གཙུག་གཡུ།

ངག་འཇམ་བསླུ་བྲིད་ཀྱི་འཛུམ་བག་ཡིད་གཏད་ཅི།།

སྐུད་པའི་གདོང་རིས་ཀྱི་ངོས་སུ་སང་ཉིན་ལྷག།

གནམ་སྐར་ཨ་ལོང་ལ་སྦྲེལ་པའི་དྲན་ཤེས་དེས།

ལས་དབང་རྒྱལ་ཁམས་སུ་ཡུག་གཅིག་སྲེ་བསྲེས་བྱས།།

 

ལན་རེར་མཚན་མོ་འདི་ཤ་ཁྲག་གཞིབ་མཁན་ཞིག།

གྲང་ངར་ལྷགས་རླུང་གི་གཤོག་པ་དམའ་རུ་བབས།།

གཡས་གཡོན་རི་ཚོགས་ཀྱང་སེམས་ཀྱི་ནང་ལ་ལྡང་།།

འཕྱོ་གསིག་རོལ་དབྱངས་ཀྱིས་ཤོག་བུའི་བརྩེ་དུང་ཉེར།།

 

ཆུད་པའི་སྟ་གོན་ཡང་མིག་ཆུའི་གཞུང་དུ་བྲིས།།

སེམས་ཀྱི་ཕ་བོང་ཡང་ས་ལ་བཞག་པ་ཚོར།

དུར་ཁྲོད་ཀེང་རུས་ལ་དུང་བའི་འདབ་ཆགས་ཤིག།

རྟེན་འབྲེལ་ལུགས་འབྱུང་གི་འཁོར་ལོར་བྲེལ་ཤ་ལང་།།

 

གྱེས་ཁའི་འཛུམ་བག་དེ་ཡིད་ཀྱི་གཏིང་གི་གཏིང་།།

རྨི་ལམ་བྱང་ཐང་གི་བསྡུས་གཟུགས་ངོས་ལ་ཕབ།།

རང་སྣང་སྨུག་ལོང་ལ་ཐིམ་པའི་གཉུག་སེམས་འདི།།

མི་མཐོང་ལྐོག་གྱུར་གྱི་ཀློང་ན་དྲག་ཏུ་འཕྱོ།།

 

ཕྲེང་ཐག་ཟད་པོ་དེས་རྒྱང་རིང་སྒོ་ལ་སྲིང་།།

ངུར་སྨིག་མི་རྐྱང་ཚོའི་གཟན་སྣེ་དཀོར་ལ་འབྱར།།

སྟོང་བསམ་རྣམ་ཤེས་ཤིག་གླེགས་བམ་གསེབ་ན་བཟི།།

སྡོད་མེད་མིག་ཟུང་ཚོགས་མཛེས་མའི་བཞིན་ལ་འཐབ།།

 

བྱིས་པ་ཁེར་ཧྲེང་ཞིག་སེམས་ཀྱི་གཞིས་ཀར་བཏབ།

འཚོ་བའི་ཐ་སྙད་དེ་ཇི་ལྟར་བཀྲལ་ཅིང་མྱངས།།

འགུལ་སའི་མལ་ཁྲི་ལ་འདོད་ཡོན་སྲེག་པ་བདེན།།

བདག་གི་འཇིག་རྟེན་ནས་ངལ་གསོ་ཕྲན་ཙམ་རྒྱོབས།།

 

གནམ་སའི་འདྲེས་མཚམས་ལ་འཐེན་པའི་ཁེར་ལམ་འདི།།

ཚེ་རབས་ལས་འཕྲོ་ཡི་ས་བོན་འབྲི་དགོས་བྱུང་།།

དངུལ་གྱི་འཛུབ་དཀྲིས་ལ་མནའ་ཚིག་རི་མོར་བཀོད།།

དུས་དེ་ཤེལ་ཞིག་ཏུ་མིག་ཆུའི་རང་རྣམ་བྲིས།།

 

སྐད་ཆའི་བཟོ་བསྐྲུན་ལ་འཇམ་འཕུར་ལན་གཅིག་བཏང་།།

ལུས་པོའི་གཤེར་ཁྲག་ཏུ་འཐིམས་པའི་ལན་ཚ་འདྲ།།

ང་ཡི་སྙན་ངག་ནི་དུག་དང་བདུད་རྩི་འདྲེས།།

འདར་འདར་བྱེད་ཀྱིན་པའི་རྒྱུད་སྐུད་དེ་ནས་རྒྱུས།།

 

འཁོར་བ་སྤངས་ནས་ཀྱང་འཚང་རྒྱ་མི་ཐུབ་མོད།

བརྗོད་མེད་ཆོས་དབྱིངས་ལ་ཉེར་བསྡོགས་མི་བྱེད་མོད།།

མཛེས་མ་སྟོང་ཕྲག་གི་སྐྱི་པགས་མི་འཚོལ་མོད།།

ང་ལ་དགོས་པ་ནི་སྡོམ་དྲྭའི་ཕ་རོལ་ཙམ།།

༢༠༡༡/༧/༡༧ ལ་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: