སྲིང་ཆུང་མ།

           འོད་དཀར།

བོད་སྐད་དབྱངས་ཡིག་ཁྲོད་ཀྱི།།

བྱམས་ལྡན་དགེ་རྒན་བཟང་མོ།།

ཕྱི་འཇམ་གོས་དཀར་ཅན་པོ།།

རྒྱང་རིང་ཡུལ་གྱི་སྲིང་མོ།།

 

ཕྱག་ཟུང་འཇམ་མཉེན་འོག་གི།

སེམས་ཀྱི་མར་ལོ་རྡོག་གཅིག།

རྒྱང་རིང་ས་མཐའ་ཞིག་ནས།།

ཕུ་བོས་འཕྲིན་ཞིག་སྤྲིངས་ཡོད།།

 

མགོ་སྐྲ་རླུང་ལ་བསྐྱོད་བཞིན།།

ནོར་ནག་རྗེས་ལ་སྙེག་དུས།།

དྲིན་ཆེན་ཕ་མ་ཟུང་གི།

སེམས་ཀྱི་རྟེན་ས་ཁྱེད་ཡིན།།

 

ལག་ལ་སྨྱུག་གུ་འཛིན་བཞིན།།

ཀ་ཁ་དབྱངས་ལ་འགུག་དུས།།

བསམ་མེད་བྱིས་པའི་མདུན་གྱི།།

ཤོག་དཀར་ཐོག་གི་བྱིས་རྫི།།

 

ཁ་བའི་ལས་དབང་ལྕི་མོ།།

ཁྱེད་ཀྱི་མདུན་ན་ལྷག་ཡོད།།

མི་ཚེ་གཏམ་རྒྱུད་རིང་མོ།།

ཁྱེད་ཀྱི་རྒྱབ་ལ་བསྙེགས་ཡོད།།

 

མ་བཅོས་གཤིས་ལ་གྲུབ་པའི།།

སེམས་རྒྱུད་དྲང་མོ་དེ་ལ།།

དུས་ཀྱི་རླུང་བུའི་སྐྱོན་གྱིས།།

གོད་དང་ཆག་གྲུམ་ཨེ་ཤོར།།

 

ཕ་ཡུལ་རོང་འབྲོག་འཚོ་བའི།།

གནམ་ཟླ་དྲོད་འཁྱག་བར་ནས།།

སྐུ་ལུས་འཇའ་ཚོན་འདྲ་བོར།།

མི་འདོད་ན་ཚ་མེད་ལ།།

 

དགྱ་མིན་བོད་མིན་ཅན་གྱི།།

དེང་རབས་གྲོང་སྡེ་ནང་ནས།།

ཕ་སྐད་གཙང་མ་དེ་ཡི།།

དབུགས་ཀྱི་རྒྱུ་ཕྱོགས་བདེ་འམ།།

 

ཕྱི་ཡུལ་ལམ་ཐག་རིང་མོར།།

ཕུ་བོར་ཕྱོགས་ལྟ་བྱེད་དུས།།

ཁྱི་དང་གཅན་གཟན་ཚོགས་ཀྱིས།།

འཇིགས་པའི་དཀའ་ངལ་མེད་དམ།།

 

ཕྱི་ཡི་ཁ་དོག་མི་གཅིག།

བཤད་པའི་སྐད་རིགས་མི་མཚུངས།།

འགྲོ་ལུགས་ཆ་རྒྱུས་མེད་པའི།།

རྒྱ་མཚོའི་ཕ་མཐའ་ཞིག་ནས།།

 

ལས་དང་རླུང་རྟའི་མདུན་ན།།

མི་ཚེའི་རེ་བ་འཚོལ་བཞིན།།

ཡོད་ཚད་གཞན་ལ་བཅོལ་ནས།།

ཕུ་བོས་མི་ཡུལ་འགྲིམ་ཡོད།།

 

ཕ་སྐད་གཙང་མ་དེ་ལ།།

དབྱིན་ཇིས་ལྭ་བ་བསྐོན་ཡང་།།

ཕ་ས་ལྗང་མདོག་ཅན་པོ།།

ད་དུང་སེམས་ནས་ཡལ་མེད།།

 

ཕ་ཡུལ་གཞིས་ན་ལྷག་ཡོད།།

ཕ་ལོ་ཕྱི་ལ་གྱེས་ཡོད།།

ཕ་མ་མེད་པའི་འུ་ཅག།

ལས་དབང་ད་དུང་རྫོགས་མེད།།

 

ལྷ་ལ་གསོལ་འདེབས་བྱས་ཡོད།།

ལས་ལ་སྨོན་ལམ་བརྒྱབ་ཡོད།།

འགྲུབ་དང་མི་འགྲུབ་ཟེར་བ།།

འུ་ཚོའི་ལས་ལ་བསྐོས་འདུག།

ཕྱི་ལོ་ ༢༠༡༤ ཟླ ༡༡ ཚེས་ ༦ ཉིན་ཤར་ལྷོ་བསུ་དཔལ་ནས་ཤར་བྲིས་སུ་བཀོད།

ངེད་དྲ་ཚིགས།

1 Comment on སྲིང་ཆུང་མ།

  1. ལྷ་བུ། // 11/08/2014 at 10:20 am // Reply

    སྙན་ངག་ཡག་གི གོ་བ་ཟབ་གི སྐུ་ཉིད་ཀྱི་སྙན་ངག་རེ་རེ་རུས་རྐང་ལ་ཐུམ་ཡོད།

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s