ཐུན་མིན་གྱི་རྩོམ་རིག་སྒྱུ་རྩལ་ལ་བསྲེས་ལྷད་མ་གཏོང་།

 དེ་རིང་སྔ་དྲོར་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་བཙོན་འོག་རྩོམ་པ་པོའི་ཉིན་མོ་སྲུང་གཙི་སྐབས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་རིག་སྒྱུ་རྩལ་ནང་ཕྱིའི་ལྟ་གྲུབ་སོགས་ཀྱི་བསྲེས་ལྷད་མ་ཐེབས་པ་དགོས་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་༡༠།༣༠ ཙམ་ལ་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་དུས་དྲན་ཐེངས་ ༣༣ པ་སྲུང་གཙི་གནང་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་། འཇར་མན་ནས་ཆེད་དུ་ཕེབས་པའི་དམིགས་བསལ་སྐུ་ཚབ་རྒྱ་རིགས་རྩོམ་པ་པོ་དང་གསར་འགོད་པ་ཀྲང་པེན་ལགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ཟུར་ཉན་པ་བཅས་ཁྱོན་མི་གྲངས་ ༡༠༠ ཡས་མས་འདུ་འཛོམས་འདུག

ཐོག་མར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་གཡུ་སྒང་འོད་ཟེར་ལགས་ཀྱིས། དུས་དྲན་སྲུང་གཙིའི་སྐོར་ངོ་སྤྲོད་གནང་སྐབས། བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པའི་རྒྱལ་སྤྱིའི་རྩོམ་པ་པོ་སྤྱི་དང་། རྒྱ་གཞུང་གིས་བོད་ནང་རྩོམ་པ་པོ་དང་ཁོར་ཡུག་སྲུང་སྐྱོབ་པ། སྒྱུ་རྩལ་བ། གཞས་པ་བཅས་ཁྱོན་མི་ ༦༠ ལྷག་བཙོན་འཇུག་བྱས་པའི་ཁྲོད་མང་པོ་ཞིག་ཀློད་གྲོལ་བཏང་ཚར་ཡོད་ཀྱང་། ད་དུང་མི་ཉུང་བ་ཞིག་མུ་མཐུད་བཙོན་འཇུག་བྱས་ཡོད་སྟབས། རྒྱལ་སྤྱིའི་ཐོག་ནས་ཁོང་ཚོར་རྒྱབ་སྐྱོར་དང་བཙོན་དུ་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། པེན་གྱི་ཁྱབ་ཁོངས་ཡན་ལག་རྒྱལ་ཁབ་ ༡༥༠ ཙམ་ནང་ཉིན་མོ་འདི་སྲུང་གཙི་བྱེད་བཞིན་ཡོད་སྐོར་བརྗོད་སོང་།

དེའི་རྗེས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ནས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དཔར་སྐྲུན་བྱས་ཤིང་ཆབ་སྲིད་བཙོན་ཟུར་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་བརྩམས་པའི་ ༼དཀའ་སྡུག་གི་ཟིན་ཐོ།༽དང་། ཆབ་སྲིད་བཙོན་ཟུར་བྱ་མདོ་རིན་བཟང་ལགས་ཀྱིས་བརྩམས་པའི་༼མི་རིགས་ཀྱི་བདེན་སྟོབས།༽ཞེས་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ཡིག་ཏུ་བསྒྱུར་བའི་བོད་དོན་སྐོར་གྱི་རྩོམ་ཡིག་ཕྱོགས་བསྡུས་༼དོན་དངོས་ཁ་བྲལ་བ་སུ་རེད།༽ཅེས་པའི་དེབ་ཅིག་བཅས་དབུ་འབྱེད་གནང་སོང་།

དེའི་རྗེས་སྨན་ཤེར་བློ་གྲོས་ལགས་ཀྱིས་རྒྱ་ནག་གི་གནོན་ཤུགས་འོག་བོད་ནང་དུ་བོད་ཆོལ་ཁ་གསུམ་གྱི་རྩོམ་པ་པོས་གྲུབ་པའི་ཚོགས་པ་འཛུགས་ཐུབ་མེད་པ་དང་། རྩོམ་པ་པོ་ཚོར་རྒྱབ་རྟེན་དང་རིག་གནས་ཀྱི་སྡིངས་ཆ་མེད་པ། དེ་བཞིན་རྩོམ་རིག་གི་ཁོར་ཡུག་བསྐྲུན་མ་ཐུབ་པའི་རྐྱེན་གྱིས་ཚད་ལྡན་གྱི་རྩོམ་པ་པོ་ཉུང་ཉུང་ཡིན་པའི་ཁར། ཁོང་ཚོར་ཁ་གཏད་དུ་ལངས་བའི་རྩོམ་པ་པོ་མང་པོ་རྒྱ་གཞུང་གིས་སྐྱེད་སྲིང་བྱེད་བཞིན་ཡོད་པ་སོགས་ཀྱིས། བོད་ཀྱི་རྩོམ་རིག་དང་རྩོམ་པ་པོ་ཚོར་དཀའ་ངལ་འཕར་མ་ཞིག་བཟོ་བཞིན་ཡོད་པ་དང་། དེ་བཞིན། བཙན་བྱོལ་ནང་བོད་ཀྱི་རྩོམ་རིག་དང་རྩོམ་པ་པོ་ཚོར་སྒྱུ་རྩལ་དང་རིག་གནས་རང་གི་ངོ་བོའི་ཐོག་ནས་སྔོག་འདོན་བྱེད་མ་ཐུབ་པའི་དཀའ་ངལ་ཤུགས་ཆེན་པོ་ཡོད་སྟབས། བོད་ཀྱི་ལོ་རྒྱུས་ཁྲོད་ད་ལྟ་བོད་ཀྱི་རྩོམ་རིག་དང་རྩོམ་པ་པོའི་གནས་སྟངས་དཀའ་ངལ་ཆེ་ཤོས་ཤིག་ཏུ་གནས་ཡོད་སྐོར་བརྗོད་སོང་།

དེ་ནས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་བོད་ནང་གི་བཙོན་འོག་རྩོམ་པ་པོའི་གནས་སྟངས་སྐོར་སོ་སོའི་ཉམས་མྱོང་དང་འབྲེལ་ནས་བརྗོད་སྐབས། འཇིགས་མེད་རྒྱ་མཚོ་ལགས་རྒྱ་གཞུང་གིས་ཐེངས་ ༤ ལ་འཛིན་བཟུང་བྱས་པའི་བརྒྱུད་རིམ་དང་ཁོང་གཉིས་བཙོན་རོགས་ཡིན་ལ། བཙོན་ཁང་དུ་མནར་གཅོད་མང་པོ་བཏང་བའི་སྐོར་སོགས་ངོ་སྤྲོད་དང་འབྲེལ། རྒྱ་གཞུང་གིས་བོད་ཁུལ་དུ་མི་རིགས་རང་གི་སྐད་ཡིག་དང་སློབ་གསོ་ཡར་རྒྱས་ཆེན་པོ་གཏོང་གི་ཡོད་སྐོར་སྒྲོག་གི་ཡོད་ཀྱང་། སློབ་གསོའི་ཁོར་ཡུག་དེ་ཆབ་སྲིད་ཀྱི་གར་སྟེགས་ཤིག་ཏུ་བསྒྱུར་ཏེ་སྲིད་གཞུང་གི་གཏན་འབེབས་སློབ་དེབ་མ་གཏོགས་ནུབ་ཕྱོགས་ཀྱི་བསྒྱུར་རྩོམ་རིགས་སོགས་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། རྔ་པ་ཁུལ་གྱི་ནང་ནས་མགོ་བརྩམས་ནས་སློབ་གསོའི་བྱ་འགུལ་ཞིག་སྤེལ་ཏེ། ཐིག་ཐོག་གསུམ་སྣོན་ཞེས་བོད་རིགས་བྱིས་པ་ཚོ་ཆུང་དུས་ནས་རྒྱ་ནག་ནང་ཁྲིད་དེ་ལུས་སེམས་གཉིས་ཀ་རྒྱ་རིགས་སུ་བསྒྱུར་ཐབས་དང་། དྲུག་ཐོག་གསུམ་སྣོན་ཞེས་སློབ་ཆུང་མཐར་ཕྱིན་རྗེས་བོད་རིགས་བྱིས་པ་ཚོ་བོད་ཁུལ་གྱི་སློབ་འབྲིང་འགྲིམ་དུ་མ་བཅུག་པར་རྒྱ་ནག་ནང་ཁྲིད་པ། དགུ་ཐོག་གསུམ་སྣོན་ཞེས་པའི་འོག་བོད་རིགས་མཐོ་འབྲིང་སློབ་མ་རྣམས་རྒྱ་ནག་ནང་ལོགས་ཀྱི་ལག་རྩལ་སློབ་གྲྭ་སྐྱོ་བོ་དག་གི་ནང་འཛུལ་ཞུགས་བྱེད་དུ་བཅུག་སྟེ། དགོས་མཁོ་ཆེ་བའི་ལག་ཤེས་རིགས་མ་བསླབ་པར་ལས་ཀར་བཀོལ་གྱི་ཡོད་ལུགས་སོགས་བརྗོད་སོང་།

རྩོམ་པ་པོ་ཀྲང་པེན་ལགས་ཀྱིས་རྒྱ་གཞུང་གི་བཙན་གནོན་འོག རྒྱའི་རིག་གནས་པ་མང་པོའི་བསམ་བློའི་རང་དབང་ལ་གནོན་ཤུགས་ཆེན་པོ་བཟོས་རྐྱེན་རྒྱ་ནག་སྤྱི་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་འགོག་རྐྱེན་ཚབས་ཆེན་ཐེབས་ཡོད་ སྐོར་དང་། རྒྱ་ནག་གི་ཤེས་ཡོན་པ་མང་པོ་ཕྱི་རྒྱལ་ལ་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་ལྟར། ཁོ་རང་ཡང་འཇར་མན་ནང་བཙན་བྱོལ་དུ་ཡོད་པ་དང་། དེ་རིང་ཚོགས་རའི་ནང་ཡོད་པའི་རྩོམ་པ་པོ་མང་པོའང་ཁོ་རང་དང་འདྲ་བར་རྒྱ་ནག་ནས་བཙན་བྱོལ་དུ་ཡོང་བ་ཡིན་ལ། ཕྱི་ལོགས་ནས་སོ་སོའི་སྐད་ཡིག་གི་ཐོག་ནས་རྩོམ་ཡིག་འབྲི་བཞིན་ཡོད་ལ། ག་ཚོད་ཀྱིས་སོ་སོའི་ཕ་སྐད་ཀྱི་ཐོག་ནས་རྩོམ་ཡིག་བྲིས་པ་ཡིན་ན་དེ་ཚོད་ཀྱིས་རང་ཡུལ་གྱི་འདུ་ཤེས་བསྐྲུན་ཐུབ་སྐོར་སོགས་བརྗོད་སོང་།

མཇུག་ཏུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བཙོན་འོག་རྩོམ་པ་པོའི་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ད་ལྟའི་ཆར་བོད་ཀྱི་རྩོམ་པ་པོ་བརྒྱ་ཆ་ ༩༩ ལྷག་གིས་བོད་རང་གི་བདེན་དོན་དང་། ཆོས་དང་རིག་གཞུང་གི་ཐོག་ལ་རྩོམ་བྲིས་ཏེ་ཧུར་ཐག་གནང་ཡོད་པ་དེ་ཞེ་དྲག་ཡག་པོ་རེད། ཡིན་ནའང་། རེ་ཟུང་གིས་རྩོམ་ཡིག་གི་ཐོག་ནས་ཞན་སྐྱོན་ཕྲན་བུ་ཡོང་གི་ཡོད་པ་རེད། དེ་ཚོར་ང་ཚོ་ཚང་མས་བསམ་ཤེས་དགོས་པ་དེ་གལ་ཆེན་པོ་མིན་འགྲོ་བསམ་གྱི་འདུག དཔེར་ན། བོད་ནང་གི་རྩོམ་པ་པོ་ཡིན་ན་ང་རང་ཚོ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་མ་རྩ་ཞེ་དྲག་མེད་པར་དམར་པོའི་ལྟ་བར་འབྲེལ་བ་དང་བག་ཆགས་ཤུགས་ཆེན་པོ་ཞིག་བསླེབ་མེད་འགྲོ་བསམ་གྱི་འདུག

དེ་བཞིན་ཕྱི་ལོགས་སུ་ཡོད་པའི་བོད་རིགས་རྩོམ་པ་པོ་ཚོས་ཕྱི་རྒྱལ་གྱི་ལྟ་བ་དང་སྐད་ཀྱི་འགྲོ་སྟངས་འདྲིས་བཅུག་སྟེ། བོད་ཀྱི་རྩོམ་ཡིག་འབྲི་སྟངས་དང་ཁ་ཕྱོགས་ལ་བསྲེས་ལྷད་ཕྱིན་ནས་བོད་རང་གི་རྩོམ་ཡིག་གི་འགྲོ་སྟངས་ལ་ཉམས་ཆག་འགྲོ་བཞིན་མེད་འགྲོ་བསམ་གྱི་འདུག དེའི་ཕྱིར་རྩོམ་པ་པོ་ཡོངས་རྫོགས་ཀྱིས་བོད་རང་གི་ཐུན་མོང་མ་ཡིན་པའི་རྩོམ་རིག་གི་སྒྱུ་རྩལ་དེ་ཉམས་ཆག་ཏུ་འགྲོ་རུ་མ་བཅུག་པའི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། ཅེས་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མི་རིགས་དང་བཅས་པ་རྩ་མེད་དུ་འགྲོ་བའི་ཉེན་ཁའི་དུས་སྐབས་འདིར། དེ་ཚོ་སྐྱོབ་པའི་འགན་དེ་བོད་རིགས་སྤྱི་ཡོངས་ལ་ཡོད་སྟབས། རང་དབང་དང་ཐོབ་ཐང་བེད་སྤྱོད་བཏང་བ་ཙམ་མ་ཡིན་པར་ཕན་གནོད་ལ་ངེས་པར་དུ་བསམ་ བློ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

ཡོང་ཁུངས་བོད་ཀྱི་དུས་བབ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s