ཞི་ཅིན་ཕེང་གི་སྲིད་སྐྱོང་འདུ་ཤེས་དང་ཀྲུང་ཧྭ་སླར་གསོ་ཟེར་བར་དཔྱད་པ།

འབྲོག་མྱི།

     ཕྱི་ཟླ ༡༠ར་བསྐོངས་པའི་རྒྱ་དམར་མཐོ་རིམ་ཚོགས་ཆེན་སྟེང་། ཞི་ཅིན་ཕེང་གིས་ཁོང་གི་སྲིད་སྐྱོང་གི་དམིགས་འདུན་དང་མདུན་ལྗོངས་གླེང་ཡོད། དེའི་ཁྲོད་ན་མི་སེར་སྤྱི་ཚོགས་ཀྱི་བར་སྟོང་ཡོད་མི་སྲིད་ལ། ནུབ་གླིང་གི་རྣམ་པའི་དམངས་གཙོ་དེ་བས་ཀྱང་མེད། ད་དུང་ ལྟོ་འགྲངས་ལུས་ཁོམ་པའི་ཕྱི་གླིང་བའི་རྐང་བརྡ་ལག་བརྡ” ལའང་ཉན་མི་སྲིད། དེ་ལས་ལྡོག་དེ། ཚང་འཛོམས་ཚོགས་ཆེན་ལས་མངོན་པའི་གསལ་བརྡ་ནི་ཞི་ཅིན་ཕེང་ལ་ཁྲིམས་སྐྱོང་གི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱ་རྒྱུའི་དམིགས་རེ་ཡོད་པ་དང་། གཙང་འཁྲུད་དག་ཐར་བྱས་ཟིན་པའི་འགན་ཐེག་པའི་དམར་ཚོགས་རྒྱལ་ཁབ་དཔོན་ངན་རྩ་འཛུགས་ལ་འགྲན་སློང་སོགས་མེད་པའི་ངང་མི་མཐུད་ནསམི་དམངས་ལ་ཞབས་འདེགས་ཞུ” རྒྱུ་དེ་རེད།
དམངས་གཙོ་ཁར་ཁྱེར་ནས་དོན་གྱིས་ཇག་པའི་རང་བཞིན་ཅན་གྱི་སྒེར་གཅོད་དེ་དམངས་གཙོ་མིན་པ་ནང་བཞིན་རང་གིས་རང་ལཐུན་མོང་ཐོན་སྐྱེདཟེར་བའི་སྲིད་ཚོགས་དེ་དེ་བཞིན་རེད།
དམར་ཚོགས་ནི་ཁ་ཆེན་དབང་ཆེན་གྱི་གཞུང་འཛིན་ཚོགས་པ་དེ་ཡིན་ཞིང་། དེ་ཡི་བསམ་བློའི་ལངས་ཕྱོགས་ནི་མཱ་ཁེ་སི་རིང་ལུགས་མིན་ལ།མི་རིགས་སླར་གསོཡིན། དེ་ཡི་དབུ་ཁྲིད་ཀྱིས་མངོན་སུམ་འཛེམ་མེད་ངང་གོང་མ་རྒྱལ་བོའི་དུས་སྐབས་ཀྱི་མེས་པོའི་ལེགས་བཤད་བསྐྱར་ནས་མི་སེར་དུང་ཕྱུར་བཅུ་གསུམ་གོང་བུར་འགྲིལ་ཐབས་བྱེད་ཀྱིན་ཡོད།
འོན་ཀྱང་། ནོར་མི་རུང་བ་ཞིག་ནི། ཞི་ཅིན་ཕེང་ནི་མི་རིགས་རིང་ལུགས་པའི་དབུ་ཁྲིད་ཅིག་ཡིན་པས་མི་རིགས་རིང་ལུགས་ཀྱི་བློ་ཁ་ཤིན་ཏུ་དྲག
འབྱུང་འགྱུར་གྱི་ལོ་བརྒྱད་ཀྱི་ནང་དུ་ཞི་ཅིན་ཕེང་གིས་རྒྱ་ནག་གི་དཔལ་འབྱོར་ལ་བཅོས་བསྒྱུར་ནུས་པ་དང་། ཆབ་སྲིད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནུས་ཚེ། ཞི་ཅིན་ཕེང་གི་དུས་རབས་སུ་གཅིག་བགྱིས་ན་ཨ་མེ་རི་ཀ་ལས་བརྒལ་ཏེ་འཛམ་གླིང་སྟེང་དཔལ་འབྱོར་གདོས་བཅས་ཆེ་ཤོས་སུ་བསླེབ་མི་སྲིད་པ་མིན། ཕྱི་ལོ ༢༠༢༠ ལོར་ཞི་ཅིན་ཕེང་གི་ལོ་བཅུའི་སྲིད་སྐྱོང་དུས་ཡུན་རྫོགས་དུས། གཅིག་བགྱིས་ན་རྒྱ་ནག་གིས་རང་ཉིད་ཀྱི་བར་སྣང་ས་ཚུགས་སྐྲུན་ཟིན་ཡོད་ལ། ཨ་རིའི་ཨེ་ཞི་ཡའི་འཐབ་ཇུས་ལ་ཁ་གཏད་དུ་ལངས་ཐུབ་པའི་དམག་ཤུགས་འཛོམས་ཡོད་ཀྱང་སྲིད།
དེ་ནི་ད་གཟོད་ཞི་ཅིན་ཕེང་གི་ ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སླར་གསོ” ཟེར་བའི་ནང་དོན་ངོ་མ་དེ་ཡིན་ལ།རྒྱ་ནག་གི་རྨི་ལམ” ཟེར་བའང་དེ་ཡིན།
ཡིན་ན་ཡང་།རླངས་ཆེན་སླར་གསོམངོར་པར་གྱུར་རྒྱུར་ཧ་ཅང་དཀའ་ཚགས་ཆེ་བའི་དཔལ་འབྱོར་བཅོས་བསྒྱུར་གྱི་ལེགས་འགྲུབ་ལ་རག་ལས་ཡོད་ལ། དཔལ་འབྱོར་བཅོས་བསྒྱུར་གྱི་ལེགས་འགྲུབ་བྱུང་མིན་དེ་རྒྱ་ནག་གི་ཆབ་སྲིད་ཀྱི་གཉེན་ཆ་དང་བབ་བསྟུན་གྱི་རང་བཞིན་ལ་རག་ལས་ཡོད།
འོ་ན། ཞི་ཅིན་ཕེང་གི་ཆབ་སྲིད་འདུ་ཤེས་ནི་ཅི་ཞིག་ཡིན་ནམ་ཞེ་ན། ཞི་ཅིན་ཕེང་རང་གི་བཤད་སྲོལ་ལྟར་ན། ལོ་ངོ་སྟོང་གི་ཡར་སྔོན་དུ། ཀྲུང་ཧྭ་མི་རིགས་ཀྱིས་རྒྱལ་ཁབ་གཞན་དག་དང་མི་གཅིག་པའི་ལམ་ལུགས་ཤིག་གསར་གཏོད་བྱས་ཡོད།
དེ་སྔོན་བསམ་ཕྱོགས་མི་མཐུན་པ་དང་ནུབ་གླིང་ཞིབ་འཇུག་པ་ལ་ལས་ཞི་ཅིན་ཕེང་ནི་མི་མངོན་པའི་དམངས་གཙོ་བ་ཞིག་ཡིན་པར་ཡིད་ཆེས་བྱས་ཡོད་མོད། འོན་ཀྱང་ཁོང་གིས་ལོ་གཉིས་རིང་སྲིད་བསྐྱངས་རྗེས། མཚར་སྡུག་ཅན་གྱི་རེ་སྨོན་དེ་རྦད་དེ་བཅོམས་ཟིན།
ཨ་རིས་ཕྱི་ལོ ༡༩༧༩ ལོ་ནས་གལ་ཏེ་རྒྱ་ནག་མ་རྩ་རིང་ལུགས་དང་འཛམ་གླིང་གཅིག་གྱུར་ལ་ཐུག་ཚེ་རྒྱལ་སྤྱིའི་ལམ་ལུགས་རྨང་གཞི་བྱས་པའི་ཆབ་སྲིད་རང་དབང་མི་བྱེད་རང་བྱེད་ཡིན་བསམ་ཡོད། འོན་ཀྱང་ཞི་ཅིན་ཕེང་མ་རྩ་རིང་ལུགས་དང་འཛམ་གླིང་གཅིག་གྱུར་ལ་མོས་པ་མེད་པ་མ་ཟད། རྒྱ་ནག་གི་ནང་སྲིད་དེ་ཧ་ཅང་ཐ་དད་པའི་རྒྱལ་སྤྱིའི་ལམ་ལུགས་ཤིག་དང་མཐུན་ཐབས་བྱས་དང་བྱེད་མུས་སུ་ཡོད།
མའོ་ཙེ་ཏུང་དང་ཏིན་ཞོ་ཕེང་གི་རྗེས་སུ། ཞི་ཅིན་ཕེང་ལས་རང་རྟོན་ཅན་དང་དམིགས་ཡུལ་གསལ་བའི་དབུ་ཁྲིད་ཅིག་བྱུང་མྱོང་མེད། ཁོང་གི་བཤད་སྲོལ་འགྲོ་ལུགས་ལས་ཞི་ཅིན་ཕེང་ནུབ་གླིང་གི་རྣམ་པའི་དམངས་གཙོ་ཟེར་བ་དེ་རྒྱ་ནག་ལ་འོས་འཚམ་མིན་པར་འདོད་མཁན་ཞིག་ཡིན་པ་བདེན་དཔང་བྱས་ཡོད། རྒྱ་ནག་གི་དབུ་ཁྲིད་གཞན་རྣམས་ཇི་བཞིན། ཞི་ཅིན་ཕེང་གིས་ཀྱང་ཨུ་རུ་སི་ཁ་འཐོར་བར་ཡིད་ནག་གཏིང་ནས་ཆད་ཡོད། ཁོང་གིས་དེ་སྔ ༡༩༩༡ ལོའི་ཨུ་རུ་སི་ཁ་འཐོར་གྱི་རྒྱུ་རྐྱེན་ནིཕོ་ལྟེ་ཐོགས་ཅན་ཞིག་མེད་པར། མི་སུ་གཅིག་གིས་ཀྱང་འཐབ་རྩོད་བྱས་མེདཅེས་བརྗོད་ཡོད། འདི་ནི་རྒྱ་ནག་གི་ཆབ་སྲིད་འཇོན་ཐང་དང་ཕུལ་བྱུང་གཉིས་ལྡན་ཅན་ཚོའི་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཐབས་ཤིག་ཀྱང་ཡིན།
དམར་ཤོག་ཚོགས་པར་འཇིགས་སྐུལ་བྱས་པ་དེ་འཐབ་ན་མི་རྒྱལ་བ་མེད་པའི་སྙིང་སྟོབས་ལ་འཇིགས་སྐུལ་བྱས་པ་དང་གཉིས་སུ་མ་མཆིས་པར་གྱུར་ཡོད་པས། སྙིང་སྟོབས་དེའི་དབང་གིས་དམར་ཤོག་ཚོགས་པས་རང་ཉིད་ཀྱི་དབང་ཆ་སྲུང་སྐྱོབ་བྱེད་ཐུབ་ཡོད།
རྒྱལ་ཁབ་ཀྱི་ཁེ་ཕན་དང་ལ་རྒྱ་ནམ་ཡིན་ཡང་ཨང་དང་པོའི་གོ་ས་ན་ཡོད་པས། རྒྱལ་ཁབ་ཀྱི་ཁེ་ཕན་དང་ལ་རྒྱར་འཐམ་ནས་མ་ལྷོད་ན་འགྲན་སློང་མཁན་མེད་པ་རྒྱ་ནག་གི་དབུ་ཁྲིད་ཚོར་ཡིད་ཆེས་བརྟན་པོ་ཡོད།
དམར་ཚོགས་ཀྱིས་ཨུ་རུ་སིའི་ཁ་དོག་གསར་བརྗེ་ལ་ཞིབ་འཇུག་བྱས་ཡོད་ལ། ཨ་ཧྥི་རི་ཀ་བྱང་མའི་སྒེར་གཅོད་སྲིད་དབང་རྩ་རྫོགས་བྱས་པའི་ཨ་རབ་ཀྱི་དཔྱིད་ཀར་བརྟག་དཔྱད་ཀྱང་བྱས་ཡོད། དེ་བཞིན་ཨ་རིའི་སྟོབས་ཤུགས་ཨེ་རག་དང་ཨ་ཧྥི་གྷ་ནེ་སི་ཐན་ནང་བསླེབས་རྗེས་སྤེལ་བའི་ཚོད་ལྟའི་འདེམས་བསྐོ་ལའང་ཞིབ་འཇུག་བྱས་ཡོད། མ་དཔེ་དེ་དག་ལ་བློ་ཡུལ་གང་པའི་ཁྱད་ཆོས་མི་ལྡན་པ་དང་ཡིད་ཆེས་རུང་བ་ཞིག་མིན་པས། རྒྱ་ནག་གིས་མ་དཔེ་དེ་དག་ལ་དཔེ་ལྟ་བྱེད་མི་སྲིད། རྒྱ་ནག་གི་འགོ་ཁྲིད་ཚོས་འདས་པའི་ལོ་ངོ ༣༥འི་བཅོས་བསྒྱུར་དུས་སྐབས་སུ་མི་སེར་དུང་ཕྱུར་བཅུ་གསུམ་གྱི་རེ་བ་བསྐོངས་ཡོད་པས། མ་མཐའ་ཡང་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ལས་བཟང་བ་ནན་གྱིས་བརྗོད་ཀྱིན་ཡོད། ལྷག་པར་དུ་ཕྱི་ལོ ༢༠༠༨ ལོའི་འཛམ་གླིང་ཧྲིལ་བོར་བྱུང་བའི་དཔལ་འབྱོར་ཉམས་ཆག་དང་ཨ་རིའི་སྲིད་ཚོགས་གཉིས་ཀྱི་ཁྱོད་ཤི་ང་གསོན་གྱི་འགལ་ཟླའི་འཐབ་རྩོད་ལས། རྒྱ་ནག་གིས་རང་ཉིད་ཀྱི་དབང་ཤུགས་རིང་ལུགས་དང་མི་རིགས་རིང་ལུགས་གཉིས་ཟུང་འབྲེལ་གྱི་མ་དཔེ་ལ་ཡིད་ཆེས་སྐྱེས་ཡོད།
ཞི་ཅིན་ཕེང་ཡོ་རུབ་དུ་འཚམས་གཟིགས་སྐབས། རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་བོའི་ལམ་ལུགས་དང་། གྲོས་ཚོགས་ལམ་ལུགས། ཚོགས་མང་ལམ་ལུགས། སྲིད་འཛིན་ལམ་ལུགས་ལ་སོགས་པར་ང་ཚོས་དེ་སྔོ་ཞིབ་འཇུག་བྱེད་མྱོང་། ཚོད་ལྟའང་བྱེད་མྱོང་། ཡིན་ན་ཡང་དེ་དག་གཅིག་ཀྱང་འོས་འཚམ་མ་རེད། ཅེས་མན་ཆིན་གོང་མ་ཕྱི་ལོ་ ༡༩༡༡ལོར་རྩ་རྫོགས་བྱས་པ་ནས་ཕྱི་ལོ ༡༩༤༩ ལོར་དམར་ཚོགས་ལ་རྒྱལ་ཁ་ཐོབ་པའི་བར་གྱི་དུས་ཡུན་དེ་བསྟན་ཡོད་པ་རེད། ཞི་ཅིན་ཕེང་གིས་རྒྱ་ནག་གིས་རྒྱལ་ཁབ་གཞན་པའི་ཆབ་སྲིད་མ་དཔེ་ཇི་མ་ཇི་བཞིན་ལེན་མི་རུང། དེ་དག་ང་ཚོ་ལ་མི་འཚམ་པས། མཇུག་འབྲས་སུ་གནོད་འཚེ་ཡ་ང་བ་བྱུང་སྲིད་པ་རེད། ཅེས་བརྗོད་ཡོད།
དམངས་གཙོ་མི་སྤེལ་ན། འོ་ན་ཅི་ཞིག་སྤེལ་རྒྱུ་རེད་དམ་ཞེ་ན། འདས་པའི་ཟླ་ཤས་སུ། ཧོང་ཀོང་གི་ཆར་གདུགས་གསར་བརྗེ་ཡིས་ཡང་བསྐྱར་གནད་དོན་དེ་ཚ་ཚ་འུར་འུར་གྱིས་བསླངས་ཡོད་ལ། རྒྱ་གཞུང་གི་གྲོགས་པོ་ཐེ་ཝན་གྱི་སྲིད་འཛིན་མཱ་ཡིན་ཇིག་གིས་ཀྱང་རྒྱ་ནག་གཞུང་གིསམི་སྐོར་ཞིག་སྔོན་དུ་དམངས་གཙོ་ཅན་དུ་བསྒྱུར་དགོས” ཞེས་བརྗོད་ཡོད།
ཡིན་ཡང་རྒྱ་ནག་སྐམ་སར། ཡོངས་ཁྱབ་རིན་ཐང་དང་། མི་སེར་སྤྱི་ཚོགས། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་འཛིན་རང་དབང་། དེ་བཞིན་གསར་འགྱུར་རང་དབང་སོགས་ཀྱི་བགྲོ་གླེང་རིགས་ཡོད་ཚད་ལ་ཞིབ་བཤེར་བྱས་ཡོད་ལ། ཞི་ཅིན་ཕེང་གིས་དབང་བསྒྱུར་བའི་ལོ་གཉིས་སུ། ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོར་བཟོད་སྒོམ་མི་བྱེད་པར། སྲིད་སྐྱོང་འདུ་ཤེས་དང་གཡོན་དུ་ཕྱོགས་པའི་སྨྲ་བརྗོད་གྱི་བར་སྟོང་ཇེ་ཆུང་དུ་སོང་ཡོད། དེ་བཞིན། དེ་སྔོན་ཆོག་པ་དང་། ཐ་ན་སྨྲ་བ་བརྗོད་རྒྱུར་སྐུལ་འདེད་བྱས་མྱོང་པའི་ཁྲིམས་རྩོད་པ་དང་ཡོན་ཏན་པ་སྐོར་ཞིག་སིལ་སིལ་བཙོན་དུ་བཅུག་ཡོད།
མདོར་ན། ཞི་ཅིན་ཕེང་གི་ཆབ་སྲིད་རྣམ་པའི་ཁྱད་ཆོས་ནི་ཆབ་སྲིད་བགྲོ་གླེང་མཁན་ཇེ་ཉུང་དུ་གཏོང་རྒྱུ་དང་། བླུན་དམངས་བྱེད་རྒྱུ་ལས་མཁས་དམངས་བྱས་མི་ཆོག་དེ་རེད།
དང་ཐོག་གི་གུང་ཁྲན་རིང་ལུགས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་བསགས་པའི་རྒྱ་ནག་གི་སྲིད་སྐྱོང་འདུ་ཤེས་ཡོད་ཚད་བསྒགས་ཡོད། འོན་ཀྱང་། ཞི་ཅིན་ཕེང་གིས་རྒྱ་ནག་གི་ལོ་རྒྱུས་སུ་སྐད་གྲགས་ཆེ་བའི་ཁཱོན་ཙི་སོགས་ཀྱི་སྐད་ཆ་ལུང་དྲང་ནས། གནའ་རབས་མེས་པོའི་ཁྱིམ་བདག་གི་རྣམ་པའི་སྨྲ་བརྗོད་ཀྱིས་རང་ཉིད་ལ་ཐུམ་བརྒྱབས་ཏེ། དེ་དག་ལ་བརྟེན་ནས་སྲིད་དབང་སྒེར་གཅོད་གྱི་དབང་བསྒྱུར་གྱི་ཁྲིམས་མཐུན་རང་བཞིན་སྲ་བརྟན་ཅན་དུ་གཏོང་ཐབས་བྱེད་ཀྱིན་ཡོད། མཱ་ཁེ་སི་རིང་ལུགས་དང་རྒྱ་ནག་གི་སྲོལ་རྒྱུན་སྲིད་སྐྱོང་འདུ་ཤེས་གཉིས་ཟུང་དུ་འབྲེལ་བའི་བསམ་བློ་དེ་ལ་ཞི་ཅེན་ཕེང་གིས་སྐལ་བ་ཕྲག་བརྒྱར་མི་ཉམས་པ་དང་རྒྱ་ནག་གི་སྲོལ་རྒྱུན་རྣལ་མ་དེ་རུ་ངོས་འཛིན་བྱས་ཡོད།
ཞི་ཅེན་ཕེང་གིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཡིད་ཆེས་དང་ལྷག་བསམ་གྱིས་ཁེངས་པའི་རྒྱལ་ཁབ་ཀྱི་ཡབ་ཆེན་གྱི་སྣང་བརྙན་ཞིག་བསྐྲུན་ཐབས་བྱས་དང་བྱེད་མུས་ཡིན་ཞིང་། ཞི་ཏཱ་ཏཱ་ཡི་ཆབ་སྲིད་འདུ་ཤེས་ཁྲོད་མི་སྒེར་ལ་དད་གུས་དང་། མི་རིགས་རིང་ལུགས། ལོ་རྒྱུས་ལ་ཞིབ་འཇུག མ་འོངས་པ་བཞེངས་བསྐྲུན་སོགས་འདུས་ཡོད།
ཡིན་ན་ཡང་ཞི་ཏཱ་ཏཱས་བཏོན་པའི་སྨན་ཐོ་དེས་དུས་རབས ༢༡པའི་རྒྱ་ནག་གི་ནད་ཡམས་སེལ་ནུས་སམ།
ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སླར་གསོ” དང་།རྒྱ་ནག་གི་རྨི་ལམ། ཨི་ཞི་ཡ་ཞི་བདེ་རྒྱ་མཚོ་ཆེན་མོའི་རྨི་ལམ” སོགས་རྨི་ལམ་གྱི་ཞིང་ཁམས་ན་རྨི་ལམ་གླེང་མཁན་ཞིག་ལ་རེ་བ་དེ་འདྲ་ཆེན་པོ་རྒྱག་ས་ཡོད་མེད་བཤད་དཀའ་བ་དང་། ཁོང་གིས་རྒྱ་ནག་གི་སྲིད་དབང་བསྐྱངས་པའི་འདས་པའི་ལོ་གཉིས་ཀྱི་ནང་། དང་ཐོག་བཤད་པའི་ སྟག་དང་སྦྲང་མ་མཉམ་གསོད” བྱེད་རྒྱུའི་འདུན་པ་བཞིན། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཀྲུག་ཡོན་ཁང་གིས་མཚོན་ སྟག” ༥༩ ལ་ཞིབ་བཤེར་དང་གོ་ས་ནས་གནས་དབྱུང་བཏང་ཡོང་མོད། འོན་ཀྱང་ཞི་ཅིན་ཕེང་གི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་དེ་ཡང་འདེམས་སྒྲུག་རང་བཞིན་ཅན་གྱི་རྒོལ་རྡུང་ཞིག་དང་། གོ་ས་དང་དབང་ཆའི་འཐབ་རྩོད་ཞིག་ལས། རུལ་སུངས་བྱུང་རྐྱེན་གྱི་ལམ་ལུགས་ལ་རེག་མེད། དབང་ཆ་འཐབ་རྩོད་བདེ་བར་འཁོད་རྗེས་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་དེ་རང་བཞིན་གྱིས་ཉམས་ངེས་ཡིན། གལ་ཏེ་མུ་མཐུད་ནས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་མཐར་ཐུག་བྱེད་རྒྱུ་ཟེར་ན། དེ་ཡི་མཇུག་འབྲས་ནི་དམར་ཚོགས་རྩ་རྫོགས་ལས་ལྷག་མེད། གང་ཡིན་ཟེར་ན། རྒྱ་ནག་གི་དཔོན་རིགས་ཡོད་དོ་ཅོག་ཏུ་ལྐོག་ཟ་རུལ་སུངས་མེད་པ་གཅིག་ཀྱང་མེད་པས་སོ།
ཞི་ཅིན་ཕེང་ནི་མི་རིགས་རིང་ལུགས་པ་ཞིག་ཡིན་པས། རྒྱ་རིགས་མིན་པའི་མི་རིགས་གཞན་གྱི་བདེ་སྡུག་དང་རེ་འདུན་ལ་དོ་སྣང་བྱེད་མི་སྲིད། ཁ་སྔོན་བསྐོངས་པའི་ ༼མི་རིགས་ལས་དོན་ལྷན་ཚོགས༽ སྟེང་ཞི་ཅིན་ཕེང་གིས རྒྱ་རིགས་ཆེན་པོ་དང་གུ་དོག་པའི་མི་རིགས་རིང་ལུགས་ལ་ངོ་རྒོལ་ཡོད” ཅེས་བརྗོད་པ་ཙམ་གྱིས་ད་ལྟ་རྒྱ་ནག་སྤྱི་ཚོགས་སུ་ཡོད་བཞིན་པའི་མི་རིགས་མཐོང་ཆུང་དང་མི་རིགས་གྲལ་རིམ་གྱི་ལམ་ལུགས་སྲིད་ཇུས་དེ་དག་མེད་པར་གཏོང་མི་སྲིད། རྒྱ་རིགས་ལས་གཞན་གྲངས་ཉུང་མི་རིགས ༥༥ ཀྲུང་ཧྭ་མི་རིགས་སུ་གྱུར་ཚེ” ཞི་ཅེན་ཕེང་གིཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སླར་གསོ” འགྲུབ་པ་རེད་ལ རྒྱ་ནག་གི་རྨི་ལམ” ཡང་མངོན་པར་གྱུར་བ་རེད།
ཀྲུང་ཧྭ་མི་རིགས”  ཞེས་པ་མཐར་དེད་ན་ རྒྱ་རིགས” ཁོ་ནར་གོ་དགོས།

ངེད་དྲ་ཚིགས།

One thought on “ཞི་ཅིན་ཕེང་གི་ཀྲུང་ཧྭ་སླར་གསོ་ཟེར་བར་དཔྱད་པ།

  1. བཙན་པོ། ཕྱི་ལོ། ༢༠༡༤ ཟླ། ༡༡ ཚེས། ༡༧ at ༡༢:༢༣ pm

    ཨ་ཁུ་འབྲོག་མྱི་བཟང་ཐ། རྒྱ་རྒན་ཚང་ང་བཞགས་མེད་གི མུ་མཐུད་ནས་འདི་ལྟ་བུ་རྩོམ་ལེགས་རེ་སྤྱི་ཚོགས་ཀྱི་མིག་མདུན་དུ་བཀོད་རྒྱུ་གལ་ཆེ།

དཔྱད་མཆན་སྤེལ།

%d