<<གངས་འདབས་ཀྱི་མེ་ལྕེ་སྟེ་བོད་ཀྱི་བཙོན་པ་ཡ་རབས་ཤིག་གི་བདེན་གཏམ།>>བཀླགས་པ།

ལོ་ངོ་སུམ་ཅུ་ཙམ་ལ་ཀྲུང་གུང་གི་བཙོན་དུ་ཚུད་པའི་དཔལ་ལྡན་རྒྱ་མཚོས་བཙོན་ལས་ཐར་རྗེས་བཀྲམས་པའི་དེབ་གསར་དེས།ཀྲུང་གུང་གི་བོད་ཀྱི་རིག་གནས་གཏོར་བརླག་གི་ཇུས་ངན་དག་ལྷང་དུ་ཕུད་ཅིང་། བོད་མི་དམངས་ཀྱི་བླ་ན་མེད་པའི་བསམ་པའི་མཛེས་སྡུག་ཀྱང་གསལ་བོར་མཚོན་པར་བྱས་ཡོད། དེབ་དེ་བཀླགས་ན། རྒྱ་མི་ཞིག་ཡིན་ཚེ་ངོ་ཚ་དང་གནོང་འགྱོད་དྲག་པོ་ཞིག་ཀྱང་སློང་བར་བྱེད།


ཁྲག་དང་མིག་ཆུས་བསླེས་པའི་དཀའ་སྡུག་གི་བྱུང་བ།

སྤྱིར་བཏང་གི་རྒྱ་མི་ཞིག་གི་ངོས་ནས་བཤད་ན། བོད་ཡུལ་ནི་རྒྱང་རིང་གི་ཤམ་བྷ་ལ་འམ། ངོ་མཚར་དང་འགྲན་རྩོད་ཀྱི་ཡུལ་སྐོར་གནས་མཆོག་ཙམ་ཡིན་པ་དང་། ལོ་ངོ་སྟོང་ཕྲག་དུ་མར་གོམས་ཤིང་རུས་པའི་གཏིང་རིམ་དུ་ཟུག་པའི་གཅིག་འགྱུར་ཆེན་མོའི་(大一统)བསམ་བློའི་ (འགྱུར་མཆན།བསམ་བློ་འདིའི་ཕུགས་དེད་ན་ལོ་ཉིས་སྟོང་ཉིས་ཉིས་བརྒྱའི་སྔོན་དེ། ཆིན་རྒྱལ་རབས་ཀྱི་དུས་སྐབས་ལ་ཐུག་ཡོད་པར་བཤད་ཅིང་། ཆིན་གྱི་དུས་ཀྲུང་གོ་གཅིག་གྱུར་གྱི་མགོ་ཚུགས་ཤིང་། ཀྲུང་གོའི་ལོ་རྒྱུས་དང་། དངོས་ཡོད་ཀྱི་དགོས་མཁོ་དང་འཚམ་པའི་སྲོལ་རྒྱུན་བསམ་བློ་འདི་དུས་རབས་རིམ་པར་རྒྱུན་འཛིན་བྱུང་བར་སྨྲ། དེང་དུས་ཤང་ཀང་། ཨོ་མིན། ཐེ་ཝན་སོགས་ཀྱང་མེས་རྒྱལ་གྱི་པང་དུ་ལོག་དགོས་པའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་རྩ་དོན་འདི་ལ་གཞིར་བཟུང་བ་ཡིན་ཚུལ་བཤད་མཁན་ཡང་འདུག འགའ་རེས་བསམ་བློ་འདི་ནི་རྒྱ་མཚོ་ཆན་པོ་ཆུ་ཡི་མི་ཚིམ་པ་ལྟ་བུའི་ཀྲུང་གོ་མེས་པོའི་དག་གི་བློ་ཁོག་ལས་བྱུང་བའི་ཐབས་མཁས་ཇུས་མཆོག་雄才大略ཡིན་པར་བསྔགས། ད་དུང་བསམ་བློ་འདི་མངོན་གྱུར་བྱུང་ན། གནམ་འོག་གཅིག་གྱུར་བྱུང་སྟེ། སྐད་ཡིག་དང་ལམ་ལུགས་སོགས་ཡོད་ཚད་གཅིག་གྱུར་བྱུང་བ་ཡིན་པས། ང་ཚོའི་སློབ་ཕྲུག་ཚོས་སྐད་ཡིག་སྣ་མང་སྦྱངས་ཏེ་དུས་ཚོད་དང་སློབ་ཡོན་ལྷག་མ་གཏོང་བའི་དཀའ་ཁག་དང་བྲལ་ཞིང་། ཆེས་སྟབས་བདེ་དང་། ཆེས་དེང་རབས་ཅན་སོགས་སུ་གྱུར་བར་འདོད་པ་དང། ད་ལྟ་དྲ་བའི་དུས་རབས་འདིར་རྒྱ་ཡིག་གིས་ཨང་གཉིས་པའི་གོ་ས་ཟིན་ཡོད་པས་བསམ་བློ་འདི་མངོན་འགྱུར་འབྱུང་བར་ཐག་མི་རིང་བའང་སྒྲོག གཤམ་ནས་གནམ་འོག་ཆིག་འགྱུར天下归一  ཞེས་པའང་འདི་དང་དོན་གྱི་འབབ་ས་གཅིག་པ་འདྲ། )སྟེང་དུ། ཀྲུང་གུང་སྲིད་གཞུང་གིས་དུས་རབས་ཕྱེད་ཙམ་ལ་རྒྱུན་པར་ཤུགས་ཆེར་སྒྲོག་པའི་བོད་ནི་གནའ་ནས་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཅེས་པའི་ཤོད་ཚུལ་དེ་མཐུན་མོང་གི་ངོས་འཛིན་ཞིག་ཏུ་གྲུབ་ཡོད།

སྤྱིར་བཏང་གི་རྒྱ་མི་ཕལ་ཆེ་བར་བོད་ཀྱི་དོན་དངོས་ལ་མྱོང་ཚོར་ཅི་ཡང་མེད་ཅིང་། ཧ་ལམ་ཆེད་དུ་རྒྱུས་ལོན་བྱེད་པའི་གོ་སྐབས་ཀྱང་མེད། དེ་བས་ཁོང་ཚོའི་སེམས་ངོས་ན་བོད་ཅེས་པ་ནི་བློས་བསླངས་ཀྱི་ཞིང་ཁམས་ཤིག་ཏུ་གྲུབ་ཟིན། དེ་ལྟ་བུའི་གནས་ཚུལ་འོག ངས་ཐོག་མར་ལོ་ངོ་སུམ་ཅུ་ཙམ་ལ་བཙོན་དུ་ཚུད་པའི་དཔལ་ལྡན་རྒྱ་མཚོའི་རང་རྣམ་བཀླགས་རྗེས། ཧ་ལས་ཧང་འགྲོ་བ་སྨོས་ཅི་དགོས།

དེབ་དེ་ནི་མི་གཅིག་གི་ཀྱག་ཀྱོག་གི་བྱུང་བ་ཡིན་མོད། དུས་རབས་ཕྱེད་ཙམ་གྱི་བོད་ཀྱི་ལས་དབང་གི་བསྡུས་གཟུགས་ཀྱང་རེད། 1959ལོར་ལྷ་སར་ཀྲུང་གུང་དམག་གིས་དྲག་གནོན་བྱས་རྗེས། ཏཱ་ལའི་བླ་མ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། བོད་ཀྱི་སྐྱ་སེར་དུ་མ་བཙོན་དུ་ཚུད།དཔལ་ལྡན་རྒྱ་མཚོ་དྲག་རྒོལ་ལས་འགུལ་དུ་ཞུགས་མེད་ཀྱང་། རང་གི་བླ་མར་བསྙོན་འཛུགས་མ་བྱས་རྐྱེན་ལོ་བདུན་གྱི་བཙོན་ཆད་བཅད་ཅིང་། བཙོན་ནས་མུ་གེའི་སྡུག་བསྔལ་མ་བཟོད་པར་འབྲོ་བར་བརྩམས་རྐྱེན་བཙོན་ཆད་ལོ་བརྒྱད་ཇེ་མང་དུ་བསྣན། མི་ལོ་བཅོ་ལྔའི་བཙོན་ཡུན་རྫོགས་རྗེས། ཟུར་བཙོན་ལྟ་བུའི་ལས་འགན་ལོ་བཅུར་(འགྱུར་མཆན། དེབ་དངོས་ལ་བལྟས་ན་ལོ་བརྒྱད་ཡིན་པ་འདྲ།) འཁུར་དགོས་བྱུང་། 1983ལོ་སྟེ་ཏག་ཏག་བཙོན་འགྲོལ་ཐོབ་ནས་ཟླ་གསུམ་གྱི་རྗེས། བོད་རང་བཙན་གྱི་ལངས་ཕྱོགས་མཚོན་པའི་ཡིག་ཆེན་སྦྱར་རྐྱེན་སླར་ཡང་ལོ་

བརྒྱད་ཀྱི་བཙོན་ཆད་ཕོག 1992ཀྱི་རྗེས་ནས་ད་གཟོད་ཁོ་བོད་ནས་བྲོས་ཏེ་ཐར།དེ་རྗེས་ཁོས་བཙོན་པ་ཡ་རབས་ཤིག་གི་རང་ཚུགས་མ་དོར་བར། བོད་མི་དམངས་ཀྱི་གོད་ཆག་དང་། ཀྲུང་གུང་སྲིད་གཞུང་གིས་སྤེལ་བའི་མི་རིགས་དང་ཆོས་ལུགས་གཏོར་བརླག་གི་ནག་ཉེས་འཛམ་གླིང་ཀུན་ལ་གསལ་བསྒྲག་བྱས། དེ་ནི་ཁོའི་ཁྲག་དང་མིག་ཆུས་བསླེས་པའི་དཀའ་སྡུག་གི་བྱུང་བ་གསོན་པོ་དེ་རེད། 


ཀྲུང་གུང་གིས་བོད་ཀྱི་རིག་གནས་སྲོལ་རྒྱུན་ལ་གུ་ཡངས་བཏང་མ་མྱོང་།

བོད་སྟེ་ཡ་གླིང་སྐམ་སའི་ཆེས་གནའ་བོའི་མི་རིགས་འདི་ལ། གནའ་ནས་ད་བར་དུ་མི་རིགས་རང་གི་ཐུན་མིན་གྱི་རིག་གནས་དང་། ཆོས་ལུགས་གོམས་སྲོལ་དང་ལྡན་ཞིང་། ཀྲུང་གོའི་རྒྱལ་རབས་རིམ་བྱུང་དང་བོད་བར་གཡུལ་འཁྲུག་གི་སྐྱོ་གར་ཡང་འཁྲབས་མྱོང་ལ། ཞི་མཐུན་མཉམ་གནས་ཀྱི་དུས་བཟང་ཡང་ཡོད་མྱོང་། མདོར་ན། རྒྱ་བོད་རིག་གནས་ཀྱི་དུས་ཡུན་རིང་མོའི་མཉམ་གནས་ཁྲོད། འབྲེལ་འདྲིས་དང་བརྗེ་སྤེལ་བྱུང་མྱོང་ལ། ས་ཁམས་ཀྱི་བར་ཁེགས་དབང་གིས་ཐུན་མིན་གྱི་ཆ་ཡང་གང་འཚམ་རེ་རྒྱུན་སྲུང་བྱས་ཡོད། དུས་ཡུན་མང་ཆེ་བར་བོད་རྒྱ་གཉིས་ནི་གྲོགས་པོ་དང་སྤུན་ཟླ་ཡིན་པ་ལས།དགྲ་ཟླ་དང་འཐབ་ཡ་མིན། དེ་ལྟར་རེས་མཐུན་རེས་གྱེས་ཀྱི་འབྲེལ་བ་དེ་1949སྟེ་ཀྲུང་གུང་མ་ཚུགས་ཀྱི་བར་དུ་བྱུང་།  གུང་ཁྲན་རིང་ལུགས་ཀྱི་གཅིག་འཛིན་འདུ་ཤེས་དང་དྲག་འཐབ་གཙིགས་འཛིན་གྱི་གཞུང་ལུགས་སམ། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་གནམ་འོག་ཆིག་འགྱུར་(天下归一)གྱི་རློམ་སེམས་གཉིས་ཁ་འགྲིག་སོ་འགྲིག་ཏུ་སོང་རྐྱེན། ཀྲུང་གོའི་ཉེ་རབས་ལོ་རྒྱུས་ནི་ཁྲག་དྲིས་བཏུམས་པའི་དུས་རིམ་ཞིག་ཏུ་ལྷུང་བར་གྱུར།  མའོ་ཙེ་ཏུང་གིས་གཙོ་ཁྲིད་བྱས་པའི་ཀྲུང་གུང་དབང་སྒྱུར་ཚོགས་ཁག་ལ་རྒྱལ་ཁ་ཐོབ་རྗེས། གོ་ལའི་ཁྱོན་ཡོངས་ལ་དར་དམར་འཛུགས་འདོད་ཀྱི་ཧམ་སེམས་ཀྱིས། ངང་གིས་བོད་ཀྱི་ཐུན་མིན་གྱི་ཆོས་དང་རིག་གཞུང་རྒྱུན་སྲུང་ལའང་གུ་ཡངས་གཏོང་མི་ཐུབ་པར་གྱུར།  ངན་གཡོ་དགུ་བཤམས་ཀྱི་སྲིད་ཐབས་དུ་མས། བོད་ནི་གཞན་དབང་དང་དུ་ལེན་པ་ལས་ཡར་ལན་སྤྲོད་ནུས་མེད་པའི་གནས་སུ་བསྐྱལ། ཀྲུང་གུང་གིས་བོད་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་དང་ཆོས་ལུགས་དད་མོས་གཏོར་བརླག་བྱ་ཕྱིར། གྲལ་རིམ་འཐབ་རྩོད་ཀྱི་འདུ་ཤེས་བཙན་སྤེལ་བྱས་ཤིང་། དཔལ་ལྡན་ནི་ཉེས་མེད་ཉེས་རྡུང་ཕོག་པའི་བོད་མི་གྲངས་མེད་ཁྲོད་ཀྱི་མཚོན་དཔེ་གཅིག་དང།ཁོས་དོན་གྱི་སྙིང་བོས་ཕྱུག་པའི་བྱུང་བ་འདི་འདྲ་ཞིག་ཞིབ་ཏུ་བཀོད་ཡོད་དེ། ཀྲུང་གུང་དམག་དཔོན་ཞིག་གིས་གྲྭ་བ་དག་གི་ཉེར་མཁོ་ར་བའི་ནང་དུ་སྤུང་དུ་བཅུག་ཅིང་། ཕྱོགས་གཅིག་ལ་གྲྭ་བ་འབྱོར་ལྡན་དང་ཕྱོགས་གཅིག་ལ་འབྱོར་མེད་དག་གི་ཉེར་མཁོ་སྤུངས་ཡོད། དམག་དཔོན་དེས་གྲྭ་བ་འབྱོར་ལྡན་ཞིག་གི་ཉེར་མཁོའི་ཁྲོད་ནས་སྣམ་གཟན་ཞིག་བླངས་ཏེ། འདི་གང་ལས་བྱུང་ངམ་ཞེས་སྐད་འདྲགས་ཀྱིས་ལོ་ཙཱ་བརྒྱུད་དེ་འདྲི། གྲྭ་བ་དེས་ལུག་བལ་ལས་བྱུང་ཞེས་ལན་བཏབ་ཅིང་། དྲིས་ལན་སྟབས་བདེ་དེས་ཁོ་ཧད་པར་བྱས་ཤིང་ལོ་ཙཱ་བས་འགྱུར་ཉེས་སམ་སྙམ། ཁོས་སླར་ཡང་སྡང་མིག་བགྲད་དེ་གོང་ལྟར་འདྲི། གྲྭ་བ་དེས་ལུག་བལ་ལས་བྱུང་ཞེས་ལན་བཏབ་རྗེས་ངུས་བྱུང་། ཞེས་ཏེ། ཀྲུང་གུང་དམག་དཔོན་དེའི་རེ་བ་ནི་བོད་མིས་བདེ་བླགས་ངང་གྲལ་རིམ་འཐབ་རྩོད་ཀྱི་འདུ་ཤེས་དང་དུ་བླངས་ཏེ། དེ་ནི་འབྱོར་ལྡན་པས་འབྱོར་མེད་བཤུ་གཞོག་བྱས་པ་ལས་བྱུང་ཞེས་ལན་འདེབས་རྒྱུ་དེ་རེད། ཏག་ཏག་བོད་མིའི་རང་གི་འཚོ་བར་བཟུང་བའི་ལྟ་སྟངས་དྲི་མས་མ་གོས་པ་དེའི་འོག གང་བྱུང་དུ་གཞན་དགྲར་འཛིན་གྱིས་ཀྲུང་གུང་དམག་དཔོན་དེའི་འདོད་བློར་འཚམ་པའི་དྲིས་ལན་ཞིག་རྙེད་མི་སྲིད། 


བོད་ཀྱི་མི་ཤིགས་པའི་བསམ་པའི་འཇིག་རྟེན།

མི་རིགས་ཤིག་ཉམས་དམད་པར་བྱ་ན། ཐོག་མར་དེའི་བསམ་པའི་འཁྱེར་སོ་འདུལ་ཐུབ་དགོས།ཀྲུང་གུང་སྲིད་གཞུང་གིས་རྒྱ་རིགས་དང་མི་རིགས་གཞན་དག་གི་བསམ་བློ་བྲན་བསྒྱུར་བྱེད་པར་མ་ཟད། རྔམ་སེམས་ཀྱི་ལག་པ་རྒྱང་རིང་གི་བོད་ཡུལ་དུ་བརྐྱངས་སོང་། བཙན་ཤེད་ཀྱི་དབང་སྒྱུར་འོག་དད་མོས་ཀྱང་ནག་ཉེས་ཤིག་ཏུ་བརྩིས་ཏེ། གྲྭ་བཞི་བཙོན་ཁང་དུ་བུད་མེད་ཆབ་སྲིད་བཙོན་པ་སུམ་ཅུ་ཡོད་པ་ལས་ཉེར་བདུན་བཙུན་མ་ཡིན། དཔལ་ལྡན་གྱིས་ཤེས་གསལ་ལ། འདྲི་གཅོད་སྐབས་བཙུན་མ་དག་བཙན་གྱིས་གཅེར་བུར་ལངས་སུ་བཅུག་རྗེས། བདེ་སྲུང་བ་དག་མདུན་ནས་ཡར་འགྲོ་མར་འགྲོ་བྱེད་ཅིང་། ལག་ཏུ་བཟུང་བའི་གློག་དབྱུག་གིས་མ་རབས་དང་བརྙས་བཅོས་ཀྱི་སྦྱོར་བ་རྩོམ་པ་བཀོད་ཡོད། ཐ་ཤལ་གྱི་སྤྱོད་པ་འདིས་མནར་གཅོད་མྱོང་ཡུལ་གྱི་རྩིས་ཐང་འཕྲོག་མི་ཐུབ་པར་མ་ཟད། མནར་གཅོད་མཁན་གྱི་རང་མཚང་མངོན་པར་བྱས་ཡོད་དེ། དཔལ་ལྡན་གྱིས་ཀྱང་། བཙུན་མ་དེ་དག་གི་བརྙས་བཅོས་དང་འཇིགས་སྐུལ། གདུག་རྩུབ་ཀྱི་མནར་གཅོད་འོག་གི་ཉམས་པ་མེད་པའི་དཔའ་སྤོབས་དེ་གུས་བཀུར་བྱ་འོས་པ་ཞིག་ཡིན། ཞེས་བཀོད་ཡོད།

གལ་ཏེ་ན་ཙི་བས་ལྗིའུ་མི་རིགས་ལ་སྤེལ་བའི་གཏོར་བརླག་གི་དམིགས་ཡུལ་གཙོ་བོ་མིའི་ཚེ་སྲོག་ཉིད་ཡིན་པར་སྨྲས་ན། ཀྲུང་གུང་གི་ལས་ལུགས་བཅའ་སྟངས་དེའི་ནང་དུ་རིག་གནས་དང་ཆོས་ལུགས་ཕྱོགས་ཀྱི་གཏོར་བརླག་ཀྱང་འདུས་ཡོད། ཁོ་ཚོས་དངོས་པོའི་སླུ་བྲིད་ཀྱིས་བོད་མིར་ཏཱ་ལའི་བླ་མར་དམའ་འབེབ་བྱེད་དུ་འཇུག་འདོད་མོད།  གྲུབ་འབྲས་ཧ་ཅང་ཉུང་བའི་ཚད་ནི་ཀྲུང་གུང་དཔོན་རིགས་ཀྱི་བསམ་ཡུལ་ལས་འདས་པ་གྱུར་ཡོད། ཁེ་ཕན་མ་གཏོགས་དད་མོས་མེད་པའི་སྐྱེ་བོ་དེ་དག་གི་སྟོང་བསམ་ལ་སུ་ཞིག་གི་གུས་བཀུར་ཐོབ་ཨང་།  དཔལ་ལྡན་གྱི་ཕྱིར་དྲན་ཟིན་ཐོ་འདི་ཉིད་གཞན་དག་རྒྱ་མིའི་བཙོན་ཟིན་རྩོམ་ཡིག་དང་བསྡུར་ན། རྒྱ་རིགས་བཙོན་པ་དག་ལས་བོད་མི་བཙོན་པ་དག་མངོན་གསལ་གྱིས་ཕན་ཚུན་བརྩེ་བ་དང་བྱམས་པོ་ཡིན་པ་ཤེས་ཐུབ། བཙོན་ནས་དཔལ་ལྡན་གྱིས་ལུས་ཤུགས་ཀྱི་ངལ་རྩོལ་ལྗིད་མོ་ཅི་ཡང་བཟོད་ཀྱང་།  ཁོ་རང་ཆེས་སྐྲག་ས་ནི་ཆབ་སྲིད་ཀྱི་སློབ་གསོ་འདྲ་མིན་དང་། འཐབ་རྩོད་དང་སྐྱོན་བརྗོད་ཀྱི་འཚོགས་འདུ་འདྲ་མིན་ཡིན། ཁོས་ཀྲུང་གུང་གི་བསམ་བློ་སྒེར་གཅོད་ཀྱི་ཕུགས་ལོན་ཡོད་དེ། གུང་ཁྲན་ཏང་མིར་ཆ་མཚོན་ན། ལུས་ཀྱི་མནར་གཅོད་ནི་བསམ་བློ་ཚོད་འཛིན་གྱི་དམིགས་ཡུལ་འགྲུབ་པའི་མན་ངག་ཉག་གཅིག་དང་། ཚོགས་འདུ་འཚོགས་ཐེངས་རེར་ཁོང་ཚོས་བཙོན་པ་དག་གི་བསམ་བློ་དང་དད་མོས་བསྒྱུར་བཀོད་དགོས་སྐོར་གྱི་གལ་གནད་དང་། ང་ཚོས་ཁ་ཞེ་གཉིས་མེད་ཀྱིས་ཏང་ལ་བསྟོད་བཀུར་ཞུ་དགོས་ཚུལ་བཤད་འོང་། ཞེས་བཀོད་ཡོད། འཇིག་རྟེན་ན་ཆེས་ཐ་ཤལ་གྱི་བསམ་བློ་ནི། གཞན་གྱི་བསམ་བློར་བསྒྱུར་བཀོད་དང་ཚོད་འཛིན་བྱ་འདོད་པ་དེ་མིན་ནམ། དཔལ་ལྡན་གྱིས་བརྒྱུད་པའི་བཀྲེས་ལྟོགས་དང་བཀག་བསྐྱིལ། ལོ་ཕྱེད་ཀྱི་ལག་ལྕགས་དང་ལོ་གཉིས་ཀྱི་རྐང་སྒྲོག གནམ་དཔྱང་གཅར་རྡུང་། གློག་དབྱུག་མིད་པར་གཟུགས་པ་སོགས་ལས་ཆེས་བཟོད་དཀའ་བ་ནི། བསྙོན་འཛུགས་ཉེས་ཞུ་བྱས་ན། བཙོན་གྲོགས་དུ་མར་ཉེས་མེད་ཉེས་འགེལ་དང་བསྒྱུར་བཀོད་ཀྱི་མནར་གཅོད་མྱོང་དགོས་ལ། ང་རང་ཆེས་སྐྲག་ས་ནི་འཐབ་རྩོད་དང་གཟེངས་སྨད་ཀྱི་ཚོགས་འདུ་དེ་དག་ཡིན་ལ། བསྙོན་བཙུགས་ན་གཞན་བརླག་ཅིང་། རྫུན་མ་བཤད་ན་རང་ཉིད་ཕུང་ངེས། མི་གཅིག་ལ་བསྙོན་བཙུགས་ན་མི་དུ་མ་སྐྱོན་ལ་ཐོགས་པས། འུ་ཐུག་ཐབས་ཟད་འགྲོ། གཅར་རྡུང་ལ་འཇིགས་མོད། གཅར་རྡུང་གིས་ཤི་ལ་ཁད་དུ་བཏང་རུང་སངས་དྲག་ཡོང་ཐུབ། གལ་ཏེ་ནང་བསམ་པ་ལ་སྐྱོན་ཞུགས་ན་གཏན་དུ་ཉམས་ཟིན་པ་ཡིན། ཞེས་བཀོད་ཡོད། 

རྒྱ་མི་མང་ཆེ་བས་ཚེ་གང་ལའང་ནང་བསམ་པའི་འཚོ་བ་རོལ་མྱོང་མེད་པས། བོད་མིའི་དཀྱེལ་ཡངས་དང་སྒམ་ཚུགས་ཀྱི་ནང་བསམ་པའི་འཇིག་རྟེན་དང་། སྲོག་ལ་བབས་ཀྱང་རང་གི་དད་མོས་མི་འདོར་བའི་སྙིང་སྟོབས་སོགས་གོ་བ་ལོན་ཐབས་བྲལ། 


ཀྲུང་གུང་དབང་སྒྱུར་འོག་གི་དཀའ་སྡུག་ལ་འགྱུར་དུ་མེད།

དཔལ་ལྡན་གྱིས་མའོ་ཙེ་ཏུང་ནས་ཅང་ཙེ་མིན་བར་གྱི་ལོ་རབས་དུ་མ་དཀའ་སྡུག་གིས་འཕྲེད་དུ་བཅད་དེ་འོང་ཞིང་། ལོ་རབས་དགུ་བཅུ་བའི་མགོ་ཙམ་ནས་གཟོད་བོད་ནས་བྲོས་ཏེ་དཀའ་སྡུག་ལས་ཐར། བཙོན་སྲུང་བས་ཁོའི་ཁ་ནང་དུ་གློག་དབྱུག་བཙང་སྟེ་སོ་ཡོངས་བཅག་པའི་མནར་གཅོད་ནི། བློ་ཁོག་ཡངས་པའི་ཚད་དུ་འཇོག་པའི་ཧུ་ཡའོ་པང་གི་དུས་སུ་མྱོང་འདུག ལོ་རབས་བརྒྱད་ཅུ་བར་ཀྲུང་གུང་སྲིད་གཞུང་གིས་བོད་ལ་ཡ་ང་བའི་དྲག་གནོན་ལན་འགར་བྱས་པ་དེས། དྲུག་བཞི་དྲག་གནོན་གྱི་དབུ་ཁྱུད་ཀྱང་བྲིས་པ་རེད། གལ་ཏེ་ཀྲུང་གོའི་དཀྱུས་དམངས་ཀྱིས་སྔ་ཙམ་ནས་བོད་ལ་དོན་དག་ཅི་ཞིག་བྱུང་བ་ཤེས་ན། ཁོ་ཚོས་ཀྲུང་གུང་ནི་བྱམས་བརྩེ་ཅན་ཞིག་དང་། མཚོན་ཁབ་རྩེ་ཙམ་ཡང་མེད་པའི་མི་དམངས་ལ་བོའུ་ཁ་གཏན་ནས་སྐོར་མི་སྲིད་སྙམ་པའི་འཁྲུལ་ཤེས་སྐྱེ་མི་སྲིད། ལོ་རབས་བརྒྱད་ཅུ་བའི་མགོར་ཧུ་ཡའོ་པང་གིས་ཀྲུང་གུང་སྤྱིའི་གཙོ་འཛིན་གྱི་ཐོབ་ཐང་སྟེང་ནས་བོད་ལ་འགྱོད་བཤགས་ཞུ་མྱོང་མོད།  ཀྲུང་གུང་གི་བོད་ཀྱི་ས་གནས་མགོ་ཁྲིད་དག་གིས་བོད་ལ་བཙན་གནོན་མཚམས་འཇོག་མངོན་གསལ་གྱིས་མ་བྱས་པ། དཔལ་ལྡན་གྱི་བྱུང་བ་དག་གིས་བདེན་དཔང་བྱས་ཡོད། ཧུ་ཡའོ་པང་མི་སྒེར་ནི་རྩོད་མེད་ཀྱི་གཤིས་བཟང་ཞིག་དང་། ཀྲུང་གུང་གི་འདེམས་བསྐོ་ལམ་ལུགས་ཁྲོད་ནས་དཀར་ནག་གོ་ལྡོག་གི་མགོ་ཁྲིད་དག་ལས་ཆེས་མཆོག་ཏུ་ཐོན་པའི་མི་སྣ་ཁྱད་པར་བ་ཞིག་ཡིན། འོན་ཀྱང་ཁོང་གཅིག་པུས་ཀྲུང་གུང་ཁྱོན་ཡོངས་ཀྱི་མནར་གཅོད་དང་སྨྱོ་ཧམ་དམུ་རྒོད་ཀྱི་རང་བཞིན་དག་སྒྱུར་ཐབས་དང་བྲལ།  

ང་ཚོས་ཧུ་ཡའོ་པང་མི་སྒེར་གྱི་ཡ་རབས་གཤིས་བཟང་དེ་རྒྱུ་མཚན་དུ་བྱས་ནས་ལོ་རབས་བརྒྱད་ཅུ་བར་ཡག་བཤད་བྱེད་རྒྱུ་མེད། ལོ་རབས་བརྒྱད་ཅུ་བར་དཔལ་ལྡན་སླར་ཡང་བཙོན་དུ་ཚུད་ཅིང་མནར་གཅོད་དུ་མ་མྱོང་བ་དེས། གཞི་རྒྱ་ཆེ་ལ་དབང་སྡོམ་རིང་ལུགས་ཀྱི་(极权主义)གོམས་སྲོལ་སྲོག་སྙིང་དུ་འཛིན་པའི་སྲིད་ལུགས་སྟེང་། དོན་ལ་དབུ་ཁྲིད་བཟང་བོ་ཞིག་གིས་ནུས་པ་ཅི་ཡང་འདོན་མི་ཐུབ་པ་དཔལ་ལྡན་གྱི་བྱུང་བ་དག་གིས་གསལ་བཤད་བྱས་ཡོད།  


བྱམས་བརྩེ་དཀྱེལ་ཡངས་ཀྱི་བོད་ཀྱི་རིག་གནས།

ང་ཆེས་ཡ་མཚན་ས་ནི། དཔལ་ལྡན་གྱི་ཕྱིར་དྲན་ཁྲོད་ན་དགྲར་འཛིན་དང་འཁོན་སེམས་སྤུ་ཙམ་མེད་པར། ཁོའི་སྐད་ཆར་གུ་ཡངས་བག་ཕེབས་ཀྱིས་ཁེངས་ཏེ་ཡོད་པ་དེ་རེད། ཁོས་ད་དུང་སྔོན་ཆད་རང་ལ་མནར་ཁྲིམས་བཏང་མྱོང་བའི་ཉེན་རྟོག་པ་དེ་དག་ལའང་སྙིང་རྗེ་བར་འདུག་སྟེ། ཁོ་ཚོས་རང་གིས་ཅི་ཞིག་ལས་ཀྱིན་ཡོད་པའང་ཤེས་ཀྱི་མེད་པས་སོ།

དཀའ་ཁག་ཇི་འདྲར་ཕྲད་ཀྱང་། ཁོའི་དད་མོས་དང་སེམས་ཀྱི་རང་དབང་ལ་ཉམས་པ་མེད་དེ། རྐང་སྒྲོག་ལག་ལྕགས་ཀྱིས་ངའི་བསམ་བློར་ཚོད་འཛིན་བྱེད་མི་ཐུབ་ཅིང་། དམ་པའི་ཆོས་ཀྱིས་ང་ལ་སེམས་ཀྱི་ཞི་བདེ་སྩོལ། མནར་གཅོད་ནི་བཙོན་ནས་ལུས་ལ་ཕབ་པའི་རྗེས་ཤུལ་ཙམ་ཡིན་ལ། ངའི་བསམ་བློ་སྔར་བཞིན་རང་དབང་གི་མཁའ་རུ་རྩེན་ཐུབ། ཅེས་སྤོབས་སེམས་ངང་བཤད་ཡོད།  གཞན་ངས་ལྷག་ཏུ་དོ་སྣང་བྱ་ཡུལ་ནི། ཏཱ་ལའི་བླ་མས་དེབ་དེའི་མགོ་བརྗོད་དུ། དཔལ་ལྡན་རྒྱ་མཚོས་ཚར་རྒྱུ་རྫོགས་རྒྱུ་མེད་པའི་མནར་ཁྲིམས་དང་བཀྲེས་ལྟོགས་། བསམ་བློ་བསྒྱུར་བཀོད་སོགས་བཟོད་ཐུབ་ལ་ད་དུང་མནར་གཅོད་མཁན་ལས་རྣམ་པར་རྒྱལ་ཐུབ་ཅིང་། མནར་གཅོད་མཁན་ལ་བཟོད་སྒོམ་བྱེད་ནུས་པ་ནི། བོད་མིའིལྷན་སྐྱེས་ཀྱི་ཁོག་རྒྱ་ཙམ་མིན་པར། ནང་ཆོས་ཀྱི་བསམ་བློ་སྣེ་ཁྲིད་འོག་ང་ཚོ་ལ་བྱམས་བརྩེ་དང་བཟོད་སེམས་གང་འཚམ་རེ་ལྡན་ཞིང་། ལྷག་ཏུ་སེམས་ཅན་ཐམས་ཅད་མ་རུ་སྒོམ་པའི་ལྟ་བ་དང་འབྲེལ་བ་ཡོད་ངེས་ཏེ། ནང་ཆོས་ནི་ང་ཚོའི་སེམས་ཀྱི་ཞི་བདེ་སྩོལ་བའི་དགོས་འདོད་ནོར་བུ་ཡིན་པས་སོ། ཞེས་བྲིས་ཡོད་པ་དེ་ཡིན་ལ། སྙིང་དོན་འདིའི་སྟེང་ནས་བཤད་ན། བྱམས་བརྩེ་དང་གུ་ཡངས་ཀྱིས་ཡོངས་སུ་བརླན་པའི་བོད་ཀྱི་རིག་གནས་ཉིད། དྲག་ཤུགས་དང་ཁྲག་དྲིས་གཏམས་པའི་རྒྱའི་རིག་དང་བསྡུར་ན་ལྡབ་དུ་ཡིས་སྔོན་ཐོན་དང་མཆོག་གྱུར་ཡིན་པ་བཤད་དཀའ་ན། ང་ཚོས་བོད་མི་རྗེས་ལུས་དང་དམུ་རྒོད་རེད་ཅེས་འཕྱ་སྨོད་བྱེད་པའི་རྒྱུ་མཚན་གང་དུ་ཡོད། དོན་གྱི་རྗེས་ལུས་དང་དམུ་རྒོད་ནི་རང་ཉིད་ཡིན་ལ། རྒྱ་རིགས་མང་ཆེ་བས་དོན་དངོས་འདི་ངོས་ལེན་བྱེད་མ་ཐུབ་པ་ཙམ་མོ།  


བོད་མི་དམངས་ལ་འགྱོད་བཤགས་ཞུ།

དེབ་དེ་རྒྱ་ཡིག་ཏུ་སྒྱུར་མཁན་ལིའོ་ཐིན་ཆིས་ཀྱིས་འགྱུར་བྱང་དུ། གྲྭ་བ་དཔལ་ལྡན་གྱི་རང་རྣམ་བསྒྱུར་ཟིན་རྗེས་ང་ལ་བསམ་ཚུལ་གཅིག་ཡོད་པ་ནི། ལོ་རབས་བདུན་ཅུ་བའི་ནང་འཇར་མན་གྱི་སྲིད་འཛིན་པོ་ལན་ཐེ(勃兰特)ཡིས་ལྗིའུ་མི་རིགས་ཀྱི་དུར་སར་འགྱོད་བཤགས་ཞུས་པ་བཞིན། ནམ་ཞིག་ལ། ཀྲུང་གུང་དབུ་ཁྲིད་ཀྱིས་ཀྱང་ཏཱ་ལའི་བླ་མ་པོ་ཏ་ལར་གདན་དྲངས་ཏེ་འགྱོད་ཕྱག་བཙལ་ཏེ་བཟོད་གསོལ་ཞུ་འོས་སྙམ། ཞེས་བྲིས་ཡོད་པ་བཞིན། ངས་ཀྱང་ངོ་ཚ་གནོང་འགྱོད་དྲག་པོས་དེབ་དེ་བཀླགས་པ་ཡིན། དཔལ་ལྡན་དང་དཔལ་ལྡན་ལྟ་བུའི་བོད་མི་མནར་གཅོད་ཀྱི་ལས་ཀར་ཁོ་བོ་དངོས་བརྒྱུད་གང་ནས་ཀྱང་ཞུགས་མྱོང་མེད་མོད། རྒྱ་རིགས་ཤེས་ཡོན་པ་ཞིག་གི་ངོས་ནས་བཤད་ན། རང་རིགས་སྤུན་ཟླས་བསགས་པའི་ནག་ཉེས་དག་ཡུན་རིང་དུ་གོ་མེད་ཚོར་མེད་ལྟར་བསྡད་ན་ངོ་ཚ་དགོས་པ་ཞིག་ཡིན་པས། ངས་ངེས་པར་དུ་རང་མི་རིགས་ཀྱི་ནག་ཉེས་འགན་འཁུར་དགོས་ལ། ངས་ངེས་པར་དུ་བོད་ལ་འགྱོད་བཤགས་ཞུ་དགོས། དཔའ་སྤོབས་ཀྱིས་མིན་ཡང་། འགན་ཁུར་གྱིས་སོ།  

 2004.6.1ཉིན་བྲིས།    2014.2.27 ཉིན་བསྒྱུར་གྲུབ།

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

%d bloggers like this: