ཁ་སྒང་གཡང་འབུམ་ཚེ་རིང་།
ལོ་ཟླའི་ཆུ་བོའི་བཞུར་སྒྲ་རྣ་ལ་གཟན་ཐལ།།
ལང་ཚོའི་སྡོང་ལོ་སེར་བོས་མིག་ཟུང་གཟེར་ཐལ།།
སྡུག་བསྔལ་ཆར་རླུང་དྲག་པོས་ལུས་པོར་འདར་ཐལ།།
ཐོབ་ཤོར་མཆི་མ་དམར་པོས་སེམས་པ་བརླན་ཐལ།།
མི་ལུས་རིན་པོ་ཆེར་ཡང་རིན་ཐང་ཡལ་ཐལ།།
ཚེ་སྲོག་རྩ་ཆེན་པོར་ཡང་སྲུང་སེམས་བོར་ཐལ།།
འཇིག་རྟེན་མི་ཡུལ་འདི་ལ་དུང་ཞེན་བྲལ་ཐལ།།
སྒྱུ་མའི་སྣང་བརྙན་ཀུན་པོར་ཨ་ཐང་ཆད་ཐལ།།
མི་སེམས་མི་ཡིས་བསླུས་ནས་མི་གཤིས་བོར་ཐལ།།
མི་ཁྲག་མི་ཡིས་འཐུང་བའི་གཏུམ་སྤྱོད་གོམས་ཐལ།།
མི་འདང་མི་ལ་མེད་པའི་དུས་ངན་ཤར་ཐལ།།
མི་བྱེད་དགུ་བྱེད་ཐམས་ཅད་མི་ལ་ལོབས་ཐལ།།
ཚན་ཚན་རིག་པའི་འཕེལ་རྒྱས་ཡིད་ལས་འགོངས་ཐལ།།
ལུས་སྲོག་འཕྲོག་པའི་གཤེད་མ་སྔར་ལས་མང་ཐལ།།
ཕྱི་ནང་འཁྲུགས་པའི་རྒྱུ་རྐྱེན་བགྲང་ལས་འདས་ཐལ།།
བདེ་ལ་འགོད་པའི་བྱ་ཐབས་ཅི་ཡང་ཟད་ཐལ།།
ངུ་ངག་དབྱངས་ལ་གྱེར་ནས་ཁ་ལྕེ་བསྐམས་ཐལ།།
མིག་ཆུ་ཁོག་ལ་མིད་ནས་ནང་ཁྲོལ་བངས་ཐལ།།
བསམ་གཞིག་རྒྱང་དུ་བསྐུར་ནས་རེ་ཐག་ཆད་ཐལ།།
སྡུག་གཏམ་འདི་ཡང་མཛུབ་མོའི་རྩེ་ནས་བརྡོལ་ཐལ།།
༢༠༡༤།༠༧།༣༠
ངེད་དྲ་ཚིགས།