིས་ཅིའི་ཕྱིར་འདི་ལྟ་བུའི་དངོས་དོན་དང་མི་མཐུན་པའི་ཁ་ཕྱོགས་ཤིག་ལ་རེ་ལྟོས་བྱེད་ཀྱིན་ཡོད།

གཉིས་པ། ༼དབུ་མའི་ལམ་༽ལ་དུས་བཅད་(Deadline)ཡོད་དམ་མེད། བཙན་བྱོལ་བོད་གཞུང་གིས་བོད་རང་བཙན་དོར་བའི་ཐག་གཅོད་དེས་བོད་མི་ས་ཡ་དྲུག་དང་ཁོང་ཚོའི་བུ་རབས་ཚ་རྒྱུད་ཚོའི་རྒྱལ་ཁབ་ཀྱི་མདུན་ལམ་གྱི་གདམ་གའི་དབང་ཆ་བཙན་འཕྲོག་བྱས་པ་མ་ཡིན་ནམ།

དེ་སྔོན་ཟམ་གདོང་རིན་པོ་ཆེས་༼རྒྱ་ནག་རྩ་ཁྲིམས་ཀྱི་དཔལ་ཡོན་སྒྲོམ་གཞིའི་འོག་ཏུ་དོན་དངོས་ཀྱི་རང་སྐྱོང་རྩོད་ལེན་བྱེད་ཀྱིན་ཡོད་༽ཅེས་གསལ་ཁ་བཏོན་ཡོད། ༼རྒྱ་ནག་རྩ་ཁྲིམས་གྱི་དཔལ་ཡོན་༽ཞེས་པ་དེར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་གཞོན་པ་ཀྲོའོ་བོས་ཆོན་གྱི་ལོ་སྔོན་མའི་མཇུག་ཏུ་པེ་ཅིན་ནས་གསལ་བཤད་བྱས་ཡོད། ཀྲོའོ་བོས་ཆོན་གྱིས་རྒྱ་ནག་རྩ་ཁྲིམས་གྱི་དཔལ་ཡོན་ནི་མཐར་གཏུག་ན་རྒྱུན་འཁྱོངས་གསུམ་ཡིན། དེ་དག་ནི་དམར་ཤོག་ཚོགས་པའི་དབུ་ཁྲིད་རྒྱུན་འཁྱོངས། རྒྱ་ནག་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་རྒྱུན་འཁྱོངས། (འདི་ནི་བོད་དོན་ལ་དམིགས་པ་ཡིན་པར་སྙམ།) དམར་ཤོག་ཚོགས་པས་དབུ་ཁྲིད་ཅེས་པ་ཚང་མས་ཤེས་གསལ་ལྟར་དེ་ནི་སྲིད་དབང་སྒེར་གཅོད་མཁན་ཁོ་ན་རེད། རྒྱ་ནག་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཞེས་པའང་དེ་དང་གཅིག་མཚུངས་ཀྱི་སྲིད་དབང་སྒེར་གཅོད་དེ་རེད། དཔལ་འབྱོར་གང་གི་ཕྱོགས་སུ་སྐྱོད་དགོས་པ་ཐམས་ཅད་དམར་ཤོག་ཚོགས་པས་ལག་ན་ཡོད། མི་རིགས་ས་ཁོངས་རང་སྐྱོང་གི་ཐད། ཀྲོའོ་བོས་ཆོན་གྱིས་༼བསལ་སྒྲུག་ཐབས་༽ཀྱིས་བཤད་རྒྱུར། རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་མིན། རྒྱལ་ཁག་མཉམ་འབྲེལ་ལམ་ལུགས་ཀྱང་མིན། ཧོང་ཀོང་ལྟ་བུའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱང་མིན། ཏཱ་ལའི་བླ་མའི་དོན་དངོས་ཀྱི་རང་སྐྱོང་ཟེར་པ་དེ་བས་ཀྱང་མིན། དེ་ནི་དམར་ཤོག་ཚོགས་པས་དབུ་ཁྲིད་འོག་གི་༼ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ལམ་ལུགས་༽དེ་ཡིན། དེ་ནས་ཡང་ཀྲོའོ་བོས་ཆོན་གྱི་སྨྲ་ཉམས་བཙན་ཧམ་གྱི་ཚུལ་གྱིས་༼རྒྱ་ནག་ནང་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་སྤེལ་སྟངས་དེ་འདི་ཡིན། འདི་ལས་ལྷག་པའི་སྤེལ་སྟངས་གཞན་པ་ཞིག་ཡོད་མི་སྲིད་ལ་༼དོན་དངོས་ཀྱི་རང་སྐྱོང་༽ཞེས་པ་ཞིག་དེ་བས་ཀྱང་ཡོད་མི་སྲིད་༽ཅེས་གསལ་བསྒྲགས་བྱས་པ་དེ་བཞིན་རེད།


༼སྤྱང་ཀི་སེམས་བཟང་༽ལ་རེ་ལྟོས་མེད།

ཀྲོའོ་བོས་ཆོན་གྱི་ད་དུང་ཡང་།ང་ཚོས་བཙན་བྱོལ་བོད་གཞུང་ཟེར་པ་སྔོན་ཆད་ཁས་བླངས་མེད།  དེ་རིང་ཁས་ལེན་གྱིན་མེད་ལ།  མ་འོངས་པར་ཡང་ཁས་ལེན་མི་སྲིད་པས། ད་བར་གྱི་འབྲེལ་མོལ་ཡོད་ཚད་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་འཐུས་ཚབ་དང་འབྲེལ་འདྲིས་བྱས་ཏེ་ཏཱ་ལའི་བླ་མའི་ཇི་ལྟར་༼ནོར་འཕྱུགས་བཅོས་བསྒྱུར་༽གྱིས་༼རང་སྐྱོན་ངོས་ཟིན་༽ཐོབ་ཆེད་གོ་བསྡུར་བྱས་པ་ཡིན།  གལ་ཏེ་རྣམ་འགྱུར་དྲང་ན་ཏཱ་ལའི་ཡི་ཕྱིར་ཡོང་འདོད་ཀྱི་རེ་བ་བསྐང་རྒྱུ་དང༌། དེ་ལས་མང་ན་ཏཱ་ལའི་དང་བློ་ཐག་ཉེ་པའི་མི་འགའ་ཤས་ཀྱང་མཉམ་དུ་ཕྱིར་ཡོང་གིན་འཇུག་རྒྱུ་ཡིན་ཞེས་གསལ་བོར་བསྒྲགས་ཡོད་པ་དང་།   ཡང་ཕྱི་རྒྱལ་སྨྱན་མང་མདུན་དུ་ཀྲོའོ་བོས་ཆོན་ལ་ཕྱི་འབྲེལ་སྐབས་ཀྱི་ཆེས་རྨང་གཞིའི་འགྲོ་ལུགས་བཤད་སྟངས་ཤིག་ཀྱང་མེད་པའིི་རྣམ་པས་བསྒྲགས་དོན་དུ། འདས་པའི་ལོ་ཤས་ནང་དབུས་གཞུང་དང་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་འཐུས་ཚབ་བར་འབྲེལ་མོལ་སྐབས་བགྲོ་གླེང་བྱས་པའང་འདི་དག་ལས་མ་འདས་པས། མ་འོང་པར་ཡང་འདི་དག་ལས་འདའ་མི་སྲིད་ཅེས་བཤད་ཡོད།

ཀྲོའོ་བོས་ཆོན་གྱི་བཙན་པོ་དབང་ཡོད་ཀྱི་རྣམ་འགྱུར་དེ་དང་བཙན་ཧམ་གྱི་བཤད་སྟངས་དེ་ནི་ཧང་སངས་བ་ཞིག་དང་སྐྱུག་བྲོ་བ་ཞིག་རེད།

            ངས་ཟམ་གདོང་རིན་པོ་ཆེར་བཀའ་འདྲི་ཞུས་པ་ཡིན། རྒྱ་ནག་གཞུང་གིས་འདི་ལྟར་དམར་རྗེན་ངང་གསལ་བོར་བཤད་ཡོད་པས། བཙན་བྱོལ་བོད་གཞུང་གིས་ད་དུང་པེ་ཅིན་དང་མཉམ་དུ་ཅི་ཞིག་གོ་བསྡུར་བྱེད་སླད་རེ་ལྟོས་བྱས་ཡོད། དམར་ཤོག་ཚོགས་པའི་སྲིད་དབང་སྒེར་གཅོད་ལ་༼དོན་དངོས་ཀྱི་རང་སྐྱོང་༽བསླངས་པ་དེ་ནི་༼སྤྱང་ཀི་སེམས་བཟང་ལ་རེ་ལྟོས་༽བྱས་པ་དང་ ། ༼སྤྱང་ཀི་དང་ལུག་གཉིས་མཉམ་གནས། གཉིས་ཕན་༽ དང་གཉིས་སུ་མ་མཆིས་པས། འགྲོ་བ་མིའི་ལོ་རྒྱུའི་ཁྲོད་འདི་ལྟ་བུའི་དཔེ་མཚོན་སྔོན་ཆད་བྱུང་ཡོད་དམ།

            ཟམ་གདོང་རིན་པོ་ཆེའི་བཀའ་ལན་ནི། དབུ་མའི་ལམ་ནི་བཙན་བྱོལ་བོད་མིའི་འོས་འདེམས་བྱས་ནས་མང་མོས་ལྟར་གཏན་འཁེལ་བྱས་པ་ཞིག་དང༌། ལོ་སྔོན་མའི་སྤྱི་ཟླ་བཅུ་གཅིག་གི་ནང་བསྐོངས་པའི་བཙན་བྱོལ་བོད་མིའི་འཐུས་མི་ཚོགས་ཆེན་སྐབས་ཀྱང་ཚོགས་གྱར་བ་མང་ཤོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་མུ་མཐུད་ནས་རྒྱུད་འཛིན་བྱེད་རྒྱུར་མོས་མཐུན་ཡོད་པས། དེས་མི་དམངས་ཀྱི་འདོད་བློ་མཚོན་ཡོད་ཟེར།

            བཙན་བྱོལ་ཁྲོད་བོད་མི་ཁྱོན་བསྡོམས་འབུམ་གཅིག་དང་ཁྲི་གཉིས་ལྷག་ལས་མེད་པས། གལ་སྲིད་ཡོད་ཚད་ཀྱིས་དབུ་མའི་ལམ་ལ་མོས་མཐུན་ཡོད་ནའང༌། དེས་གཞིས་སྡོད་བོད་མི་ས་ཡ་དྲུག་གི་འདོད་བློ་མཚོན་ག་ལ་ཐུབ། དེ་བས། བཙན་བྱོལ་བོད་གཞུང་གིས་དེ་ལྟར་ཐག་གཅོད་བྱས་ཚེ། དེས་བོད་མི་ས་ཡ་དྲུག་དང་ཁོང་ཚོའི་བུ་རབས་ཚ་རྒྱུད་ཚོའི་རྒྱལ་ཁབ་ཀྱི་མདུན་ལམ་གྱི་གདམ་གའི་དབང་ཆ་བཙན་འཕྲོག་བྱས་པ་མ་ཡིན་ནམ།


བོད་དོན་གྱི་རྩ་བ་ནི་ཆོས་ལུགས་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་མིན།

            བོད་ཀྱི་ལོ་རྒྱུས་སྟེང་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། རང་ལ་རྒྱལ་རྟགས་དང་། རྒྱལ་དར། དབུ་ཁྲིད། རྒྱལ་ས། དངུལ་སྒོར། ཕྱི་སྐྱོད་ལག་འཁྱེར། དམག་དཔུང༌། དཔྱ་ཁྲལ། སྦྲག་བྱང་།གཅིག་གྱུར་གྱི་རིག་གཞུང་དང་སྐད་ཡིག་སོགས་ཡོད། ཆིན་སྲིད་གཞུང་གི་རྗེས་དང་། ཇང་ཇེ་ཧྲེའི་རྒྱལ་དམངས་དུས་རབས་སུའང་བོད་དེ་དེ་ཚོའི་ཞིང་ཆེན་ནམ་མངའ་སྡེ་ཞིག་མ་རེད། ལོ་རབས་ལྔ་བཅུ་བའི་འགོ་སྟོད་དུ་དམར་ཤོག་ཚོགས་པས་བཙན་འཛིན་བྱས་པ་རེད།

            དེ་རིང་། བོད་ཀྱི་གནད་དོན་དེ་ནི། ཆོས་ལུགས། རིག་གནས་དང་ཁོར་ཡུག་ཁོ་ནའི་གནད་དོན་ཙམ་མིན་པར། དེ་ནི་རྒྱལ་ཁབ་ཅིག་གི་ཆགས་འཇིག་གི་གནད་དོན་ལ་ཐུག་ཡོད། ཏཱ་ལའི་བླ་མ་ནི་བོད་མིའི་རྩོད་མེད་ཀྱི་དབུ་ཁྲིད་ཡིན་པས་བོད་མའི་ཐོད་པའི་མིག་དང་ཁོག་གི་སྙིང་བཞིན་དུ་གྱུར་ཡོད། འོན་ཀྱང་དམངས་གཙོའི་རྩ་དོན་ལྟར་ན་དབུ་ཁྲིད་ཅིག་གི་གོ་ས་ཇི་ལྟར་མཐོ་ཡང་མི་དམངས་ཀྱི་རྒྱལ་ཁབ་ཀྱི་མདུན་ལམ་གདམ་རྒྱུའི་ཐོབ་ཐང་ཐག་གཅོད་བྱ་རྒྱུའི་དབང་ཆ་མེད། བོད་ཀྱི་མདུན་ལམ་བོད་མི་ས་ཡ་དྲུག་གི་ཐུན་མོང་འོས་འདེམས་ལས་ཐག་གཅོད་བྱེད་དགོས་པ་ལས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་གང་རུང་ཞིག་གིས་ཐག་གཅོད་བྱ་ག་ལ་རུང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ཀརྨ་ཡེ་ཤེས་དང་བོད་མི་དམངས་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་གཉིས་ཀྱིས་དེ་སྔོན་འདི་ལྟར་གླེང་མྱོངས་ཡོད། ང་ཚོ་བཙན་བྱོལ་བོད་མི་ཉུང་ཤོས་ཤིག་གིས་ལོ་རྒྱུས་སྟེང་རང་བཙན་ཡིན་པའི་རྒྱལ་ཁབ་ཅིག་གི་མི་དམངས་ཀྱི་རང་བཙན་སླར་གསོའི་དབང་ཆ་རྩིས་མེད་ངང་དོར་རྒྱུའི་དབང་ཆ་ཡེ་ནས་མེད་ལ། ང་ཚོར་བོད་ཀྱི་བུ་རབས་ཚ་རྒྱུད་ཀྱི་མདུན་ལམ་ལ་ཁ་ལོ་བསྒྱུར་རྒྱུའི་དབང་ཆའང་མེད། ང་ཚོའི་གནད་དོན་ནི་མི་རིགས་དང་། རྒྱལ་ཁབ་ཀྱི་རང་བཙན་དང་རང་དབང་ཡིན་པ་ལས། རིག་གནས་། ཆོས་ལུགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་མིན་ཞེས་བརྗོད་ཡོད།

    དེ་རིང་བོད་མི་ས་ཡ་དྲུག་པོས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་སྒེར་གཅོད་དང་མི་སེར་སྤེལ་པའི་དབང་སྒྱུར་མྱངས་དང་མྱོང་བཞིན་པས་བསམ་ཚུལ་ངོ་མ་ཕྱི་རུ་མངོན་དཀའ་མོད། འོན་ཀྱང༌། བོད་ནང་ཞི་རྒོལ་སྐབས་ཀྱི་འབོད་ཚིག་ལས་ཤེས་ཐུབ་པ་ནི། བོད་མི་མང་ཆེ་ཤོས་ཀྱིས་རང་བཙན་གྱི་དགོས་འདུན་བཏོན་ཡོད། འདས་པའི་ལོ་ཤོས་ནང༌། ངས་རྒྱ་གར། ཡོ་རུབ། ཨ་མེ་རི་ཀ་སོགས་ཡུལ་དུ་གདོང་དང་གདོང་ཐུག་ནས་བོད་མི་བརྒྱ་ཕྲག་ཁ་ཤས་ལ་བཅར་འདྲི་བྱས་པ་ཡིན། ༼མི་མང་པོ་མཉམ་རུབ་ཀྱི་ཐུག་པའི་གྲངས་ཀ་འདི་ལས་ལྡབ་འགྱུར་གྱིས་མང་།༽ངས་ཁོང་ཚོར་རང་སྐྱོང་དགོས་སམ་རང་བཙན་དགོས་ཞེས་པའི་གཅིག་མཚུངས་ཀྱི་དྲི་བ་འདི་དྲིས་པ་ཡིན། ཏཱ་ལའི་བླ་མ་ལས་གཞན་ཀུན་པོས་རང་བཙན་དགོས་ཟེར།མཇལ་རྒྱུའི་གོ་སྐབས་ཤིག་ཏུ་ངས་ཏཱ་ལའི་བླ་མར་ངས་བཅར་འདྲི་བྱས་པའི་བོད་པ་ཚང་མའི་རང་བཙན་དགོས་ཟེར།འོན་ཀྱང་མི་གཅིག་གིས་རང་སྐྱོང་དགོས་ཟེར་ཞེས་ཞུས་དུས།ཏཱ་ལའི་བླ་མས་མི་གཅིག་པོ་དེ་སུ་རེད་ཅེས་ང་ལ་དྲིས།  ངས་ལན་དུ་མི་གཅིག་པོ་དེ་ནི་ཁྱེད་རང་རེད་ཅེས་ཞུས་དུས།  ཏཱ་ལའི་བླ་མས་གང་ཉིད་ལ་ལྡན་པའི་འགྲན་ཟླ་དང་བྲལ་བའི་ཀུན་ཡིད་འགུག་པའི་བཞད་མོས་ལན་འདེབས་བྱས།


༼སྲིད་མི་སྲིད་༽དང་༼འོས་མི་འོས༽།

            ཡིན་དང་ཡིན།   ངས་ཏཱ་ལའི་བླ་མའི་དཀའ་སྡུག་ཆེ་བའི་དགོངས་ཚུལ་རྟོགས་དང་ལེ་རྟོགས།   བོད་ཀྱི་ཆོས་དང་རིག་གནས་རྩ་གཏོར་དུ་བཏང་དང་གཏོང་བཞིན་པ་དང།  རྒྱ་རིགས་གྲངས་ལས་འདས་པ་ཉིན་མཚན་བར་མེད་དུ་བོད་ཡུལ་གང་སར་གནས་སྤོ་བྱས་དང་བྱེད་མུས། རྒྱ་ནག་གཞུང་གི་རྒྱར་སྒྱུར་གྱི་སྲིད་ཇུས་བཀོལ་དང་འཁོལ་ནས་ནང་སོག་ནང་བཞིན་གྱིས་བོད་དོན་ཐག་གཅོད་བྱེད་རྒྱུར་རེ་ལྟོས་བྱས་ཡོད་པ་ཤེས་ཡོད།༼དེ་རིང་ནང་སོག་གི་མི་འབོར་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་བརྒྱད་ཀྱི་ནང་རྒྱ་རིགས་ཀྱིས་༨༠%་ཟིན་ཡོད་པ་དང་།གྲངས་ཉུང་དུ་བསྒྱུར་པའི་སོག་པོའི་མི་རིགས་ནང་གོ་ཐོས་ལ་བཞིའི་ནང་གསུམ་རྒྱར་བསྒྱུར་ཡོད་འདུག༽དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་བོད་མི་ལ་ལས་རྒྱ་ནག་གི་སྟོབས་ཤུགས་ཆེ་དྲགས་པས་བོད་རང་བཙན་རྩོད་ལེན་བྱ་རྒྱུ་དེ་ནི་མི་སྲིད་པ་ཞིག་རེད་ཅེས་བསམ་ཅིང་བརྗོད་བཞིན་པ་འདྲ།འདི་ལས་མི་དེ་ཚོའི་བསམ་གཞིགས་ཀྱང་རྒྱ་རུ་བསྒྱུར་ཟིན་པ་ཤེས་ཐུབ།་ཁོག་རྩིས་བློ་བཀོད་ལ་མཁས་པའི་རྒྱ་རིགས་ནང་བཞིན་གྱིས་གནད་དོན་ལ་བསམ་བློ་གཏོང་དགོས།     དོན་དག་ཅི་ཞིག་དང་ཐུག་ཀྱང་ཐོག་མར་༼སྲིད་མི་སྲིད་༽ལ་འདང་རྒྱག་པ་ལས། ནུབ་ཕྱོགས་པ་ནང་བཞིན་༼འོས་མི་འོས་༽ཐད་བསམ་བློ་འཁོར་མི་སྲིད། ངས་འདི་རུ་གལ་བོ་ཆེ་ལ་ནན་གྱིས་ཡང་བཤད་བསྐྱར་བཤད་ཀྱིས་རྒྱ་མི་ཞིག་དང་ནུབ་གླིང་པ་ཞིག་གི་བསམ་གཞིགས་ཐད་ཀྱི་ཁྱད་པར་ནན་བརྗོད་བྱ་འདོད་བྱུང་།  རྒྱ་མི་༼རྒྱའི་རིག་གནས་གསོ་སྐྱོང་འོག་འཚར་ལོངས་བྱུང་པའི་མི།༽ཞིག་གནད་དོན་ཞིག་དང་འཕྲད་ཚེ།དང་ཐོག་ཀླད་པའི་ནང་འཁོར་པ་ནི་༼སྲིད་དམ་མི་སྲིད་༽ཅེས་པའི་དྲི་བ་དེ་ཡིན།            འོན་ཀྱང་།            ནུབ་གླིང་གི་རིག་གནས་གསོ་སྐྱོང་འོག་འཚར་ལོངས་བྱུང་པའི་མི་ཞིག་ལ་མཚོན་ན་གནད་དོན་གང་དང་འཕྲད་ཀྱང་དང་ཐོག་ཀླད་པའི་ནང་ཤར་པ་ནི་༼འོས་སམ་མི་འོས་༽ཞེས་པའི་དྲི་བ་དེ་ཡིན།བཤད་སྲོལ་གཞན་ཞིག་གིས་བཤད་ན།ནུབ་གླིང་པ་ཚོས་དང་ཐོག་བསམ་པ་ནི་རྩ་དོན་ཡིན་ལ་འདུ་ཤེས་ཡིན།གནས་ཚུལ་ཅི་ཞིག་ཡིན་རུང་འདུ་ཤེས་ཡོད་ན་རྩ་དོན་རྒྱུན་འཁྱོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ན་རྒྱལ་ཁའི་གྲུབ་འབྲས་ངེས་པར་དུ་འབྱུང་སྲིད་པས།ནུབ་གླིང་པས་༼རང་དབང་མེད་པ་ལས་ཤི་ན་བཟང་༽ཤེས་བརྗོད་ནུས་པ་ལས། རྒྱ་མི་ནང་བཞིན་༼ཡག་པོ་ཞིག་ཤི་བ་ལས་སྡུག་རུང་འཚོ་ན་བཟང་༽ཞེས་པའི་བསམ་བློའི་འདུ་ཤེས་དེ་སྐྱེ་མི་སྲིད། ནུབ་གླིང་པས་དང་ཐོག་བློ་ཡུལ་དུ་ཤར་པ་ནི་༼འོས་སམ་མི་འོས་༽ཡིན་པ་ལས་༼སྲིད་དམ་མི་སྲིད་༽མིན་པའི་རྒྱུ་མཚན་གྱིས་རང་དབང་དང་དར་རྒྱས་ཆེས་སྔ་མོའི་དར་ས་ནི་ནུབ་གླིང་ཡུལ་གྲུ་ཁག་ཡིན།


རང་བཙན་དང་མི་རིགས་རང་ཐག་རང་གཅོད་ནི་འཛམ་བུ་གླིང་འདིའི་འཕེལ་ཕྱོགས་ཡིན།

            འཇོའུ་མི་རིགས་ཀྱིས་རྒྱལ་ཁབ་སླར་གསོ་བྱས་པ་ནི་དཔེ་མཚོན་ཚད་དང་རན་པ་ཞིག་ཡིན། འཇོའུ་མི་རིགས་ནི་བོད་དང་ཡང་མི་མཚུངས་པར། ཁོང་ཚོ་འཛམ་གླིང་ག་ས་གང་དུ་འཐོར་ནས་དུས་ཡུན་ཤིན་ཏུ་རིང་པོ་ཞིག་ཏུ་རྐང་པ་འཛུགས་སའི་ཁྱིམ་གཞིས་ཤིག་དང་ངོས་འཛིན་བྱ་སའི་གཅིག་གྱུར་གྱི་གནས་ཡུལ་ཞིག་ཀྱང་མེད། ཡིན་ཡང༌། ཁོང་ཚོས་སོ་སོའི་རེ་སྨོན་མ་དོར་སྙིང་དབུས་སུ་བཟུང་ནས་ལོ་ངོ་དུ་མའི་རིང་གི་རེ་སྒུག་དང་འཚོལ་སྙེག  འཐབ་རྩོད། ཤ་ཁྲག་གི་འགྲོ་སོང་ཕངས་མེད་དུ་བཏང་སྟེ་མཐར་མཇུག་རྒྱལ་ཁབ་སླར་གསོ་བྱས་ནས་ཨེ་སི་རིད་ཅེས་པའི་རང་བཙན་གྱི་རྒྱལ་ཁབ་དེ་ཁ་ཆེའི་རྒྱལ་ཁབ་ཀྱི་དཀྱིལ་དུ་བཙུགས། རྒྱལ་ཁབ་བཙུགས་པའི་ཕྱི་ཉིན་མཐའ་འཁོར་གྱི་ཁ་ཆེའི་རྒྱལ་ཁབ་ལྔ་མཉམ་འབྲེལ་གྱིས་བཙན་འཛུལ་བྱས་ཏེ་ཨེ་སི་རིད་ཅེས་པའི་འཇོའུ་མི་རིགས་ཀྱི་རྒྱལ་ཁབ་གསར་བ་དེ་བསྣུབ་འགོ་བརྩམས། སྐབས་དེར་ཨ་ར་པེའི་རྒྱལ་ཁབ་དེ་ལྔ་བོར་ཁྱོན་བསྡོམས་པའི་མི་འབོར་བྱེ་བ་བཞི་ཡོད་ཅིང༌། ཨེ་སི་རིད་ལ་མི་འབོར་འབུམ་དྲུག་ལས་མེད། ཨེ་སི་རིད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞེས་གསལ་བསྒྲགས་བྱས་པའི་དབྱིངས་རྟ་རྣ་ལམ་ནས་མ་འཇགས་གོང༌། ཚད་ལྡན་གྱི་དམག་དཔུང་ཞིག་ཀྱང་མེད་པའི་ཉག་ཕྲ་པའི་སྐབས་དེར་གསར་དུ་འཁྲུངས་པའི་འཇོའུ་མི་རིགས་ཀྱི་རྒྱལ་ཁབ་དེ་ཡང་གཅིག་ཆགས་འཇིག་གི་ཉེན་ཁར་སླེབས་དུས།            ཤི་གསོན་ངེས་མེད་ཀྱི་བར་མཚམས་དེར་ཨེ་སི་རིད་མི་དམངས་ཀྱིས་བསམ་བློ་འཁོར་ས་ནི་༼སྲིད་དམ་མི་སྲིད་༽མིན་པར། རྒྱལ་ཁབ་གསར་དུ་བཙུགས་པ་དེ་༼འོས་སམ་མི་འོས་༽ཡིན། བསམ་བློ་ཞིབ་ཕྲའི་རྗེས་སུ་རང་ཡུལ་དམ་སྲུང་རིག་གནས་རྒྱུད་འཛིན་བྱ་རྒྱུའི་ལས་དོན་ནི་འོས་ཤིང་འཚམས་པའི་བྱ་བཞག་ཏུ་སྒྲུག་ནས་དཀའ་ངལ་དང་བཙན་པོའི་འཇིགས་སྐུལ་ལ་མགོ་བོ་མི་སྒུར་རྒྱུ་དང༌། དམངས་ཡོངས་ནས་འཇིགས་མེད་ཞེད་བྲལ་ངང་བཙན་འཛུལ་ལ་གདོང་ལེན་བྱས་མཐར་བཙན་འཛུལ་བ་ཆམ་ལ་ཕབ་ནས་གསར་བྱུང་གི་རྒྱལ་ཁབ་དེ་དུས་གཏན་དུ་གནས་རྒྱུར་རྨང་གཞི་བཙུགས།

ཉེ་བའི་ལོ་ཤོས་སྔོན་རང་བཙན་བྱས་པའི་ཤར་ཏེ་མོ་རྒྱལ་ཁབ་ཀྱིས་ཀྱང་ནུབ་གླིང་པའི་རིག་ལམ་༼འོས་སམ་མི་འོས་༽རྒྱུད་འཛིན་བྱས་ཏེ་རྒྱལ་ཁ་ཐོབ་ཡོིད། ཤ་ཏེ་མོ་ལ་མི་འབོར་འབུམ་བརྒྱད་ལས་མེད་ལ་དེ་ནི་ཧིན་ཏོའུ་ནེ་ཞི་ཡའི་མི་འབོར་གྱི་༠.༥%རེད། སོའོ་ཧ་ཐོའོ་ཡི་ལོ་ངོ་སུམ་ཅུའི་རིང་གི་དམག་དོན་སྲིད་དབང་སྒེར་འཛིན་ཁྲོད་གལ་ཏེ་༼སྲིད་དམ་མི་སྲིད་༽གྱི་བསམ་བློའི་འདུ་ཤེས་དང་ལྟ་གྲུབ་བཟུང་ཚེ་རང་བཙན་ནི་བསམ་ཡུལ་དུའང་ཤར་མི་ཐུབ་པ་ཞིག་རེད། འོན་ཀྱང་མཐར་མཇུག་ཤར་ཏེ་མོ་མི་རིགས་ལ་རྒྱལ་ཁ་ཐོབ། དེའི་རྒྱུ་མཚན་ནི་ཤར་ཏེ་མོའི་དབུ་ཁྲིད་དང་མི་དམངས་ཀྱིས་རྒྱུན་འཁྱོངས་བྱས་པ་ནི་འདུ་ཤེས་ཀྱི་རྩ་དོན་ཡིན་པ་ལས་བྱེད་ཐབས་ཐད་ཀྱི་འགྲུབ་ཐུབ་རང་བཞིན་མིན་པས་སོ།

            ཁའོ་སའོ་བའོ་ཡང་དེ་འདྲ་རེད། རྒྱ་ཁབ་ཀྱི་ས་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ་ཁྲི་གཅིག་ཙམ་ (དེ་སྔོན་སེར་ཝེ་ཡའི་མངའ་སྡེ་ཞིག་རེད།) དང་མི་འབོར་ས་ཡ་གཉིས་ལས་མེད་པ་དང༌། སེར་ཝེ་ཡའི་ལྔ་ཆའི་གཅིག་མ་གཏོགས་མེད། འོན་ཀྱང༌། ཁའོ་སའོ་བའོ་མི་དམངས་ཀྱི་རང་བཙན་གྱི་དགོས་འདུན་རྒྱུན་འཁྱུངས་བྱས་ཏེ་ལོ་ངོ་དུ་མའི་རིང་དཀའ་སྡུག་འཐབ་རྩོད་ཀྱི་རྗེས་སུ་རེ་སྨོན་མངོན་པར་གྱུར། དེ་རིང་འཛམ་པོའི་གླིང་དུ་རྒྱལ་ཁབ་གསར་བ་ཞིག་གི་ངོ་བོའི་སྟེང་གནས་ཡོད་པ་དང་ད་བར་རྒྱལ་ཁབ་༦༢ཀྱིས་ཕྱི་འབྲེལ་ངོས་ལེན་བྱས་ཡོད། ཁའོ་སའོ་བའོ་ཡི་ཐོག་མའི་སྣང་ཚུལ་དེའང་གཅིག་མཚུངས་ངང་༼མི་སྲིད་པའི་༽རྣམ་པ་ཤར་ཡོད།

            མཉམ་འབྲེལ་རྒྱལ་ཚོགས་ཐོག་མར་དབུ་བརྙེས་དུས་འཛམ་གླིང་ཁྱོན་ཡོངས་སུ་རྒྱལ་ཁབ་༥༠མ་གཏོགས་མེད། ད་ལྟ་རྒྱལ་ཁབ་༢༠༠ཙམ་ཡོད།            ཕལ་ཆེར་དང་ཐོག་གི་ལྡབ་བཞི་རེད། འདི་ལས་རང་བཙན། ཁ་བྲལ། མི་རིགས་རང་ཐག་རང་གཅོད་ནི་འཛམ་གླིང་གི་འཕེལ་ཕྱོགས་ཤིག་ཡིན་པ་མཚོན་ཡོད།གནད་འགག་ནི་མི་རིགས་དེའི་ཆོད་སེམས་ལ་རག་ལས་ཡོད་ལ། ནང་སྒོས་སུ་མི་རིགས་དེའི་དབུ་ཁྲིད་ཚོའི་རྒྱལ་ཁབ་ཀྱི་མདུན་ལམ་ཐད་ཀྱི་ངེས་ཤེས་དེ་གསལ་བོ་དང་བརྟན་པོ་ཡིན་མིན་ལ་ཐུག་ཡོད།


ཁྲམ་པ་ལ་གནས་ལུགས་བཤད་པ་ནི་སྐྱེས་མཆོག་གི་ནོར་འཁྲུལ་ཡིན།

དེ་རིང་། རྒྱ་ནག་དམར་ཤོག་ཚོགས་པར་དམངས་གཙོའི་རེ་འདུན་བཏོན་པ་དང༌། དོན་དངོས་ཀྱི་རང་སྐྱོང་སློང་པ་སོགས་ནི་སྟག་ལ་སྟག་པགས་སློང་པའི་དཔེ་བཞིན་དུ་མི་སྲིད་པའི་དོ་ཟླ་རེད།   དེ་མིན་པའི་རྒྱ་ནག་གི་རྩ་ཁྲིམས་ཀྱི་དགོངས་དོན་སོགས་གླེང་པ་ནི་ཐབས་བྱུས་སུ་བཞག་ཆོག་ཀྱང་གྲུབ་འབྲས་ཤིག་ཐོབ་མིན་དོགས་པའི་གནས་སུ་ཡོད། རྒྱུ་མཚན་ནི་དམར་ཤོག་ཚོགས་པ་རང་ཉིད་ཀྱིས་ཀྱང་རྩ་ཁྲིམས་ལྟར་ལས་དོན་སྒྲུབ་ཀྱིན་མེད་པས་ན་རྩ་ཁྲིམས་ཞེས་པ་དེ་ནི་མེ་ཏོག་འཇོག་བྱད་བུམ་པ་ཙམ་ལས་གལ་ཏེ་ཁྱེད་ཀྱིས་བུམ་པ་དེ་ལས་མེ་ཏོག་སྐྱེ་སྲིད་པར་སྒོམ་ཚེ་དེ་ནི་ཁྱེད་རང་ཉིད་ཀྱི་སྐྱོན་ཡིན་པ་གདོན་མི་ཟ།

དེ་རིང་། བཙན་བྱོལ་བོད་གཞུང་གིས་ངེས་པར་དུ་སྒྲུབ་དགོས་པ་ནི། མངོན་སུམ་ལ་ངེས་ཤེས་ཀྱིས་བདེན་པ་དང་ལེན་བྱ་དགོས། རྒྱ་ནག་དམར་ཤོག་ཚོགས་པས་ཅི་ཞིག་གང་ཞིག་གི་དབང་དུ་སོང་ཡང་བོད་ལ་དོན་དངོས་ཀྱི་རང་སྐྱོང་སྤྲོད་མི་སྲིད་པ་ནི་མངོན་སུམ་ཡིན། འདི་ནི་སྲིད་དབང་སྒེར་གཅོད་པའི་རང་གཤིས་ཀྱིས་ཐག་གཅོད་བྱས་ཡོད།  ཁྱེད་ཀྱིས་བཤད་ཤེས་འདུག་ཤེས་ཇི་ལྟར་བྱས་ཀྱང༌། ཞུ་བ་ཇི་ལྟར་བྱས་རུང༌། ཕྱག་ག་ཚོད་མཚལ་ཡང༌། གཟུར་བཤོལ་ག་ཚོད་བྱས་ཀྱང༌། འོས་མེད་སྟུན་ཐབས་ཅི་འདྲ་བྱས་ཀྱང་རུང་ནུས་པ་སྤུ་ཙམ་ཡང་ཐོན་མི་སྲིད། འོས་ཤིང་འཚམ་པའི་དཔེ་མཚོན་ཡག་པོ་ཞིག་དྲངས་ན། ༧གོང་ས་མཆོག་གིས་དངོས་གནས་སེམས་གཏིང་ནས་རང་བཙན་དོར་ཡོད་པ་ཐེ་ཚོམ་ཟ་མི་དགོས་ལ། ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཐེངས་མ་སྟོང་ཕྲག་མང་པོར་རང་ཉིད་ཀྱི་ལྟ་བ་ལངས་ཕྱོགས་བརྗོད་པ་མ་ཟད། སྐུ་ཚབ་བརྒྱུད་པེ་ཅིན་གཞུང་ལ་ཐེངས་གྲངས་མེད་དུ་འགྲེལ་བཤད་ཡང་བཤད་བྱས་ཡོད། འོན་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་༼ཁ་བྲལ་བ་༽ཞེས་པའི་ཞྭ་མོ་དེ་ཏཱ་ལའི་བླ་མའི་མགོ་རུ་༼བརྡབས་༽ནས་ཁོང་ཚོའི་དབང་འོག་ན་ཡོད་པའི་སྨྱན་མང་བཀོལ་སྤྱོད་ཀྱིས་དུས་ཡུན་རིང་པོར་། གཞི་རྒྱ་ཆེན་པོས་དྲིལ་བསྒྲགས་བསྟུད་མུར་བྱས་པའི་རྐྱེན་གྱིས་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་དེ་རིང་མཐའ་གཅིག་ཏུ་༼བོད་ཁ་བྲལ་བའི་༽བྱེད་གཏེ་དེ་ཏཱ་ལའི་བླ་མར་ངོས་འཛིན་བྱས་ནས་སྡང་སེམས་སྙིང་ལ་བཅངས་ཡོད།  རྒྱ་ནག་དམར་ཤོག་ཚོགས་ཁག་ལྟ་བུའི་ཁྲམ་པར་གདོང་ཐུག་ཚེ་ཁྱེད་ཀྱིས་སྐྱེས་མཆོག་གི་ཚུལ་དུ་བཞག་ནས་གནས་ལུགས་བཤད། དེ་ནི་རྒྱ་ནག་དམར་ཤོག་ཚོགས་ཁག་གི་ནོིར་འཕྱུགས་མ་རེད། ཁྱེད་རང་ཉིད་ཀྱི་ནོར་འཕྱུགས་རེད། སྡེ་རྒྱ་ནག་གིས་རང་ཉིད་ཀྱི་སྲིད་དབང་སྒེར་གཅོད་པའི་རྩ་དོན་དང་ལངས་ཕྱོགས་ལྟར་གདོང་ལེན་དང་ཐག་གཅོད་བྱེད་ཀྱིན་ཡོད། ཡིན་ཡང་ཁྱེད་ལ་རྩ་དོན་མེད། འདུ་ཤེས་མི་གསལ། འདི་ལྟར་འཐབ་རྩོད་བྱས་པ་ལས་གྲུབ་འབྲས་ཤིག་འབྱུང་སྲིད་དམ། ཕ་རོལ་པ་ལས་རྣམ་པར་རྒྱལ་ཐུབ་པའི་གོ་སྐབས་ཤིག་འབྱུང་སྲིད་དམ།

འོ་ན། འདི་འདྲའི་སྟོབས་དང་ལྡན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་གཅོད་དང་གདོང་ཐུག་ཚེ། བཙན་བྱོལ་བོད་གཞུང་གིས་ད་ལྟ་ཅི་ཞིག་བྱེད་དགོས་སམ། ལོ་རྒྱུས་སྟེང་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟ་རྒྱ་ནག་དམར་ཤོག་ཚོགས་ཁག་གིས་བཙན་འཕྲོག་བྱས་པར་ཇི་ལྟར་ལངས་ཕྱོགས་བརྟན་པོའི་ངང་གསལ་སྟོན་བྱེད་དགོས། རྒྱ་ནག་དམར་ཤོག་ཚོགས་ཁག་གིས་བོད་དང་སྒོས་སུ་རྒྱ་ནག་ཡོངས་སུ་ལུགས་མིན་དབང་བསྒྱུར་བྱས་དང་བྱེད་བཞིན་པའི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་དེ་ངེས་པར་དུ་རྩ་རྫོགས་ཀྱིས་མི་ཚང་མར་མཉམ་འབྲེལ་བྱས་ཏེ་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་དགོས། མ་འོང་པར་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་རྗེས་བོད་མི་ས་ཡ་དྲུག་གི་རང་འདོད་ལྟར་རང་གི་མདུན་ལམ་རང་ཐག་རང་གཅོད་བྱས་ཆོག གལ་ཏེ་སྐབས་དེ་དུས་དམངས་གཙོའི་རྒྱ་ནག་གིས་བོད་མིའི་གདམ་གར་གུས་བཀུར་བྱ་ནུས་ཚེ། བོད་མི་རིགས་ལ་འདྲ་མཉམ་གྱི་ལྟ་བ་འཛིན་ནུས་ཚེ། དེ་དུས་ཏཱ་ལའི་བླ་མས་བོད་དེ་རྒྱ་ནག་གི་མངའ་ཁོངས་སུ་ཚད་མཐོའི་རང་སྐྱོང་གི་རྣམ་པས་གནས་རྒྱུའི་གྲོས་གཞི་བཏོན་ཆོག༼དེའང་གྲོས་གཞི་ཙམ་ལས་ཐག་གཅོད་མིན།༽ཏཱ་ལའི་བླ་མས་བོད་མིའི་སེམས་ཁམས་སུ་གོ་ས་མི་ཆུང་པ་ཞིག་ཟིན་ཡོད་སྟབས་བོད་མི་མང་ཤོས་ཀྱིས་གཅིག་བགྱིས་ན་དང་ལེན་བྱ་སྲིད། གལ་སྲིད་དེ་ལྟར་མིན་ན། ངེས་པར་དུ་བོད་མི་ཡོངས་ཀྱི་གདམ་གར་གུས་བརྩི་བྱ་དགོས།


བོད་མིའི་༼བདེན་དོན་གཉིས་༽ཁྱབ་སྤེལ་བྱ་དགོས།

            ད་ལོར་ཏཱ་ལའི་བླ་མ་དགུང་གྲངས་༧༤རུ་སླེབས་ཡོད། ཁོང་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞིའི་ཁྲོད་ཀྱི་དགུང་ལོ་བགྲེས་ཤོས་དེ་ཡིན་པ་མ་ཟད། འཛམ་གླིང་ས་ཡི་གོ་ལའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་གྲུ་ཟུར་ཀུན་པོར་ཞབས་སོར་འཁོད་ནས་འགྲོ་བ་མའི་འཇིག་རྟེན་འདིའི་སྟེང་གུས་བཀུར་ཞུ་ཡུལ་གྱི་གཙོ་གྲས་ནའང་ཡོད། འདས་པའི་ལོ་ངོ་ཉི་ཤུའི་རིང་༼དབུ་མའི་ལམ་༽གྱི་སྲིད་ཇུས་གཞིར་བཟུང་ནས་རྒྱ་ནག་གཞུང་ལ་འབྲེལ་འདྲིས་གྲོས་མོལ་ག་ཚོད་བྱས་ཀྱང་འགྲུབ་འབྲས་ཉག་གཅིག་ཀྱང་ཐོབ་མེད་ན།༼མ་འོང་པར་ཡང་འགྲུབ་འབྲས་ཤིག་ཐོབ་མི་སྲིད། དེ་ནི་ཆོས་ཉིད་དུ་གྱུར་ཡོད།༽ཐབས་ཇུས་ལ་འགྱུར་བ་བཏང་ནས་དཀྱིལ་སྙིང་དེ་འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་༼བདེན་དོན་གཉིས་༽ཁྱབ་སྤེལ་བྱ་རྒྱུར་འཇོག་དགོས།

༼བདེན་དོན་གཉིས་༽སྟེ་བོད་དེ་ལོ་རྒྱུས་སྟེང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་བདེན་དོན་དང་། བོད་མི་མང་ཆེ་བས་རང་བཙན་འདོད་ཀྱིན་ཡོད་པའི་བདེན་དོན།

རྒྱལ་སྤྱིའི་སྟེང་བདེན་དོན་ལ་རྒྱུས་མངའ་ཡོད་པའི་མི་རྣམས་ཀྱི་རྒྱབ་སྐྱོར་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱ་རྒྱུ་དང་ཆབས་ཅིག་གཞིས་སྡོད་བོད་མི་ཚོའི་གོ་རྟོགས་སད་ཐབས་སུ་སྐུལ་འདེད་བྱ་དགོས། རེ་བ་རང་གི་མི་དམངས་ཀྱི་གོ་རྟོགས་སད་རྒྱུར་བཅངས་རྒྱུ་ལས། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པས་བྱིན་གྱིས་བརླབས་རྒྱུར་སྐྱབས་བཅོལ་ག་ལ་རུང༌། ཡང་ན། དབང་བསྒྱུར་པའི་འགྱུར་ལྡོག་ལ་རེ་བ་བཅངས་མི་རུང་ལ། མི་དངམས་ཀྱིས་བདེན་དོན་ལ་ངེས་ཤེས་བྱུང་པ་ལས་ཐོན་པའི་སྟོབས་ཤུགས་ལ་རེ་བ་བཅོལ་དགོས།

            ད་ལྟ་ལག་ལེན་དུ་བསྟར་བཞིན་པའི་དབུ་མའི་ལམ་ནི་འགྲོ་ས་མེད་པ་ཀ་དང་ང་རེད། འཛམ་གླིང་ཁྱོན་ཡོངས་སུ་བོད་པའི་བདེན་དོན་གཉིས་ཁྱབ་སྤེལ་བྱས་པ་ལས་དུས་ཡུན་ཐུང་ངུའི་ནང་གྲུབ་འབྲས་ཤིག་སྨིན་མིན་ལའང་ངེས་གཏན་མེད། འོ་ན་ཀུན་པོར་མངོན་དུ་གྱུར་ནས་གྲུབ་འབྲས་ཤིག་སྨིན་མི་ཐུབ་ན་ཤེས་བཞིན་དུ་ཅིའི་ཕྱིར་དོན་དམ་པའི་ལམ་ཁར་མི་འགྲོའམ། དོན་དམ་པའི་ལམ་ཁར་ཞུགས་ན་ད་བཟོད་གྲུབ་འབྲས་ངོ་མ་དེ་སྨིན་སྲིད། དེ་ལས་བཟློག་ཏེ་པེ་ཅིན་གཞུང་དང་གྲོས་མོལ་བྱ་རྒྱུའི་འོས་མིན་འགྲིག་ཐབས་ཀྱི་སྲིད་ཇུས་ཁོ་ནར་རེ་ལྟོས་བྱས་ན། རང་ཉིད་ལྷོད་གཡེང་ཚོར་ཉམས་དང་འཐབ་རྩོད་ཀྱི་འདུན་པ་རྩ་བརླག་ཏུ་འགྲོ་རྒྱུ་ལས་གཞན་མ་མཆིས་ལ། ད་དུང་རྒྱ་ནག་སྒེར་གཅོད་ལམ་ལུགས་ཀྱི་དབང་བསྒྱུར་གྱི་ཁྲིམས་མཐུན་རང་བཞིན་༼བསྐྱར་བཟློ་ཡང་བཟློ་༽བྱས་པའི་གནས་སྟངས་འོག་གཞིས་སྡོད་བོད་མི་ཚོར་ལོག་ལམ་དུ་ཁྲིད་སྲིད་པའི་ཉེན་ཁའང་ཡོད། དེ་འདྲའི་ཤུགས་རྐྱེན་ལས་ཁོང་ཚོས་ཀྱང་རང་ཉིད་ཀྱི་ལོ་རྒྱུས་དངོས་དེ་མི་ཤེས་ཤིང༌། རང་བཙན་བྱ་ཐུབ་མིན་ལ་བསམ་བློ་ཡང་འཁོར་མི་ཕོད་པའི་གནས་སུ་ཚུད་རྒྱུ་མ་ཟད། ༼ཁ་མི་གྲགས་དུང་འཁྱིལ་༽གྱི་ཕན་ནུས་འབྱུང་ནས། ཁོང་ཚོས་བོད་གཞིས་བྱེས་གཉིས་སུ་བོད་མི་མང་ཆེ་ཤོས་ཀྱིས་རང་བཙན་མི་བསམ་པ་དང་། ཁོ་བོ་གཅིག་པུས་བསམ་བསྡད་ཡོད་པ་ཞིག་ཡིན་ཕྱིན་ད་ཕལ་ཆེར་དོར་ན་བཟང་འདྲ་བའི་ནོར་འཁྲུལ་ཅན་གྱི་བསམ་བློ་སྐྱེ་མི་སྲིད་པ་མིན།


བོད་མི་དམངས་ཀྱི་གོ་རྟོགས་སད་རྒྱུ་ནི་གནད་འགག་ཡིན།

བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ལུགས་བསྒྲགས་ན་ད་བཟོད་རྒྱ་རིགས་ཤེས་ལྡན་མི་སྣས་རྒྱབ་སྐྱོར་རེག་གི་རེད་ཅེས་པའི་བཤད་སྲོལ་དེའང་གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་ཅེས་པའི་དཔེ་རུ་སོང་ཡོད། རྒྱུ་མཚན་གང་ཡིན་ཞེ་ན། བོད་དོན་གྱི་མཐའ་མའི་ཐག་གཅོད་བྱ་རྒྱུའི་གནད་འགག་ནི་བོད་མི་ས་ཡ་དྲུག་གི་གོ་རྟོགས་སད་པའི་ཚད་རིམ་དང་འཐབ་རྩོད་ཀྱི་ནུས་སྟོབས་ལ་ཐུག་ཡོད་པས་སོ། ཨེ་སི་རིད་ཀྱི་རྒྱལ་ཁབ་བསྐྱར་འཛུགས་དང༌། ཤར་ཏེ་མོའི་རང་བཙན། ཁའོ་སའོ་བོའི་རང་བཙན། ཨ་རི་དབྱིན་ཇིའི་དབང་བསྒྱུར་ལས་གྲོལ་པའི་རང་བཙན་གྱི་དམག་འཁྲུག་སོགས་གླེང་མི་དགོས་པར། དཔེ་མཚོན་འདི་ཚང་མ་རང་རིགས་མི་དམངས་ཀྱི་བརྩོན་འགྲུས་ལ་བརྟེན་ཡོད་པ་ལས། མི་སེར་དབང་བསྒྱུར་པའི་ནང་ཁུལ་གྱི་ཤེས་ལྡན་མི་སྣར་བརྟེན་མེད། ཕ་རོལ་པའི་མི་རིགས་ནང་གི་ཤེས་ལྡན་མི་སྣས་ཤེས་ཐོབ་ཀྱི་ཤེས་རིག་དང་ནུས་པའི་འབོད་སྐད་སྒྲོག་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་བདེན་ཡང་དེ་ནི་གནད་འགག་མིན་ལ། ༼སྔོན་འགྲོའི་ཆ་རྐྱེན་༽དེ་བས་ཀྱང་མིན།

ཏཱ་ལའི་བླ་མའི་མཚན་སྙན་གྱི་བ་དན་འཇིག་རྟེན་ས་སྒང་ཀུན་པོར་བར་མེད་དུ་གྲགས་དང་གྲགས་བཞིན་པའི་ཁ་ས་དེ་རིང་ནི་གོ་ལའི་ཁྱོན་ཡོངས་སུ་བོད་ཀྱི་༼བདེན་དོན་གཉིས་༽ཁྱབ་སྤེལ་བྱ་རྒྱུའི་གོ་སྐབས་མཆོག་ཏུ་གྱུར་བ་དེ་ཡིན།ཉི་མ་གཅིག་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་འདི་ཉིད་དགུང་པ་གཞན་དོན་དུ་ཕྱིན་ཚེ།གལ་སྲིད་ཡང་སྲིད་ངོས་འཛིན་བྱས་ཀྱང་ཉུང་མཐའ་ལོ་ཉི་ཤུའི་རྗེས་སུ་ད་བཟོད་ཏཱ་ལའི་བླ་མ་དར་མ་ཞིག་ལས་མེད་པ་དང། ཏཱ་ལའི་བླ་མའི་ད་ལྟའི་མཚན་སྙན་གྲགས་འདི་འདྲ་ཞིག་གི་ཚད་དུ་ཐོན་དགོས་ན་དེ་ནི་དཀའ་མོ་གཅིག་པུ་ཙམ་མ་ཡིན་པར་བྱུང་མི་སྲིད་པ་ཞིག་ཀྱང་རེད།            རྒྱུ་མཚན་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་འདི་ཉིད་ལ་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་པར་ནུས་པའི་གཟི་བྱིན་དང་ལྡན་པས་སོ།            དཔེར་ན།གང་ཉིད་ལ་ལྡན་པའི་གཤིས་རྒྱུད།       ཉམས་འགྱུར།       གཞན་བཀུར།            གཞན་ཕན་གྱི་སེམས་པ།བྱིས་པ་ལྟ་བུའི་ལྷག་བསམ་ཟོལ་མེད། ལྷད་མེད་རང་བཞིན་ཀྱི་བཞད་མོ།བཀའ་སློབ་གནང་དུས་ཁྱད་པར་བའི་ངར་ཤུགས་སོགས་ཚང་མ་གང་ཉིད་ལ་ལྡན་པའི་ཁྱད་ཆོས་ཡིན་པས་དེར་ལད་ཟློས་བྱ་མི་ཐུབ། འདི་ལྟ་བུའི་འཛམ་གླིང་རང་བཞིན་གྱི་སྙན་གྲགས་དང་བཀུར་བརྩི་ནི་མ་འོང་པར་མི་གང་རུང་ཞིག་ལ་ཏཱ་ལའི་བླ་མ་ཞེས་མཚན་བཏགས་པ་ལས་རེག་ཐུབ་པ་ཞིག་རྩ་བ་ནས་མིན།འདི་ལྟ་བུའི་རིན་ཐང་དང་བྲལ་པའི་༼མི་སྒེར་གྱི་ཐོན་ཁུངས་༽དེ་༼དབུ་མའི་ལམ་༽དུ་བཀོལ་ན་ངོ་མ་བློ་ཕམ་དགོས་པ་ཞིག་ལས་མ་འདས།


བོད་མའི་སེམས་ཁུངས་ཀྱི་འབོད་པ་ནི་རང་བཙན་ཡིན།

རང་བཙན་ནི་བོད་མི་མང་ཆེ་ཤོས་ཀྱི་སེམས་གཏིང་ན་འཇགས་པའི་རེ་སྨོན་ཡིན་པར་ང་ལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཡིད་ཆེས་བྱས་ཡོད།  འོན་ཀྱང། རྒྱ་ནག་༼འབྲུག་ངན་༽གྱི་བཙན་ཤེད་དང་སྲིད་དབང་གདུག་རྩུབ་ཅན་གྱི་འོག་ཏུ་ཁོང་ཚོས་རང་གི་འབོད་པ་ངོ་མ་དེ་ཕྱི་རུ་མངོན་མ་ནུས་པ་རེད།  བོད་མི་ཚོས་ཏཱ་ལའི་བླ་མར་ཟོལ་མེད་ཀྱི་ལྷག་བསམ་དང་གུས་མཐོང་ཆེན་པོ་བཅངས་ཡོད་པས། ཁོང་ཚོས་ཆོས་ལུགས་ཀྱི་དད་པས་ཏཱ་ལའི་བླ་མའི་སྲིད་བྱུས་ལ་གོང་བཀུར་བྱས་ཡོད།  ཡིན་ན་ཡང་རང་དབང་ནི་མི་རེ་རེིའི་སེམས་གཏིང་གི་རེ་སྙེག་ཡིན། དྲག་པོའི་དབང་ཤུགས་དང་གཉའ་གནོན་ལས་ཐར་གྲོལ། རང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱ་རྒྱུ་ནི་གནའ་ནས་ད་བར་འཛམ་གླིང་རིགས་སོ་སོའི་མི་དམངས་ཀྱི་ཤ་དང་ཁྲག་གི་འགྲོ་གྲོན་ལས་ལྷུར་ལེན་བྱས་པ་ཞིག་ཡིནཞིང་། བོད་མི་དམངས་ཀྱང་དེ་ལས་མ་འདས། ཏཱ་ལའི་བླ་མ་དང་བྱེས་སྡོད་བོད་མི་ཚོ། གལ་སྲིད་བོད་མི་མང་ཆེ་ཤོས་ཀྱི་སེམས་གཏིང་གི་རེ་སྙེག་སྟེ་༼བོད་རང་བཙན་༽གྱི་འབོད་པར་བརྩི་མཐོང་བྱས་ཏེ།  བདེན་དོན་དེ་དང་དངོས་ཡོད་གནས་སྟངས་དེ་ཁྱབ་སྤེལ་གྱིས་འཛམ་གླིང་ལ་བདེན་དོན་ངེས་ཤེས་གསལ་བོ་ཡོང་བར་བཅུག་པ་དང། ནང་སྒོས་སུ་བོད་མི་རེ་རེས་རང་ཉིད་གྲོགས་མེད་ཁེར་རྐྱང་མིན་པ་ཤེས་རྟོགས་ཡོང་བར་འཇུག་རྒྱུ། བོད་མི་རེ་རེའི་སེམས་ཁུངས་ཀྱི་རེ་སྨོན་མུ་ནས་མུ་རུ་འབར་དུ་འཇུག་དགོས་ལ།   རེ་སྨོན་དེ་ཚ་ཚ་འུར་འུར་དུ་འབར་པས་རང་བཙན་གྱི་བོད་རྒྱལ་ཁབ་ཅིག་སླར་གསོ་ཡོང་རྒྱུའི་བགྲོད་ལམ་ཡང་དུས་མཉམ་དུ་སྐྲུན་ཐུབ།  བགྲོད་ལམ་དུ་དཀའ་སྡུག་ཇི་འདྲ་ཆེ་འང་།  མི་རབས་ག་ཚོད་ཅིག་གི་ཧུར་བརྩོན་བྱ་དགོས་ཀྱང་། དེ་ནི་སྔ་ཕྱི་ཙམ་མ་གཏོགས་ནམ་ཞིག་གི་ཉིན་མོར་ཞུགས་དགོས་པའི་བགྲོད་ལམ་དེ་ཡིན།    དེ་འདྲ་ཡིན་ན།   ཅིའི་ཕྱིར་ད་ལྟ་ནས་འགོ་མི་འཛུགས་སམ།  གོམ་པ་དང་པོ་དེ་ཅི་འདྲའི་མཉེན་མོ་ཞིག་ཡིན་རུང་།  རྒྱང་ཐག་ཤིན་ཏུ་རིང་པའི་རྒྱལ་ཁབ་སླར་གསོའི་ལམ་བུ་རུ་བཤད་རིན་མེད་པ་ཞིག་ཡིན་རུང་།  དེ་ནི་སེམས་གཏིང་གི་འབོད་པའི་འགྲོ་ལམ་དང་གཞི་གཅིག་ཏུ་འདྲེས་པའི་ལམ་བུ་དེ་དང་རེ་སྨོན་གྱི་ལམ་བུ་དེ།  ནོར་མེད་འཕྱུགས་མེད་ཀྱི་ལམ་བུ་དེ་ཡིན་པས། མགོ་འཁོར་པའི་ལམ་བུའི་སྟེང་གོམ་པ་བརྒྱ་སོང་པ་ལས་རེ་སྨོན་དང་འདྲེས་པའི་ནོར་མེད་འཕྱུགས་མེད་ཀྱི་ལམ་བུའི་སྟེང་སོར་གང་སྔོན་དུ་སྐྱོད་ན་བཟང་།   མི་སུ་དང་གང་ཡིན་ཡང་རང་ཉིད་ཀྱི་རེ་སྨོན་གྲུབ་ཆེད་བཏོན་པའི་བརྩོན་པའི་ཉག་རེ་རེར་མི་མངོན་པའི་ནུས་ཤུགས་ཆེན་པོ་རེ་ལྡན་ལ།   རྒྱུ་མཚན་ནི་ངོ་མ་ལྷད་མེད་དེ་ཡིན་པའི་ཕྱིར།    འགྲོ་བ་མིའི་གནའ་ནས་ད་བར་གྱི་གྲུབ་འབྲས་ཡོད་ཚད།   རྒྱལ་ཁ་ཡོད་ཚད།   ཚང་མ་རེ་སྨོན་ལ་རེ་སྙེག་བྱས་པའི་གྲུབ་འབྲས་ཡིན།   བོད་མིའི་རེ་སྨོན་ཡང་དུས་ནམ་ཞིག་ཏུ་འགྲོ་བ་མིའི་རེ་སྨོན་མངོན་པར་གྱུར་པའི་དུམ་བུ་རུ་གྱུར་སྲིད།

   ཕྱི་ལོ་༢༠༠༩ ཟླ་ ༠༨པའི་ཚེས་ ༢༤ལ། ཨ་རི་ནས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading