༄༅། །བོད་ཡུལ་དུ་བྱུང་བའི་རྒྱལ་ཕྲན་འགའི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ་མི་གསལ།


༡༽ སུམ་པ།

      རྒྱལ་ཕྲན་འདི་ནི་བོད་ལྗོངས་ཀྱི་བྱང་ཕྱོགས་སུ་ཡོད། གནས་ཡུལ་རྒྱ་ཆེ་ཞིང་ཤིན་ཏུ་ཡངས། རོང་འབྲོག་གཉིས་ཀའི་ལས་མཉེར། མངའ་འོག་ཏུ་འབངས་ཁྱིམ་སུམ་ཁྲི་མཆིས་པར་བཤད། བར་སྐབས་ཤིག་ཏུ་སྟོབས་ཤུགས་ཧ་ཅང་རྒྱས་ཤིང་བོད་བཙན་པོ་དང་མནའ་འབྲེལ་ཡང་འཇོག་མྱོང་ལ་མཐར་བོད་བཙན་པོའི་མངའ་འོག་ཏུ་གྱུར།

     བོན་གྱི་ཡིག་རྙིང་ <<གཏོ་ཕུག་>> ཏུ་”སུམ་བྷ་འབྲི་ཡི་རྒྱལ་པོ་ཡང་།། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ།། “ཞེས་དང་། ཡང་ <<མགོ་ལོག་རུས་མཛོད་>>  དུ་”ཡུལ་སུམ་པ་ནས་འབྲུ་རིགས་དང་” ཞེས་རིགས་རུས་འབྲིར་གཏོགས་པར་བཤད་ལ།  <<དེབ་དཀར་>> དུ་”སུམ་བྷ་དེ་སྔར་བོད་ཁོངས་ཀྱི་རྒྱལ་ཕྲན་ཞིག་གི་ས་ཡིན་པ་ལ། ཁོང་ཚོའི་རིགས་དེང་སང་ཨ་མདོའི་ཁྲོད་དུ་འདྲེས་ནས་ཡོད་”ཅེས་བཀོད་འདུག  རྒྱའི་གནའ་བོའི་ཡིག་ཚང་ཀུན་ན་སུམ་པ་ལ་ཏུན་ཉུས་གོ་༼ 东女国༽སྟེ་ཤར་ཕྱོགས་བུད་མེད་ཀྱི་རྒྱལ་ཁབ་ཅེས་བཀོད་ཅིང་ཡུལ་གྱི་ལྟེ་བ་ནི་ཆབ་མདོ་དང་རྫ་ཆུའི་རྒྱུད་དུ་ཡོད་པར་བཤད། དུས་ཕྱིས་རྒྱ་ཡིག་ཏུ་སུམ་པའི་མིང་བོད་སྐད་དང་བསྟུན་ཏེ་སུའོ་པེ་༼苏毗༽ཞེས་སྒྲ་བསྒྱུར་ཙམ་བྲིས་འདུག་གོ


༢༽འ་ཞ།

     འ་ཞ་ནི་བོད་ཀྱི་རུས་རྒྱུད་སྒའི་ཚོ་བ་ཆེན་པོ་ཞིག་ཡིན་ལ། དེང་གི་མདོ་སྨད་རྨ་ཀླུ་ཙོང་གསུམ་འབབ་ཡུལ་དུ་གནས་པ་མང་ཆེ་བ་འ་ཞ་སྒའི་རིགས་སུ་གཏོགས་ཏེ། <<བོད་ཀྱི་རུས་མཛོད་>> དུ་”ཡུལ་འ་ཞ་ནས་རྒ་བྱུང་སྟེ་”ཞེས་པ་ལྟར་དང་། དུས་རབས་བཞི་པའི་མགོ་ཙམ་ན་བྱང་གི་ལིའོ་ཉིན་ཕྱོགས་ནས་ཞན་ཕེའུ་ ༼ 鲜卑 ༽ རིགས་ཀྱི་ཡ་གྱལ་ཚོ་བ་ཆེ་ཤོས་ཤིག་ཆད་དེ། ནུབ་ཏུ་གནས་སྤར་བ་མཚོ་སྔོན་པོའི་རྒྱུད་དུ་ཆགས་ཏེ་བསྡད་པ་ལས་སྒ་འ་ཞ་དང་འདྲེས་ཏེ་ཕྱིས་རྒྱལ་ཁབ་ཅིག་བཙུགས་པ་ལ་བོད་ཀྱིས་རྒྱལ་ཕྲན་འ་ཞ་ཞེས་འབོད་པ་དང་། རྒྱ་སྐད་དུ་ཐོ་ཡོས་ཧོང་༼ 吐谷浑 ༽ ཞེས་གྲགས་ཤིང་།བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོག་མར་བོད་ཀྱིས་མངའ་དབང་དུ་བསྡུས་པ་ཡིན་ནོ།


༣༽ལྡོང་སྤྱང་།

    རྒྱལ་ཕྲན་འདི་ནི་མཚོ་སྔོན་གྱི་ཤར་ལྷོ་དང་སི་ཁྲོན་གྱི་ནུབ་བྱང་ཕྱོགས་སུ་བཅའ་སྡོད་བྱས་ཡོད་པར་བཤད་ཅིང་།འཚོ་བ་གཙོ་བོ་ཕྱུགས་ལས་ལ་བརྟེན་པར་མངོན། ལྡོང་ནི་མི་ཉག་པ་ཡིན་ལ་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ཞེས་པའི་རིགས་ཏེ། རུས་མཛོད་དུའང་”ཡུལ་མི་ཉག་ནས་ལྡོང་རིགས་དང་”ཞེས་བཀོད་པ་ལྟར་མདོ་ཁམས་འདི་ནི་ལྡོང་གི་རིགས་རྒྱུད་དུ་ངེས་ཤིང་།དེའང་རྒྱ་སྐད་དུ་ཏང་ཞང་༼ 党项 ༽ཞེས་སྒྲ་བསྒྱུར་ཙམ་འབོད་པ་དེ་ཡིན་ལ། དུས་ཕྱིས་བོད་སིལ་བའི་སྐབས་དེང་གི་ཉིན་ཞཱ་༼ 宁夏 ༽ལྗོངས་ནས་མི་ཉག་རྒྱལ་རབས་༼ 西夏王朝 ༽བཙུགས་པ་དེའང་གཙོ་བོ་ལྡོང་རིགས་ཡིན་ནོ།


༤༽ཞང་ཞུང་།

     རྒྱའི་ཡིག་ཚང་དུ་ཆེ་ཆུང་གཉིས་སུ་ཕྱེས་འདུག་ཅིང་། ཕྱུགས་ལས་བསྐྱངས་ནས་འཚོ་བ་རོལ་བཞིན་ཡོད་པར་གསུངས། གཙོ་བོ་བོད་ལྗོངས་ཀྱི་བྱང་ངོས་སོགས་སུ་གནས་ལ། བོད་བཙན་པོའི་རྒྱལ་རབས་གསར་འཛུགས་ཀྱི་དུས་སུ་ཞང་ཞུང་གིས་བོད་བཙན་པོར་གྲོགས་དན་བགྱིས་ནས་འ་ཞར་དམག་དྲངས་ཤིང་། དེ་ནས་ཅང་མ་འགོར་བར་བོད་བཙན་པོའི་མངའ་དབང་དུ་བཀུག

     དེ་བས་ཀུན་གྱིས་མཁྱེན་གསལ་ལྟར་ཞང་ཞུང་ནི་བོད་གདོད་མའི་ཆོས་ལུགས་བོན་བསྟན་གྱི་འབྱུང་ཁུངས་ཡིན་ཕྱིན། དེར་བོན་གཞུང་རྣམས་སུ་ཞང་ཞུང་གི་གནས་ཚུལ་དང་ལོ་རྒྱུས་སོགས་བཀོད་པ་མང་ཞིང་། དེ་དག་ལ་བརྟགས་ན་སྔོན་ཆད་ཞང་ཞུང་ནི་ཧ་ཅང་སྟོབས་ཆེ་ཞིང་དར་རྒྱས་ཆེ་བ་མ་ཟད། ཤེས་རིག་ལྡན་ལ་རིག་གནས་ཀྱང་འཕེལ་བར་མངོན་ཏེ། བོན་པོའི་ལོ་རྒྱུས་ཅུང་དག་པ་རྣམས་ཀྱི་བཤད་སྲོལ་ལྟར་ན། ཞང་ཞུང་ནི་བོན་སྟོན་འཁྲུངས་ཡུལ་དང་བོན་བསྟན་གྱི་འབྱུང་ཁུངས་ཡིན་པ་མ་ཟད། ཞང་ཞུང་རྒྱལ་ཁམས་ཀྱི་མངའ་ཁོངས་ལའང་སྒོ་ཕུག་བར་གསུམ་དང་དེའི་རྒྱལ་རབས་ནི་བོད་རྗེ་ཐོག་མ་གཉའ་ཁྲིའི་སྔོན་ཙམ་ནས་སྲོང་བཙན་སྒམ་པོའི་བར་རྒྱུན་མ་ཆད་པར་བྱོན་པར་བཤད་ལ། དེའང་ཏུན་ཧོང་ཡི་གེར་ཡང་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བྱ་བར་སྲོང་བཙན་གྱི་སྲིང་མོ་སད་མར་ཀར་གནས་ལ་བརྫངས་ཡོད་པའི་གྲོགས་ལ་བརྟེན་ནས་ཆབ་འོག་ཏུ་བསྡུ་ཚུལ་བཀོད་མུར། “རྒྱལ་འདྀའི་རིང་ལ། ཞང་ཞུང་གྀ་རྒྱལ་པོ་ལ་དྲངས་སྟེ། ཆབ་སྲིད་མཛད་ནས། ། ཞང་ཞུང་གྀ་རྒྱལ་པོ་ལྀག་མྱི་རྐྱའི་སྲིད་བརླག་སྟེ། ། ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ ། “ཞེས་འཁོད་འདུག  ཡང་རྒྱའི་གནའ་བོའི་ཡིག་ཚང་དུའང་ཞང་ཞུང་ལ་དབྱང་ཐོང་ ༼ 羊同 ༽ ཞེས་འབོད་ལ། དེའི་མངའ་ཁོངས་ཀྱང་ཤིན་ཏུ་ཆེ་བར་བཤད་ཅིང་ཞང་ཞུང་ཆེ་ཆུང་གཉིས་བཀར་ནས་བོད་ཡུལ་དང་མཐའ་བཞི་ཚང་མའང་ཞང་ཞུང་གི་མངའ་འོག་ཡིན་པ་ལྟ་བུར་འདོད་ཀྱང་།དེ་འདྲ་ཅུང་ཟད་ཐལ་ཆེ་བས་བདེན་པར་མི་མཐོང་། བོད་ཀྱི་རིགས་མཛོད་ལས་ “ཞང་ཞུང་ནས་སྤྲ་དང་ “ཞེས་ཞང་ཞུང་ནི་བོད་མིའུ་གདུང་དྲུག་གི་ནང་ཚན་སྤྲ་རིགས་སུ་གཏོགས་པར་བཤད་པས། དེང་སང་གི་མཚན་ཉིད་བཞི་ལྡན་གྱི་མི་རིགས་ཤིག་ཏུ་གོ་བར་མི་འཐད་དོ།


༥༽བ་ཡི་ལང་།

     རྒྱལ་ཕྲན་འདི་མཚོ་སྔོན་གྱི་ལྷོ་ཕྱོགས་དང་བོད་ལྗོངས་ཀྱི་བྱང་ཕྱོགས་སུ་མཆིས་ཤིང་། འཚོ་བ་འབྲོག་ལས་ལ་བརྟེན་ནས་རོལ་བཞིན་ཡོད་པ་དང་། སྤྱི་ལོ་དུས་རབས་བདུན་པའི་འགོ་ཙམ་ནས་བོད་བཙན་པོས་དབང་བསྒྱུར་ཏོ།


༦༽ཧྥུ་གོ

     རྒྱལ་ཕྲན་འདི་ཉིད་སི་ཁྲོན་གྱི་ནུབ་ཁུལ་དང་བོད་ལྗོངས་ཀྱི་ཤར་ཕྱོགས་སུ་མཆིས་ཤིང་། དུད་ཁྱིམ་ཡང་ཉིས་ཁྲི་ལྷག་མངའ་བར་བཤད། འཚོ་རྟེན་གཙོ་བོ་ཞིང་ལས་སུ་ངེས། སྤྱི་ལོ་དུས་རབས་བདུན་པའི་འགོ་ཙམ་དུ་བོད་བཙན་པོའི་མངའ་འབངས་སུ་གྱུར་ཏོ།

ཡོང་ཁུངས་བོད་ནང་གི་དྲ་བ།

2 thoughts on “བོད་ཡུལ་དུ་བྱུང་བའི་རྒྱལ་ཕྲན་འགའི་ལོ་རྒྱུས།

  1. ཟླ་བ ཕྱི་ལོ། ༢༠༡༦ ཟླ། ༠༧ ཚེས། ༢༩ at ༥:༤༣ am

    སུམ་པ་ནི་བོད་ཀྱི་རུ་ཆེན་ལྔ་(གཡས་རུདང་།་་་གཡོན་རུ་དབུ་རི་རི་ལག་དང་སུམ་པ་རུ་)དབྱེ་བ་ནང་གི་གཅིག་ཡིན་པས།་་་་་ས་ཆ་ནི་དེང་ནག་ཆུ་དང་ཡུལ་ཤུལ་ས་ཁུལ་མིན་ནམ་བསམ།་་་་་རྒྱ་ཡིག་ནང་གི་།ཤར་རྒྱལ་མོ་རྒྱལ་ཁབ།ཟེར་བ་དེ་སུམ་པ་རང་ཨེ་ཡིན་ནམ་བཅས་ཐེ་ཚོམ་ཡོད་རུང་།་་་སྤྱི་བཏང་རྒྱ་ཡིག་ཡིག་ཆ་ནང་ཤར་རྒྱལ་མོ་རྒྱལ་ཁབ་ཟེར་བ་གནས་ཡུལ་ལ་དཔྱད་པ་དཀའ་བའི་ཟར་རེ་བུར་རེ་མང་པོ་བྲིས་ཡོད་རུང་།་་་་ཤཱིན་ཅཱང་གི་རི་བོ་མིང་ལ་ཚཱང་ལཱན་ཟེར་(དེང་བོད་ཀྱི་ཨ་ཆེན་གངས་རྒྱབ་རི་རྒྱུད་མིན་ནམ་བསམ་པར)བའི་རི་རྒྱུད་དེའི་ལྷོ་ལ་ཡོད་བཅས་རྒྱ་ཡིག་ཡིག་ཆ་ཁ་ཤད་ནང་ཤར་རྒྱལ་མོ་རྒྱལ་ཁབ་སྐོར་བརྗོད་དུས་ཕལ་ཆེད་གཅིག་མཚུངས་བཀོད་ཡོད་པས།་་་བོད་ཀྱི་སུམ་པ་རུས་དང་གནས་ཡུལ་གཅིག་མཚུངས་རེད་འདུགོ།

  2. ཟླ་བ ཕྱི་ལོ། ༢༠༡༦ ཟླ། ༠༨ ཚེས། ༠༣ at ༤:༤༧ am

    རྒྱ་ཡིག་ནང་གི་པཱེ་ལཱན་ཟེར་བ་འབྲོག་ལས་ཀྱི་རྒྱལ་ཕྲན་དེ་འ་ཞའི་ལྷོ་ནུབ་ཡོད་ཚུལ་བཀོད་འདུག་པར་དེང་གི་འགོ་ལོག་དང་འགོ་ལོག་ཉེ་འཁོར་ལ་མིན་ནམ་སེམས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading