བྷི་བྷི་སི་(BBC=དབྱིན་ཇིའི་རྒྱང་སྒྲོག་ལྟེ་གནས་ཁང་) འཕྲོད་བསྟེན་ཚན་པས་སྤེལ་བའི་གནས་ཚུལ་ལྟར་ན། ལག་ཁྱེར་ཁ་པར་དོར་མའི་ཁུག་མར་བཅུག་པ་དེས་ཁམས་དཀར་གྱི་གྲངས་ཀ་དང་དེའི་འགུལ་བསྐྱོད་ལ་ཤུགས་རྐྱེན་སྤྲོད་ཀྱིན་ཡོད་སྐོར་བཀོད་འདུག  ཞིབ་འཇུག་པ་ཚོས་ལག་ཁྱེར་ཁ་པར་གྱིས་ཕོ་ཡི་ཁམས་དཀར་ལ་ཐེབས་པའི་ཤུགས་རྐྱེན་ཐད་ད་དུང་ཞིབ་འཇུག་མཐིལ་ཕྱིན་པ་གཏོང་དགོས་འདུག་ཟེར། 

རྒྱལ་སྤྱིའི་ཁོར་ཡུག་དུས་དེབ་ཏུ་སྤེལ་བའི་ཞིབ་འཇུག་གྲུབ་དོན་དེར་གློག་ཁབ་ལེན་གྱི་འགྱེད་འཕྲོ་” (electromagnetic radiation/电磁辐射) ནི་ཉེན་ཁ་འདི་བསྐྱེད་མཁན་གཙོ་བོ་རེད་ཟེར།

སྐྱེས་པ་1492 ཡི་ཁམས་དཀར་གྱི་སྤུས་ཀར་ཞིབ་འཇུག་ཐེངས་བཅུ་ལ་བྱས་པའི་གྲུབ་དོན་ཁག་ལ་ཉམས་ཞིབ་བྱས་ཡོད་པ་དང་། དེར་ལག་ཁྱེར་ཁ་པར་གྱི་འགྱེད་འཕྲོ་ཕོག་པའི་ཁམས་དཀར་ལ་རྫས་འགྱུར་བརྟག་དཔྱད་བྱས་པའི་གྲུབ་འབྲས་ཁག་དང་། མི་དེ་དག་ལ་སྨན་ཁང་སོ་སོ་ནས་བཅར་འདྲི་བྱས་པའི་དྲི་བ་དྲིས་ལན་ཁག་ཀྱང་ཚུད་ཡོད།

ཞིབ་འཇུག་འདིའི་སྣེ་ཁྲིད་མཁན་འབུམ་རམས་པ་ཧྥི་ཡོ་ནཱ་(Dr Fiona Mathews)ལགས་ཀྱིས་བྷི་བྷི་སི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། ཞིབ་འཇུག་ཐེངས་བཅུ་བྱས་པའི་ཁྲོད། ཁ་པར་གྱི་འགྱེད་འཕྲོར་རག་པ་དང་ཁམས་དཀར་གྱི་སྤུས་ཀ་ཇེ་ཞན་དུ་སོང་བ་གཉིས་དབར་ལ་འབྲེལ་བ་ཡོད་པའི་དཔང་རྟགས་སྟོན་པ་དགུ་བྱུང་འདུག་ཟེར། དེར་མཐུད་ནས་མོས་ཞིབ་འཇུག་གྲུབ་དོན་མང་པོ་ཞིག་གིས་ཁ་པར་གྱི་འགྱེད་འཕྲོར་རག་པ་ལ་བརྟེན་ནས་ཁམས་དཀར་གྱི་སྤུས་ཀ་ཇེ་ཞན་དུ་འགྲོ་བའི་སྣང་ཚུལ་གཏན་ཆགས་སུ་སྟོན་བཞིན་འདུགཟེར།

ཡིན་ན་ཡང་། ཤཱེ་ཧྥིལ་ཌི་གཙུག་ལག་གཉེར་ཁང་(University of Sheffield)གི་ཚན་རིག་པ་ཨཱེ་ལཱེན་པེ་སིས་(Dr Allan Pacey) ཡིས་འདིར་མཐའ་གཅིག་ཏུ་དགག་པ་བརྒྱབ་པ་མ་ཟད།ངས་མུ་མཐུད་ནས་ཁ་པར་རང་གི་རྐང་བསྣམས་ཁུག་མ་གཡས་པར་ཉར་རྒྱུ་ཡིན་ཟེར།

ཚན་རིག་པ་ཨཱེ་ལཱེན་པེ་སིས་(Dr Allan Pacey) ཡིས་ཁམས་དཀར་ལ་ཞིབ་འཇུག་བྱེད་ཀྱིན་པ་དང་། གོང་གི་ཞིབ་འཇུག་གྲུབ་དོན་དེར་ཡིད་ཆེས་བྱེད་ཀྱིན་མེད།

——————————————-

གང་ལྟར། ཁ་པར་དང་དེའི་འབྱེད་འཕྲོའི་ཤུགས་རྐྱེན་ཐད་ལ་ཞིབ་འཇུག་རྣམ་གྲངས་མང་པོ་ཞིག་བྱས་ཡོད་པ་མ་ཟད། བར་སྐབས་ཤིག་ལ་ཁ་པར་གྱིས་མིའི་ཀླད་པར་གནོད་འཚབ་བསྐྱེད་ཀྱིན་ཡོད་པའི་སྐོར་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད་པས། དུས་རྒྱུན་གྱི་འཚོ་བའི་ཁྲོད་ཁ་པར་དང་གློག་ཀླད་ཀྱིས་མཚོན་པའི་འགྱེད་འཕྲོ་ཅན་གྱི་འཕྲུལ་ཆས་ལ་ཉམས་འཇོག་དགོས་པར་སྣང་ངོ།

ཡོང་ཁུངས་བོད་ཀྱི་སྤྱིི་ཚོགས་འཕྲོད་བསྟེན་དྲ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading