དེ་རིང་། ངའི་ཕ་མ་གཅིག་གི་སྲིང་མོ་སྒྲོལ་མ་མཚོ་ལགས་སུ་རྒྱ་གཞུང་གིས་ཟླ་བ་བཅུ་གཅིག་རིང་ལ་བཀག་ཉར་ཁང་ནས་གཅར་རྡུང་བཙོན་འཇུག་བྱས་འདུག་པ་མ་ཟད། རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ཏེ་ལོ་གསུམ་ལ་ཁྲིམས་ཐག་ཀྱང་བཅད་འདུག། དེའི་ཁར་ཆབ་སྲིད་ཀྱི་ཁེ་དབང་ལོ་གསུམ་ལ་འཕྲོགས་ཡོད་པའི་སྐོར་གྱི་གནས་ཚུལ་མདོར་བསྡུས་ཤིག བོད་ཀྱི་འཐབ་རྩོད་པ་དང་བོད་དོན་རྒྱབ་སྐྱོར་བ། དེ་མཚུངས་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་རྣམས་ལ་སྙན་གསེང་ཞུ་རྒྱུར།

དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོར་རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ནས་ལོ་གསུམ་ལ་ཁྲིམས་ཐག་གཅོད་དགོས་པའི་ཁག་འགེལ་བྱེད་ས་ནི། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས། སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་འཇོག་རོགས་བྱས་པ་སོགས་ཀྱི་དོགས་གཞིའི་འོག་བཙན་བཟུང་བྱས་ནས་ཟླ་བ་བཅུ་གཅིག་ལ་བཀག་ཉར་འོག་ནས་གཅར་རྡུང་དང་མནར་གཅོད་སྣ་ཚོགས་མྱངས་དགོས་བྱུང་འདུག

དེ་ནས་ཟླ་འདིིའི་ཚེས་ ༣ ཉིན་གྱི་ཞོགས་པའི་བོད་ནང་གི་དུས་ཚོད་དགུ་དང་ཕྱེད་ཀའི་ཐོག རྔ་བ་རྫོང་མི་དམངས་ཁྲིམས་ཁང་ནས་མི་བསད་པའི་ནག་ཉེས་བཙན་འགེལ་བྱས་ཏེ་ལོ་གསུམ་གྱི་ཁྲིམས་ཐག་གཅོད་སྐབས་སུ། སྒྲོལ་མ་མཚོ་ལ་ཁྲིམས་ཐག་གཅོད་མཁན་རྣམས་ཀྱིས་མི་བསད་པའི་ནག་ཉེས་ཁས་ལེན་གཙང་མ་བྱས་ན། ཁྲིམས་ཐག་ཇེ་ཉུང་དང་མ་འོངས་པར་འགྲོ་འདུག་སྤྱོད་གསུམ་ཐད་ལ་སྟངས་འཛིན་བྱེད་ཕྱོགས་ཇེ་ལེགས་སུ་གཏོང་ངེས་ཟེར་སྐབས། སྒྲོལ་མ་མཚོས་ཁྲོམ་རྭ་རང་ནས་སྐད་ཤུགས་མཐོན་པོའི་སྒོ་ནས་ངས་དཀོན་མཆོག་ཚེ་བརྟན་ལགས་ཀྱི་སྐུ་ཕུང་ལ་ལག་པ་འཆང་དུས་སྐུ་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཟིན་འདུག སྐུ་ཕུང་རླངས་འཁོར་ནང་དུ་བཞག་པ་ལས་མི་བསད་པའི་ནག་ཉེས་སོགས་གཞན་གང་ཡང་བྱས་མྱོང་མེད་ལ། སྐབས་དེར་ང་རང་གཅིག་པུ་མ་གཏོགས་གཞན་མི་སུ་ཡང་མེད། ཁྱོད་ཚོས་ང་ལ་ཟླ་བ་མང་པོའི་རིང་དབང་ཤེད་བཙན་པོས་ཁྲིམས་བཤེར་རབ་དང་རིམ་པར་སྤེལ་སྐབས་སུ་བཤད་ཟིན་པ་ལྟར་འགྱུར་བ་གང་ཡང་མེད་ཅེས་བཤད་འདུག ད་སྐབས་མོའི་ཁྱིམ་ཚང་ཤུལ་དུ་ཆོ་ཁ་དབང་འདུས་དང་མོའི་བུ་མོ་ལོ་ ༡༢ ཡིན་པའི་ཚུལ་ཁྲིམས་སྒྲོལ་མ་གཉིས་ལྷག་ཡོད།

དེ་མཚུངས་སྒྲོལ་མ་མཚོ་དང་མཉམ་དུ་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་མི་ཉི་ཤུ་ལྷག་འཛིན་བཟུང་བྱས་ཏེ་ཉིན་གྲངས་བཅུ་དང་ཉི་ཤུའི་བར་ནས་ཁག་ཅིག་གློད་གྲོལ་བཏང་འདུག་ཀྱང་། དེའི་ནང་ནས་མི་བཅུ་ནག་ཉེས་ཆེ་ཤོས་ཅན་ལ་བརྩིས་ཏེ་ད་ལྟའི་བར་ཟླ་བ་བཅུ་གཅིག་གི་རིང་བཀག་ཉར་ཁང་ནས་གཅར་རྡུང་བཙོན་འཇུག་བྱས་འདུག་པའི་ཁོངས་ནས། ཟླ་འདིའི་ཚེས་ ༣ ཉིན་རྨེའུ་རུ་མའི་རུ་ཆེན་གཉིས་པའི་གོ་ཚེ་ཚང་གི་དཀོན་མེ་ལ་མི་བསད་པའི་ནག་ཉེས་གཡོགས་ཏེ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག ཡང་རྨེའུ་རུ་མའི་རུ་ཆེན་བཞི་བའི་མར་ལི་ཚང་གི་དགེ་འཕེལ་ལ་མི་བསད་པའི་ནག་ཉེས་བཙན་འགེལ་བྱས་ནས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་འདུག གཞན་ཡང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་སྒྲོལ་མཚོ་ཚང་གི་ཡིན་ཞིང་རྔ་བ་ཀིརྟི་དགོན་པའི་གྲྭ་བསྟན་པ་དང་། ཡང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཞི་ཆུང་ཚང་གི་ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་གཉིས་ལ་ད་དུང་ཁྲིམས་ཐག་བཅད་མི་འདུག་ལ། ཁྲིམས་ཐག་མ་བཅད་པའི་རྒྱུ་མཚན་གང་ཡང་གསལ་འདོན་བྱས་མི་འདུག གཞན་ཡང་གནས་ཚུལ་དེ་དང་འབྲེལ་བ་ཡོད་པའི་རྨེའུ་རུ་མ་ནས་ཡིན་པ་ཙམ་ལས་སེར་སྐྱ་སུ་ཡིན་དང་མིང་། ཁྱིམ་ཚང་དང་རུ་སྡེ་སོགས་མི་ཤེས་པའི་མི་ལྔ་ད་དུང་བཙོན་འཇུག་བྱས་ཡོད་འདུག

གོ་སྐབས་འདི་བརྒྱུད་ནས་ངའི་ཁྱིམ་ཚང་གི་མི་ཐོག་གསུམ་གྱི་གནས་བབ་དྲན་གསོ་ཞིག་ཞུས་ན། ངའི་ཁྱིམ་ཚང་ནི་རྔ་བ་རྫོང་གི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་ཚང་ཟེར་བ་དེ་ཡིན། ངའི་སྤོ་བོ་(ཨ་མྱེས།)དགེ་པད་ལི་ལ་རྒྱ་གཞུང་གིས་ལོ་དགུའི་ཁྲིམས་ཐག་བཅད་དེ་བཙོན་ཁང་ནང་ནས་གྲོངས་འདུག ངའི་རྨོ་མོ་(ཨ་ཡེས།)བསོད་ནམས་སྐྱིད་ལ་ནག་ཉེས་ཆེ་བའི་ཞྭ་མོ་ཅན་གྱི་མིང་ཞིག་བཏགས་ནས་གཅར་རྡུང་དྲག་པོའི་ཁྲོད་ནས་འདས་གྲོངས་སུ་གྱུར། དེ་ནས་ངའི་ཨ་ཕ་དགེ་རིག་ལ་ཕྱི་ལོ་ ༡༩༩༨ ཟླ་ ༣ ཚེས་ ༡༢ ཉིན་རྒྱལ་གཅེས་ཆོས་གཅེས་ཟེར་བའི་རྒྱ་གཞུང་གིས་ལས་འགུལ་སྤེལ་སྐབས་སུ་བོད་དོན་དང་འབྲེལ་བའི་ཡི་གེ་སྦྱར་འགྲེམས་བྱས་པའི་ཉེས་མིང་འོག་ཟླ་བ་གཅིག་ལྷག་ལ་གཅར་རྡུང་བཙོན་འཇུག་བྱས་པ་ཐེངས་དང་པོ་ཡིན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༧ ཉིན་བོད་གནས་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་གཅར་རྡུང་བཙོན་འཇུག་བྱས་པ་ཐེངས་གཉིས་པ་ཡིན། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༩ ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེར་སྲེག་བཏང་བའི་སྐོར་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་གཅིག་ལྷག་ལ་གཅར་རྡུང་བཙོན་འཇུག་ཐེངས་གསུམ་པ་དེ་བྱས། དེའི་སྐབས་སུ། ངའི་ཨ་མ་དོན་ཁོ་ཉིན་ཤས་རིང་གཅར་རྡུང་དང་བཀག་ཉར་བྱས་ཤིང་དུས་མཚུངས་ངའི་སྲིང་མོ་མེ་ཏོག་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། གཅར་རྡུང་དྲག་པོ་བྱས་ཏེ་ཀླད་པ་སྐྱོན་ཅན་དུ་བཟོས་སོང་། སྐབས་དེར་ངའི་ནང་མིའི་ཉེ་འབྲེལ་གྱི་སྐྱ་སེར་མང་པོ་ཞིག་བྲོས་བྱོལ་དང་ཉེན་ཡོལ་དུ་འགྲོ་དགོས་པ་སོགས་དཀའ་ངལ་མང་པོ་བྱུང་བ་ནི་རྒྱ་གཞུང་གིས་ཁྱིམ་ཚང་གཅིག་ལ་བཟོས་པའི་མི་ཐོག་གསུམ་གྱི་རྨ་ཁ་ཡིན་ལ། ཁྱིམ་ཚང་གཅིག་གི་གནས་བབ་ཀྱིས་ས་ཁུལ་དེ་ལ་བྱུང་བའི་ཡ་ང་བའི་ལོ་རྒྱུས་ཀྱི་རྨང་གཞི་མཚོན་ནོ།།

དེ་བཞིན་ངའི་ཕ་ཡུལ་ཨ་མདོ་རྔ་བའི་གནས་བབ་དེ་ལོ་རྒྱུས་ཀྱི་ངོས་ནས་དྲན་གསོ་མདོར་བསྡུས་ཤིག་ཞུ་འདོད་བྱུང་། རྒྱུ་མཚན་ནི། ཨ་མདོ་རྔ་བ་ནས་ཞི་རྒོལ་རབ་དང་རིམ་པར་བྱེད་དགོས་པའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་དཀའ་རྙོག་དེ་ཤེས་རྟོགས་ཡོང་ཐབས་དང་། རྒྱ་གཞུང་གིས་ས་ཁུལ་གཅིག་ལའང་བཙན་འཛུལ་བྱས་པའི་ལོ་རྒྱུས་ཀྱི་སྐྱོ་གནས་དེས་བོད་མི་རིགས་སྤྱིའི་གནས་བབ་དེ་གསལ་འདོན་ཡོང་ཐུབ་པས་ཡིན།

དེས་ན་ཕྱི་ལོ་ ༡༩༣༥ དང་ ༡༩༣༦ སོ་སོར་དམར་དམག་རྒྱང་བསྐྱོད་སྔ་ཕྱི་གཉིས་ཡོང་བའི་སྐབས་སུ་རྔ་བའི་མི་མང་གིས་འཐབ་འཛིང་ཆེན་པོ་བྱས་ཡོད། ཡང་ཕྱི་ལོ་ ༡༩༥༨ ལོར་རྒྱ་གཞུང་གིས་བོད་བཙན་འཛུལ་བྱེད་དུས་རྔ་བའི་དགོན་གྲོང་མི་མང་གིས་འོས་ལངས་ཆེན་པོ་བྱས་ཡོད། དམིགས་བསལ་གྱིས་ཕྱི་ལོ་ ༡༩༦༨ ཟླ་ ༣ ཚེས་ ༡༧ ཉིན་རྔ་བའི་རྫོང་ཐོག་ཏུ་ཧོང་ཁྲན་ཞེས་འོས་ལངས་ལས་འགུལ་ཆེན་པོ་ཞིག་ཡུལ་མི་ཁྲི་ལྷག་གིས་རྔམ་སྟོན་ཁྲོམ་སྐོར་བྱས་པས་ཉེ་འབྲེལ་གྱི་རྫོང་ཁག་བརྒྱད་ལྷག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། རྔ་བ་རྫོང་གཅིག་པུ་ནས་མི་ཉིས་སྟོང་ལྷག་བཙོན་འཇུག་བྱས་པ་མ་ཟད། ཕྱི་ལོ་ ༡༩༧༨ བར་རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་ཀྱིས་ཡུལ་མི་བརྒྱ་ཕྲག་མང་པོ་བཙོན་འཇུག་དང་དམར་གསོད་རྒྱུན་ཆད་མེད་པར་བྱས་ཡོད།

ཕྱི་ལོ་ ༡༩༨༨ ཟླ་ ༣ པ་ནས་བཟུང་ཕྱི་ལོ་ ༡༩༩༢ བར་རྔ་བ་རྫོང་གི་དགོན་གྲོང་མི་མང་གིས་མ་སྐུལ་དང་བླངས་ཀྱིས་བོད་དོན་འཐབ་རྩོད་དང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཐེངས་བཞི་ཅུ་ཞེ་གཉིས་དང་། སྦྱར་ཡིག་དང་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་སུམ་སྟོང་ལྷག་སྦྱར་འགྲེམས་བྱས་ཡོད། ཕྱི་ལོ་ ༡༩༩༨ ལོར་རྔ་བ་ཁུལ་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བ་དེ་སྤེལ་མགོ་བཙུགས་ནས་ཆོས་ལུགས་དད་མོས་ཀྱི་རང་དབང་བཙན་འཕྲོག་བྱས་ཡོད། ཕྱི་ལོ་ ༢༠༠༣ ལོར་གྲྭ་པ་ལོ་ཆུང་བདུན་བརྒྱ་ལྷག་ཡོད་པའི་རྔ་བ་ཀིརྟི་དགོན་པའི་ནང་བསྟན་གཞོན་ནུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབས་ནས་མི་རིགས་ཀྱི་སོན་རྩ་རྣམས་ཀྱི་ཤེས་ཡོན་སློབ་གསོའི་ལམ་ཁ་མཐའ་གཅིག་ཏུ་བཀག་འགོག་བྱས་ཡོད། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་ཡུལ་མི་ཉེར་གསུམ་དམར་གསོད་བཏང་ནས་མངོན་སུམ་འཛེམས་མེད་ཀྱིས་དྲག་གནོན་ཚབས་ཆེན་བྱས་ཡོད། ཕྱི་ལོ་ ༢༠༠༩ ལོར་རྔ་བ་ཀིརྟི་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་བཀྲ་བྷེ་ལགས་དང་ ༢༠༡༡ ལོར་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་ལགས་རྣམ་གཉིས་ཀྱིས་སྐུ་ལུས་མེར་སྲེག་གནང་སྟེ་ད་ལྟ་བའི་བར་སེར་སྐྱ་ཕོ་མོ་དབྱེ་བ་མེད་པར་རྔ་བ་རྫོང་རང་གི་མི་བཞི་བཅུ་མ་ཟིན་ཙམ་གྱིས་སྐུ་ལུས་མེར་སྲེག་གནང་ནས་ད་ལྟའི་བོད་དང་བོད་མིའི་གནས་སྟངས་ཡ་ང་བའི་ལོ་རྒྱུས་དེ་མཚོན་ཐབས་བྱས་ཡོད།

མདོར་ན། རྒྱ་གཞུང་གིས་ཨ་མདོ་རྔ་བའི་མི་ཐོག་གསུམ་ལ་བཞག་པའི་སོས་རྒྱུ་མེད་པའི་རྨ་ཁ་དེའི་རྐྱེན་པས། ད་ལྟའི་བར་བོད་མི་རིགས་ཀྱི་ལ་རྒྱ་དང་གཞི་རྩའི་ཐོབ་ཐང་བཅས་ཀྱི་ཆེད་དུ། བློས་གཏོང་དང་ཆོད་སེམས་བརྟན་པོས་འོས་ལངས་དང་ཞི་རྒོལ་རྒྱུན་ཆད་མེད་པར་གནང་དགོས་བྱུང་བ་རེད། འདིས་རྒྱ་གཞུང་གིས་བོད་ཐོག་ལ་འཛིན་པའི་གཏིང་ནག་གི་སྲིད་བྱུས་བཙན་པོ་དང་བོད་ཀྱི་གནས་བབ་སྤྱིའི་ཟུར་གཅིག་གསལ་བོར་མཚོན་ནུས་སོ།།

རྨེའུ་དཀོན་རྒྱམ་གྱིས།

ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading