བར་སྣང་ཉུལ་ཞིབ་འཕྲུལ་ཆས་རོ་སེ་ཊ་རྟགས་ཅན་གྱི་ཐོག་ཏུ་བཀལ་བའི་ཡན་ལག་ཡོ་ཆས་ཧྥི་ལཱ་ཞེས་པ་སྐར་མ་དུ་བ་མཇུག་རིང་གི་ཕྱི་ངོས་སུ་ལམ་ལྷོང་ངང་བབས་པའི་རྗེས། གཏན་འཇགས་ཀྱི་གནབ་བབ་འོག་སྡོད་ཐུབ་པ་བྱུང་ཡོད་འདུག

རོ་སེ་ཊ་(Rosetta) རྟགས་ཅན་གྱི་ཆེ་ཆུང་ལ་གོས་འཁྲུད་འཕྲུལ་ཆས་ཙམ་ཡོད་ཅིང་། འཕྲུལ་ཆས་དེས་འདས་པའི་ལོ་༡༠ ཡི་རིང་བར་སྣང་དུ་ལེ་དབར་ཐེར་འབུམ་༦༤ འཕུར་བསྐྱོད་བྱས་པ་དང་། ཕྱི་ཟླ་༡༡ པའི་ཚེས་༡༢ ཉིན་ཡན་ལག་ཡོ་ཆས་ཧྥི་ལེ་(Philae) ཞེས་པ་རོ་སེ་ཊ་དང་ཁ་བྲལ་ཏེ་ཆུ་ཚོད་༧ འཕུར་པའི་རྗེས། མཇུག་མཐཪ་67P/Churyumov-Gerasimenko)ཞེས་འབོད་པའི་སྐར་མ་དུ་བ་མཇུག་རིང་གི་སྟེང་དུ་འབབ་ཐུབ་པ་བྱུང་སྟེ། ཚན་རིག་པ་རྣམས་ཀྱིས་དེའི་རྗེས་སུ་ཅི་ཞིག་བྱ་དགོས་མིན་སྐོར་གྲོས་བསྡུར་བྱེད་བཞིན་པའི་སྐབས། ཉུལ་ཞིབ་ཡོ་ཆས་ཧྤི་ལེ་ཡིས་ཕྱིར་བཏང་བའི་པར་རིས་འབྱོར་ཡོད། ཉུལ་ཞིབ་འཕྲུལ་ཆས་དེ་གཏོང་མཁན་གྱི་ཡུ་རོབ་བར་སྣང་ལྟེ་གནས་ཁང་European Space Agency)གི་ཚན་རིག་པས་བརྗོད་པ་ལྟར་ན། སར་འབབ་འཕྲུལ་ཆས་ཐེངས་དང་པོར་སྐར་མ་དུ་བ་མཇུག་རིང་གི་ཕྱི་ངོས་སུ་བབས་པའི་རྗེས། ཡང་བསྐྱར་བར་སྣང་དུ་མི་ཊར་བརྒྱ་གྲངས་ཤིག་འཕར་ཡོད་སྲིད་པ་ཞིག་ཡིན་འདུག

ཚན་རིག་པའི་ཐོག་མའི་འཆར་གཞི་ལྟར་སར་འབབ་འཕྲུལ་ཆས་ཀྱི་རྐང་པ་བརྐྱངས་ཏེ་སྐར་མ་དུ་བ་མཇུག་རིང་གི་ཕྱི་ངོས་སུ་བརྟན་པོ་འཛུགས་མ་ཐུབ་པར་གར་སོང་བརྩད་མ་ཆོད་པ་གྱུར་ཏེ། ཚན་རིག་པ་རྣམས་ཀྱིས་དངངས་སྐྲག་ངང་སྒུག་དགོས་བྱུང་ཡོད་ཀྱང་། མི་རིང་བར་སར་འབབ་འཕྲུལ་ཆས་ཀྱིས་ཕྱིར་བཏང་བའི་པར་རིས་འབྱོར་ཡོད་འདུག འཕྲུལ་ཆས་ཀྱིས་ཕྱིར་བསྐུར་བའི་གྲངས་ཐོ་ལས་མངོན་པ་ལྟར་ན། སར་འབབ་འཕྲུལ་ཆས་ཀྱིས་ཉུང་མཐར་ཡང་སྐར་མ་དུ་བ་མཇུག་རིང་ཐོག་ཐེངས་གསུམ་བབས་ཡོད་འདུག་ལ། སྐར་མ་དུ་བ་མཇུག་རིང་གི་ཉེ་སར་བཅར་བའི་བརྒྱུད་རིམ་ཁྲོད། ཧྥི་ལེ་ཡིས་སྐར་མ་དུ་བ་མཇུག་རིང་གི་པར་རིས་ཁ་ཤས་ཕྱིར་བཏང་ཡོད་པ་རེད།

ཚན་རིག་པ་རྣམས་ཀྱིས་ཪོ་སེ་ཊར་རྟགས་ཅན་གྱི་ཉུལ་ཞིབ་འཕྲུལ་ཆས་བརྒྱུད་དེ་སྐར་མ་དུ་བ་མཇུག་རིང་གི་ཕྱི་ངོས་ལ་ཞིབ་འཇུག་གཏིང་ཟབ་བྱས་མཐར། མི་ལོ་ཐེར་འབུམ་༤༥ སྔོན་དུ་ཉི་མའི་ཁྱིམ་རྒྱུད་ཅི་ལྟར་ཆགས་པའི་རྒྱུ་རྐྱེན་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཅིང་། ཐེངས་འདིར་ལམ་ལྷོང་ངང་སྐར་མ་དུ་བ་མཇུག་རིང་གི་ཐོག་ཏུ་མི་བཟོས་ཉུལ་ཞིབ་འཕྲུལ་ཆས་འབབ་ཐུབ་པ་དེ་ནི། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་གི་གསར་གཏོད་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

ཡོང་ཁུངས་བོད་ཀྱི་བང་ཆེན།

དཔྱད་མཆན་སྤེལ།

%d bloggers like this: