འབྲོག་མྱི
ཁོར་ཡུག་སྲུབ་སྐྱོབ་སྒྲིག་འཛུགས་ཏེ་ཁོར་ཡུག་བརྟག་དཔྱད་རྩ་འཛུགས (Environmental Investigation Agency)ཀྱི་ཕྱི་ལོ ༢༠༡༤ ཟླ ༡༡ ཚེས་༦ཉིན་བཏོན་པའི་སྙན་ཐོ་ཡིས་ཐན་སང་ནེ་ཡའི་དཔལ་འབྱོར་ལྟེ་གནས་ཌར ཨེ་སི སཱ་ལམ (Dar es Salaam) གྲོང་ཁྱེར་ གྱི་ཚོང་པ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་པར་གཞིགས་ན། ཕྱི་ལོ ༢༠༡༣ ཟླ ༣ པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དང་མཉམ་དུ་ཨ་ཧྥི་རི་ཀའི་ཐན་སང་ནེ་ཡ་རྒྱལ་ཁབ་ཏུ་འཚམས་གཟིགས་སུ་ཕེབས་པའི་རྒྱ་ནག་གཞུང་གི་འཐུས་ཚབ་མི་སྣས་གཞི་རྒྱ་ཆེན་པོས་བ་སོ་ཧམ་ཉོ་བྱས་ཤིང་། དེའི་རྐྱེན་གྱིས་ས་གནས་དེའི་བ་སོའི་རིན་གོང་ལྡབ་འགྱུར་གྱིས་འཕར་ནས། སྐབས་ཤིག་ལ་བ་སོ་སྤྱི་རྒྱ་རེ་ལ་ཨ་རིའི་ཊོ་ལར ༧༠༠ རུ་འཕར་ཡོད་འདུག
ད་དུང་སྙན་ཐོ་ནང་བཀོད་པའི་གོང་ཞུས་ཚོང་པ་དེའི་སྐད་ཆ་ལྟར་ན། བ་སོ་རྒྱ་མ་སྟོང་ཕྲག་མང་པོ་ཕྱི་འབྲེལ་སྦྲགས་ཁུག་ནང་བླུགས་རྗེས། སྲིད་འཛིན་ཞི་ཅིན་ཕེང་གི་ཆེད་སྤྱོད་གནམ་གྲུའི་ནང་བཞག་ནས་རྒྱ་ནག་ནང་དབོར་འདྲེན་བྱས་ཡོད་འདུག
ཁོར་ཡུག་བརྟག་དཔྱད་རྩ་འཛུགས་ཀྱིས་བཏོན་པའི་བརྙན་པར་ཐུང་ངུ་ཞིག་གི་ནང་དུ། ཐན་སང་ནེ་ཡའི་ཚོང་པ་ཞིག་དང་བརྫུས་མྱུལ་བརྟག་དཔྱད་པ་ཞིག་གིས་ཞི་ཅིན་ཕེང་ཐན་སང་ནེ་ཡར་འཚམས་གཟིགས་སྐབས་བྱུང་བའི་བ་སོ་ལྐོག་འདྲེན་གྱི་གནས་ཚུལ་ཐད་གླེང་སློང་བྱས་ཡོད་པ་དང་། བརྙན་པར་ནང་གི་ཁ་བརྡ་ཐུང་ངུ་ཞིག་གི་ཚུལ་ནི།
ཚོང་པ: སྐུ་ཞབས་ཕེང་། ཁྱེད་རང་ཚོའི་སྲིད་འཛིན………
བརྫུས་མྱུལ་བརྟག་དཔྱད་པ: ཅིན་ཕེང་།
ཚོང་པ: ཁོང་འདི་རུ་བསླེབས་མྱོང་ཡོད་ལ། ཁོང་ཡོང་སྐབས་བ་སོ་མང་པོ་ཁྱེར་སོང་། སྤྱི་རྒྱ་མང་པོ་ཁྱེར་སོང་། ཁོང་གི་གནམ་གྲུ་དེའི་ཕྱེད་ཀ་ཚོང་དེའི་ཆེད་དུ་བེད་སྤྱོད་བྱས་པ་རེད།
བརྫུས་མྱུལ་བརྟག་དཔྱད་པ: ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན་ནམ།
ཚོང་པ: མི་ཞིག་གིས་དབོར་འདྲེན་ལ་སྲུང་སྐྱོང་བྱས་འདུག ངས་ཤེས་དང་ཤེས། ཁོང་ཚོས་ངའི་ལག་ནས་བ་སོ་ཉོས་པ་རེད།
ཁོར་ཡུག་བརྟག་དཔྱད་རྩ་འཛུགས་ཀྱི་སྙན་ཐོའི་ནང་། འཛམ་གླིང་གང་སར་གཞུང་བཞེས་བྱས་པའི་ཁྲིམས་འགལ་བ་སོའི་ཁྲོད། མང་ཆེ་བའི་ཡོང་ཁུངས་ཐན་སང་ནེ་ཡ་རེད། ཅེས་བཀོད་འདུག
བ་སོ་ལྐོག་ཚོང་གི་ལས་དོན་དེ་གྲུབ་ཟིན་པའི་ཉོ་ཚོང་གི་ལམ་ཁ་བརྒྱུད་ནས། ཐན་སང་ནེ་ཡ་རྒྱལ་ཁབ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ས་ཁུལ་ནས་མགོ་བཙུགས་ཡོད་པ་རེད།
གླང་ཆེན་མོད་པོ་ཐན་སང་ནེ་ཡའི་རྒྱལ་ཁབ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཁུལ་དུ་ལྐོག་གསོད་བྱས་དང་བྱེད་མུས་སུ་ཡིན་ཞིང་། ཐན་སང་ནེ་ཡའི་ལྷོ་ཁའི་སེ་ལོ་སི(Selous)རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁུལ་ནི་གནོད་འཚེ་ཕོལ་ཡུལ་ཆེ་ཤོས་དེ་རེད། དེ་གར་ས་གནས་གྲོང་སྡེའི་ཡུལ་མིས་བ་སོ་བསྡུ་ཉོ་བྱས་རྗེས། ཌར ཨེ་སི སཱ་ལམ་གྲུ་ཁར་དབོར་འདྲེན་བྱས་ཤིང་། དེའི་རྗེས། བ་སོ་དག་ཚོང་ཟོག་དབོར་འདྲེན་གྲུ་གཟེངས་ནང་བརྩིགས་ནས་ཨི་ཞི་ཡའི་དམིགས་ས་སྟེ། ཧོང་ཀོང་དང་། ཝེ་ཐི་ནམ་སོགས་སུ་དབོར་རྗེས། མཐའ་མའི་དམིགས་ས་སྟེ་རྒྱ་ནག་ཏུ་དབོར་གྱིན་ཡོད། དེ་ནས་སྤྱི་ཚོགས་ཚོང་རའི་དགོས་མཁོ་ལྟར་རྒྱན་ཆ་དང་། སྐུ་འདྲ། མཛེས་བྱེད་སོགས་བཟོས་ནས་བཙོང་གིན་ཡོད་པ་རེད།
དེ་བཞིན་སྙན་ཐོ་ཡིས་ཚོང་པའི་སྐད་ཆ་ལུང་འདྲེན་བྱས་པར་གཞིགས་ན། ཉོ་མཁན་ཚོས་ཕྱི་འབྲེལ་འཚམས་གཟིགས་པར་བདེ་འཇགས་ཞིབ་བཤེར་མི་དགོས་པའི་ཆད་སྐྱོན་བཟུང་ནས། སྲིད་འཛིན་ཞི་ཅིན་ཕེང་གི་ཆེད་སྤྱོད་གནམ་གྲུ་བེད་སྤྱད་དེ་ཁྲིམས་འགལ་བ་སོ་འབོར་ཆེན་རྒྱ་ནག་ནང་དབོར་འདྲེན་བྱས་པ་དང་། དེ་བཞིན་ཡང་སྙན་ཐོའི་ནང་། གཅིག་མཚུངས་ཀྱི་བ་སོ་ལྐོག་འདྲེན་གྱི་གནད་དོན་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧོའོ་ཅིན་ཐའོ་ཡི་འཚམས་གཟིགས་སྐབས་ཀྱང་བྱུང་ཡོད་པ་དང་། མ་མཐའ་ཡང་ཕྱི་ལོ ༢༠༠༦ ལོ་ནས་བཟུང་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་ཚོ་བ་སོ་ཉོ་མཁན་གཙོ་བོ་དེ་ཡིན་ཚུལ་བཀོད་འདུག
རི་སྐྱེས་སྲོག་ཆགས་ལས་འགུལ་སྤེལ་མཁན་སོའུ་རེ་ཡིས། གལ་ཏེ་ཐན་སང་ནེ་ཡ་གཞུང་གི་མཉམ་ལས་དང་རྒྱབ་སྐྱོར་མེད་ན། དེ་ལྟ་བུའི་ཉོ་ཚོང་རིགས་འགྲུབ་མི་སྲིད། ཅེས་དང་།
ཡང་ཁོང་མོས། དེ་ལྟ་བུའི་གཞི་རྒྱ་ཆེན་པོ། དེ་འདྲའི་རྒྱ་མ་མང་པོའི་བ་སོ་གཞུང་གི་འགག་སྒོ་མང་པོ་བརྒྱུད་དགོས་པ་དང་། གཞུང་ཞབས་པ་མང་པོ་བརྒྱུད་དགོས་པས། དེ་ལས་གསལ་བ་ཞིག་ནི། རུལ་སུངས་དེའི་རིགས་གཞུང་གི་དབུ་ཁྲིད་མཐོ་གྲས་དང་འབྲེལ་བ་ཡོད་བ་མཚོན་ཡོད། ཅེས་བརྗོད་འདུག
ཁོར་ཡུག་བརྟག་དཔྱད་རྩ་འཛུགས་ཀྱི་སྙན་ཐོ་ལྟར་ན། རྒྱ་ནག་ནི་བ་སོ་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དང་། ཐན་སང་ནེ་ཡ་ནི་བ་སོ་ཡོང་ཁུངས་གཙོ་བོ་དེ་རེད། འདས་པའི་ལོ་ལྔའི་ནང་དུ། གླང་ཆེན་ལྐོག་གསོད་ལས་འགུལ་གྱིས་ཐན་སང་ནེ་ཡའི་གླང་ཆེན་ཕྱེད་ཀ་བསད་ཡོད་པ་རེད།
ཐན་སང་ནེ་ཡའི་ལྷོ་ཁའི་སེ་ལོ་སི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁུལ་དུ ༢༠༠༦ ལོར་གླང་ཆེན ༧༠༠༠༠ ཡོད་པར་ཚོད་རྩིས་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༣ ལོར། ༡༣༠༠༠ ཙམ་ལས་ལྷག་མེད་པ་རེད།
དེ་བཞིན་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པའི་ཚོད་རྩིས་ལ་གཞིགས་ན། ཕྱི་ལོ ༢༠༡༡ ལོར། གླང་ཆེན ༢༢༠༠༠ ལྷག་ལྐོག་གསོད་བྱས་པ་དང་། ད་ལྟ་ཨ་ཧྥི་རི་ཀ་ན་གླང་ཆེན ༤༧༠༠༠༠ ཙམ་མ་གཏོགས་ལྷག་མེད་པ་རེད།
རི་སྐྱེས་སྲོག་ཆོགས་ལས་འགུལ་སྤེལ་མཁན་སོའུ་རེ་ཡིས། དེ་ལྟ་བུའི་ཧོབ་དེ་ཁ་ལ་འཕྲི་བ་དེ“ཧ་ཅང་ཚབས་ཆེན”རེད། ཅེས་དང་།
ཡང་ཁོང་མོས། དངོས་གནས་མི་རྣམས་ཧང་སངས་བར་བྱས་སོང་། གལ་ཏེ་ང་ཚོས་ད་དུང་ཡང་ཐབས་ཤེས་བཙལ་ནས་སྔོན་འགོག་བྱེད་མ་ནུས་ཚེ། མི་འགྱངས་པར་ཐན་སང་ནེ་ཡ་ན་གླང་ཆེན་ཡོད་མེད་ལ་ཚོད་དཔག་བྱེད་དཀའ། ཞེས་སེམས་ཁུར་ཆེན་པོས་བརྗོད་འདུག
གཟའ་ཕུར་བའི་ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལའེ་ཟེར་བའི་འཆར་ཅན་གསར་འགོད་ལྷན་ཚོགས་སྟེང་སྙན་ཐོ་དེར་ཁུངས་ལུང་གཞི་རྩ་མེད་ལུགས་སྐྱོན་བརྗོད་དང་ཆབས་ཅིག རྒྱ་ནག་གཞུང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལ་དོ་ཁུར་ཡོད་ལུགས་བརྗོད་འདུག
དེ་བཞིན་ཐན་སང་ནེ་ཡའི་ཕྱི་འབྲེལ་བློན་ཆེན་བྷིར་ནཱ་ཌི མམ་པས་ཀྱིས་ཀྱང་གོང་ཞུས་དབྱིན་ཇིའི་སྒྲིག་འཛུགས་དེར་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་ཡང་ཁོང་གིས་གཟའ་པ་སངས་ཉིན། དབྱིན་ཇི་ན་ཡོད་པའི་ཁོར་ཡུག་བརྟག་དཔྱད་རྩ་འཛུགས་ཀྱིས་བཏོན་པའི་ལོ་སྔོན་མར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་ཐན་སང་ནེ་ཡར་གཟིགས་སྐོར་སྐབས་ཁོང་གི་ལག་འོག་གི་དཔོན་རིགས་ཚོས་བ་སོ་མོད་པོ་ཞི་ཅིན་ཕེང་གི་ཆེད་སྤྱོད་གནམ་གྲུའི་ནང་བཞག་ནས་རྒྱ་ནག་ཏུ་དབོན་འདྲེན་བྱས་ལུགས་ཀྱི་བཤད་སྲོལ་དེ་ནི་དོན་དངོས་རྟོག་བཟོ་ཡིན་པ་ལས་དོན་དངོས་སུ་དེ་འདྲ་ཞིག་རྩ་བ་ཉིད་ནས་བྱུང་མྱོང་མེད། ཅེས་སུན་འབྱིན་དང་གསལ་བཤད་བྱས་འདུག
ངེད་དྲ་ཚིགས།