བན་ཤུལ་དཔལ་མཁར་རྒྱལ།
དྲི་བ། བོད་དུ་རྒྱལ་བློན་ཕན་ཚུན་གྱི་བར་དུ་བྲོ་མནའ་བོར་བའི་སྲོལ་ལུགས་སྔ་ཤོས་དེ་དུས་ནམ་ཞིག་ལ་བྱུང་བ་དང་། དེ་ཡང་ཆབ་སྲིད་རང་ལུགས་དང་རྒྱལ་ཇུས་རང་ལུགས་ཅན་དུ་འགྱུར་བའི་དུས་དེ་ནམ་ཞིག་ལ་ངོས་འཛིན་རྒྱུ་དང་། གཞན་ཡང་མནའ་བསྒག་པ་འདི་དམངས་ཁྲོད་ནས་ཕོ་བྲང་དུ་དར་བ་ཡིན་ནམ་ཕོ་བྲང་ནས་དམངས་ཁྲོད་དུ་དར་བ་ཡིན། དེས་བོད་ཀྱི་ཆབ་སྲིད་ཐད་ཐོན་པའི་ནུས་པར་ཅི་ལྟར་གདེང་འཇོག་བྱེད་འོས། འདི་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གནའ་རྩོམ་ཆེད་ལས་ཞིབ་འཇུག་སློབ་མ་འབའ་ཚེ་རིང་ཐར་གྱིས་བན་ཤུལ་ལགས་ལ་བཏོན་པའི་དྲི་བ་ཡིན། གསུང་རོགས་གནོང་།
དྲིས་ལན། མནའ་བོར་བའི་ལམ་སྲོལ་འདི་ནི་ཧ་ལམ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་ནས་བཟུང་བྱུང་ཡོད། བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་གཉའ་ཁྲི་གནམ་ནས་བྱོན་པ་རེད་ཅེས་མི་འབངས་ཕལ་བ་རྣམས་ལ་བསྒྲགས་ཆེད་དུ་ལྷ་རི་གྱང་ཐོའི་རྩེ་རུ་བསང་ཕུད་ནས་དམ་བཅས་ཏེ་མནའ་བསྐྱལ་ཡོད། འདི་ནི་བོད་ཀྱི་རྒྱལ་བློན་གཉིས་ཀ་འཛོམས་ནས་མནའ་བོར་བའི་གནས་ཚུལ་ཐོག་མ་དེ་ཡིན་ལ། མནའ་ཆབ་སྲིད་ཀྱི་ལག་ཆར་སོང་བའི་སོང་ཚུལ་སྔ་ཤོས་དེའང་ཡིན་ནམ་སྙམ། དེ་ལ་མནའ་བྱ་བ་ནི་ཚིག་དང་གྲོས་བྱས་པ་སོགས་བྱ་སྤུས་ནོན་པ་བཞིན་མི་འགྱུར་བའི་ཕྱིར་དུ་དམ་བཅས་པ་ཞིག་ལ་ཟེར་ཞིང་། གནའ་སྐད་ཀྱི་ནང་དུ་བྲོ་བོར་བ་ཞེས་གསལ་ཞིང་བྲོ་ནི་སྐབས་འདིར་ཟ་མ་སོགས་ཀྱི་བྲོ་བ་ཤེས་བྱེད་ཀྱི་རང་འབྲས་ལྕེ་ཤེས་དང་བཅས་པའི་ལྕེ་དེ་ལ་བྱ་བ་ཡིན། གལ་ཏེ་དམ་བཅས་ནས་མནའ་བོར་ཏེ་མནའ་ཟས་ན་རང་གི་ལྕེ་བོར་བ་དང་མཚུངས་ཞེས་པར་གོ་ཞིང་དེ་བཞིན་དུ་ཁྲིམས་ལའང་ཞལ་ལྕེ་བྱ་བ་འདི་རྣམས་ཕན་ཚུན་འབྲེལ་ཆེ་བ་ཡིན་པས་གོ་བར་བྱ་དགོས།
བོད་ཀྱི་མནའ་འདི་ཆབ་སྲིད་ཅན་དང་རྒྱལ་ཇུས་ཅན་ལ་གཉའ་ཁྲི་བཙན་པོའི་དུས་ནས་བཟུང་གྱུར་ཡོད་པར་ཁས་ལེན་བྱས་ནའང་ལུང་རིགས་ཀྱི་གནོད་བྱེད་གང་ཡང་ཡོང་མི་ཐུབ་བོ།། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་བཟུང་ནང་ཚགས་ཙམ་མ་ཡིན་པར་མཐའ་བཞིའི་རྒྱལ་ཕྲན་ཁག་གི་བར་དུའང་མནའ་གན་འཇོག་པའི་སྲོལ་དར་བཞིན་ཡོད་ལ། རིམ་བཞིན་མནའ་བསྐྱལ་ནས་མནའ་རྟེན་ལ་རྡོ་རིང་འཛུགས་བཞིན་ཡོད་ཅིང་ལ་དེ་ལ་བོད་ཀྱི་ཡིག་ཚང་རྙིང་བ་ཁག་ནས་མནའ་རྡོ་རུ་འབོད་པ་ཡིན། དཔེར་ན་ལྷ་ལྡན་གཙུག་ལག་ཁང་གི་མདུན་ངོས་སུ་ཀྲོང་ངེར་འགྱིང་བའི་རྡོ་རིང་དེ་ཡང་མནའ་རྡོ་ཞིག་ཡིན་ཏེ། དེའི་ངོས་སུ་རྒྱ་བོད་གཉིས་ཀྱི་མནའ་ཆེན་པོ་བསྐྱལ་ཡོད། ཉེ་སྔོན་པ་ཀི་སི་ཐན་ནས་རྙེད་པའི་རྡོ་རིང་དེ་ཡང་བོད་ཀྱི་མཐའ་སྲུང་དམག་མི་རྣམས་ཀྱི་མནའ་རྡོ་ཞིག་ཡིན། མནའ་རྡོ་བཙུགས་རྗེས་སུ་རྒྱལ་བློན་དམག་དཔོན་དང་བཅས་པས་རྡོ་རིང་སྟེང་ལ་ལག་པ་རེ་རེག་ནས་མནའ་བསྐྱལ་སྲོལ་ཡོད་པ་གུས་པས་གུད་དུ་བྲིས་ཡོད་པས་ནམ་ཞིག་གཟིགས་མོར་འབུལ་ཐུབ་པར་བྱའོ།།
གུས་པའི་ལྟ་ཚུལ་ལྟར་ན། མནའ་བསྒག་པ་འདི་ནི་ཐོག་མར་མི་འབངས་ཀྱི་ནང་དུ་དར་ཞིང་དེ་ནས་ཕོ་བྲང་དུ་སོང་བའི་ཉམས་མྱོང་ཞིག་ཡིན་དགོས་སྙམ་ཡང་དེ་ལ་ད་དུང་དཔྱད་གཞི་ཆེའམ་སྙམ། མནས་ཆབ་སྲིད་ལ་ཐོན་པའི་ནུས་པའང་གོང་གི་དེ་དེ་བཞིན་དུ་གོ་བར་བྱའོ།།
༢༠༡༤/༡༠/༡༩ལ། ལྷ་སར།
ཡོང་ཁུངས་བོད་ནང་གི་དྲ་བ།