རྩོམ་པ་པོ་མཚམས་སྦྱོར་མདོར་བསྡུས།

     ར་བྷན་དྷ་ར་ན་ཐཱ་ཐེ་ཀོར་ནི་ (Rabindranath Tagore 1861-1941) རྒྱ་གར་ཉེ་རབས་ཀྱི་སྙན་ངག་པ་དང་སྒྲུང་རྩོམ་མཁན་རླབས་ཆེན་ཞིག་ཡིན། ཁོང་དུས་རབས་བཅུ་དགུ་བའི་བྷན་གྷལ་ (Bengal) གྱི་གྲུབ་མཐའ་གསར་བ་བྷ་ར་ཧ་མོ་ས་མ་ཇེ་ (Brahmo Samaj) ཞེས་པའི་ཆོས་ལུགས་དབུ་ཁྲིད་ཅིག་གི་ཁྱིམ་དུ་འཁྲུངས། སྐུ་ན་ཕྲ་དུས་རང་ཁྱིམ་དུ་སློབ་གཉེར་གནང་ཞིང་དགུང་ལོ་བརྒྱད་ཀྱི་སྟེང་ནས་བཟུང་སྙན་ངག་འབྲི་འགོ་བརྩམས་པ་དང་དགོང་ལོ་བཅུ་བདུན་སྟེང་དབྱིན་ཡུལ་དུ་ཕེབས་ནས་ཕྱི་སྐད་ལ་སྦྱོང་བ་མཛད། ཁོང་གི་ཆེས་ཕུལ་དུ་བྱུང་བའི་ལྗགས་རྩོམ་གཙོ་བོ་ <<གླུའི་མཆོད་པ་ >><<Song Offerings>> དང་། སྒྲུང་རྩོམ་ལ་ <<གྷོ་ར་ >> <<Gora>><<འཛམ་གླིང་དང་ཕ་ཡུལ་ >> <<The Home and The World>> སོགས་ཡོད་ལ། སྐྱེས་ཆེན་འདི་ཉིད་སྙན་ངག་མཁན་དང་སྒྲུང་རྩོམ་མཁན་པོ་ཞིག་ཡིན་པར་མ་ཟད། ད་དུང་ཟློས་གར་འཁྲབ་གཞུང་དང་། མཚན་ཉིད་རིག་པ། ཆབ་སྲིད་གསུང་རྩོམ། ཡུལ་སྐོར་ཟིན་བྲིས། སྤྲིངས་ཡིག རི་མོ། རོལ་མོའི་བསྟན་བཅོས་སོགས་ཀྱི་མཛད་པོའང་ཡིན། 1913 ལོར་སྙན་ངག་གཅེས་བསྡུས་ << གླུའི་མཆོད་པ་ >> བརྩམས་ཏེ་གླིང་ཆེན་ཨེ་ཤ་ཡའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་ཐོག་མར་གྱུར། ཁོང་གི་སྙན་ངག་གི་ཁྱད་ཆོས་གཙོ་བོ་ནི་སྒྲུང་གཏམ་དང་ཟློས་གར་འཁྲབ་གཞུང་སོགས་རྩོམ་ལས་སྣ་ཚོགས་ཀྱི་རོ་ཉམས་ཆེན་པོ་ལྡན་ཞིང་ཆེས་བླ་ན་མཐོ་བའི་སྒྱུ་རྩལ་གྱིས་ཕྱུག་པར་མ་ཟད། སྙན་ཞིང་འཇེབས་པ། ཁ་གསལ་ཞིང་ཚིག་རྒྱན་སྣ་ཚོགས་ཀྱིས་སྤུད་པ་སོགས་མི་སེམས་ཅིག་ཅར་དུ་གཡོ་བར་བྱེད།


ཞག་གཅིག་གི་གཟི་བརྗིད།

བདག་ཉིད་ཆེན་མོ་ཐེ་ཀོར་གྱིས་བརྩམས། ན་བུན་གྱིས་དབྱིན་ཡིག་ལས་བསྒྱུར།

སོ་ར་བྷ་ལཱ་ (Surabala) དང་ངེད་གཉིས་སྔོན་ཆད་མཉམ་དུ་གཞི་རིམ་སྒེར་བཙུགས་སློབ་ཆུང་གཅིག་ཏུ་བསྐྱོད་པ་ཡིན་ལ། ང་ཁོ་མོར་གཉེན་སྒྲིག་ཁུལ་གྱི་རྩེད་འཇོར་ཡང་ཅི་དགར་རོལ་མྱོང་།

ང་ཁོ་མོ་ཚང་ལ་འགྲོ་ཐེངས་རེར། མོའི་ཨ་མ་ལགས་ཀྱིས་ང་ལ་ཧ་ཅང་གཅེས་གཅེས་དུངས་དུངས་གནང་བར་མ་ཟད། ངེད་གཉིས་གྲལ་གཞིབས་ནས་སྡོད་དུས། ཁོ་མོསཨ་ཙི། ཅི་འདྲའི་བཟའ་ཚོ་ཨ་འགྲིག་ཆ་འགྲིག་ཅིག་ཨངཞེས་རང་ཉིད་ལ་ཁེར་ལབ་བྱེད།

སྐབས་དེར་ང་རང་ལོ་ཆུང་བྱིས་པ་ཞིག་ཡིན་རུང་། ངས་ཁོ་མོའི་སྐད་ཆ་དེའི་ཕུགས་དོན་ཡོངས་སུ་ཧ་གོ་ཡི་ཡོད་ལ། བསམ་ཕྱོགས་དེ་ངའི་སྙིང་དབུས་སུ་རྩ་བ་ཚུགས་པ་ནས་བཟུང་། སྤྱིར་བཏང་གི་བཟའ་དཔོན་ཕལ་མོ་ཆེ་ལྟར། ཁོ་མོའི་ས་ནས་ང་ལ་ཁེ་དབང་དམིགས་བསལ་བ་ཞིག་ཐོབ་ཀྱི་ཡོད། དེའི་སྟབས་ཀྱིས། ངས་ཀྱང་སྐྲ་བདག་ཅིག་གི་སྙེམས་དྲགས་བསྐྱེད་ནས། ལན་རེར་ཁོ་མོར་སྡུག་སྦྱོང་བཏང་ཞིང་། ཁོ་མོས་ཀྱང་སྡིགས་མོ་ཙམ་ཡང་མི་གནང་བར་ངའི་གཅར་རྡུང་ལ་བཟོད་སྒོམ་ཅི་ཐུབ་བྱེད་པར་མ་ཟད། ད་རུང་གཉའ་བ་ཞུམ་ཞུམ་དང་སྒྱིད་པ་འདར་འདར་གྱིས་ངའི་གཡོག་ལས་ལ་རྒྱུག་གིན་ཡོད། ཁོ་མོའི་ལང་ཚོ་དང་ཁོ་མོའི་འཇོ་སྒེག་རི་གྲོང་འདིའི་གླེང་བྱ་སྨོན་བྱའི་ཡུལ་དུ་གྱུར་ཡོད་རུང་། བློ་དམན་བདག་རང་ལྟ་བུའི་གཞོན་སྐྱེས་ཤིག་གི་མིག་ནང་དུ། དེ་ལྟའི་འཇོ་སྒེག་ནི་རང་གི་གཟི་བརྗིད་ཅིག་ཏུ་ལར་ནས་མི་བསམ། མ་གཞི་ཁོ་མོ་ཁེར་སྡུག་ངང་རང་གི་ཨ་ཕ་ལགས་ཀྱི་ཁྱིམ་དུ་འཚར་ལོངས་བྱུང་བ་ཞིག་ཡིན་པའི་ངོས་ནས། ཁོ་མོས་བདག་གི་གཉའ་གནོན་ལ་བཟོད་བསྲན་གནང་བ་ཡིན་ལ། དེའི་རྐྱེན་པས། ཁོ་མོ་ངའི་བྲན་ཁོལ་བསྙོན་མེད་ཅིག་ཏུ་གྱུར་བའང་ངས་གསལ་བོར་ཤེས་ཀྱི་ཡོད།

ངའི་ཨ་ཕ་ལགས་ས་བདག་གྲལ་རིམ་ (zemindar) གྱི་གླ་བདག་ (Chaudhuri) ཅིག་ཡིན། ཁོང་གི་དགོངས་འཆར་ལྟར། ང་ལ་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་ལེགས་པོར་བསླབས་པར་མ་ཟད། གཞིས་ཀ་དོ་དམ་གྱི་ལས་ཀར་སྦྱོང་བརྡར་སྤྲད་དེ། ས་ཆ་ག་གེ་མོ་ཞིག་ནས་བོགས་གཏོང་ (rent collectorship)འགན་སྲུང་བྱེད་དུ་འཇུག་འདོད་ཡོད་རུང་། བསམ་བྱ་དེ་ལ་ང་རང་སེམས་གཏིང་ནས་མི་འཐད་པར་འདུགང་ཚོའི་སྡེ་བའི་ནེལ་ར་ཐིན་ (Nilratan) ཡུལ་ཀལ་ཀ་ཏར་ (Calcutta) བྱོལ་ནས། དེ་གར་དབྱིན་སྐད་ལ་ནང་བྱན་ཆུད་པར་སྦྱངས་རྗེས། རྫོང་ལྟ་ཞིབ་དཔོན་ཆུང་ (Nazir) དུ་གྱུར་བ་རེད།

ང་རྫོང་ལྟ་ཞིབ་དཔོན་ཆུང་བྱེད་མ་བཏུབ་ནའང་། ཨ་ཕ་ལགས་ཀྱིས་མི་ཤེས་པའི་སར། ང་དབུས་ཁྲིམས་ཞིབ་ལྷན་ཁང་གི་ལས་དྲུང་བྱེད་རྒྱུའི་ཆོད་སེམས་བརྟན་པོར་བཅངས་ཡོད།

དུས་དང་རྣམ་པ་ཀུན་ཏུ་ཨ་ཕ་ལགས་ཀྱིས་ཁྲིམས་ཁང་གི་ལས་སྣེ་ཚོར་བསྙེན་བཀུར་བླ་མེད་གནང་གི་ཡོད་པ་ངས་མཐོང་མྱོང་ལ། ང་རང་ལོ་ན་ཆུང་དུས་ནས། ཁྲིམས་ཁང་གི་ལས་བྱེད་ཚོ་ཉ་ཤ་དང་སྔོ་ཚོད། ཐ་ན་དངུལ་ལོར་སོགས་ཀྱི་རྔན་པས་ཡིད་ཚིམས་པར་གྱུར་ཡོད་པའང་ངས་གསལ་བོར་རྟོགས་བྱུང་། རྒྱུ་མཚན་དེའི་རྐྱེན་པས། ཁྲིམས་ཁང་གི་ལས་ཀྱི་སྣེ་ཆུང་ཆུང་ཞིག་ཡིན་ནའང་འདྲ། ཐ་ན་ཁྲིམས་རའི་དོ་དོམ་པ་ཞིག་ཡིན་ཡང་རུང་། རང་སེམས་ནས་ངས་ཁོ་ཚོར་གོ་གནས་མཐོན་པོ་སྤྲད་ཡོད་པ་སྨོས་མ་དགོས།

ང་ཚོ་བྷན་གྷལ་ (Bengal) ས་ཆར། ལྷ་མང་པོར་ (དེང་གི་ལྷ་སྐུའི་པར་དེབ་ཁྲོད་ཀྱི་ཧིན་རྡིའི་ལྷ་ཁང་གི་ལྷ་ལྷ་མོ་ས་ཡ་ 330) དད་གུས་གསོལ་མཆོད་གནང་གི་ཡོད། ལས་དོན་གང་ཞིག་བདེ་བླག་ངང་འགྲུབ་ཕྱིར་ཏུ། ཡུལ་མི་ཕལ་མོ་ཆེས་ལམ་ལྷོང་གི་བདག་ཉིད་ཅནཚོགས་བདག་གླང་སྣ (Ganesh) ལསཁྲིམས་འཛིན་ལས་བྱེདཚོར་ཡིད་རྟོན་ཞིང་། དེ་འདྲ་ཡིན་པས། མི་ཕལ་མོ་ཆེས་རང་གི་ཡོད་ཚད་ཀྱི་ཡོད་ཚད་སྔར་སྲོལ་བཞིནཚོགས་བདག་གླང་སྣརམི་གཏད་པར་ཕྱི་ལུགས་ལྟར ཁྲིམས་འཛིན་ལས་བྱེད” ཚོར་སྩོལ་བ་ཡིན།

ནེལ་ར་ཐིན་མིག་དཔེར་བཟུང་ནས། ངས་ཀྱང་གོ་སྐབས་ཤིག་བཙལ་ནས་ཡུལ་ཀལ་ཀ་ཏར་བྲོས་བྱོལ་དུ་ཕྱིན་ཅིང་། ཐོག་མར་གྲོང་ཚོ་དེ་གར་ངོ་ཤེས་པའི་ཁྱིམ་ཚང་ཞིག་ལ་གནས་ཚང་གཡར་བ་དང་། ཕྱིས་སུ་ཨ་ཕ་ལགས་ཀྱིས་བསྐུར་ཡོང་བའི་སློབ་སྒྲུབ་རོགས་དངུལ་ཕྲན་བུ་ལག་སོན་བྱུང་རྗེས། དམིགས་ཡུལ་ཡོད་པའི་སྒོ་ནས་ངས་མུ་མཐུད་དུ་སློབ་གཉེར་རྒྱུན་འཁྱོངས་བྱས་པ་ཡིན།

དེར་མ་ཟད། ང་སྤྱི་ཚོགས་བྱ་འགལ་དང་སྲིད་དོན་རྩ་འཛུགས་འགའ་ཞིག་གི་ནང་མཉམ་ཞུགས་བྱས་ཤིང་། ཅི་ལྟར་ཡང་། གློ་བུར་གློ་བུར་ངས་རང་ཉིད་ཀྱི་ཚེ་སྲོག་རང་གི་མེས་རྒྱལ་གྱི་ཆེད་དུ་གཏོང་བའི་འདུ་ཤེས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་འོང་བ་བསྙོན་དུ་ཅི། ཡིན་རུང་། དཀའ་ཚེགས་ཆེ་བའི་འགན་ཁུར་དེའི་མཇུག་ཅི་ལྟར་སྐྱོང་རྒྱུ་ངས་མི་ཤེས་པར་མ་ཟད། སུས་ཀྱང་ང་ལ་ལམ་སྟོན་གནང་བ་མ་བྱུང་། ཡིན་རུང་། ང་ལ་བློ་ཕམ་ཡིད་ཆད་ཀྱི་བསམ་པ་སྤུ་ཙམ་ཡང་མ་སྐྱེས། ཀལ་ཀ་ཏའི་སྔོན་ཐོན་ན་གཞོན་ཚོ་དང་འདྲ་བར། ངའི་ཕ་ཡུལ་གྱི་གཞོན་སྐྱེས་ཚོས་ཅི་གང་ལའང་གཞན་དྲིང་མི་འཇོག་པ་མི་ནུས་པར་གདའ། དེ་ལྟ་ནའང་། ང་ཚོའི་མི་ཕྱེད་པའི་ཡིད་རྟོན་དེ་ནམ་ཡང་གཞོམ་ཞིག་བྲལ་ཞིང་འདུག

གོང་བསྙད་ཚོགས་ཁག་གི་འགོ་ཁྲིད་ཚོས་བཀའ་བཀོད་རེ་འཐེན་རྗེས། ང་ཚོར་ཉིན་གུང་གི་ཚ་གདུག་འབྱོལ་བའི་ངལ་གསོ་ཙམ་ཡང་མེད་པར། དུད་ཁྱིམ་རེ་རེའི་སྒོ་དྲུང་ཉུལ་ནས་ང་ཚོའི་བྱ་འགུལ་ལ་རྒྱབ་སྐྱོར་མོས་མཐུན་གནང་བའི་སློང་མོ་རྒྱག་ཏུ་འགྲོ་བའམ། ལམ་འགྲམ་དུ་ལངས་ནས་བརྡ་ཁྱབ་འགྲེམ་པ། ཡང་ན་ཚོམས་ཁང་ནང་ཨོང་སྟེགས་སྒྲིག་པ་སོགས་ཀྱི་ལས་ལ་བྲེལ་ཞིང་། གལ་ཏེ་ཡུལ་མི་སུ་ཞིག་གིས་ང་ཚོའི་འགོ་ཁྲིད་ལ་མི་དགའ་མི་འཐད་པའི་སྐད་ཆ་ཤབ་ཤུབ་ཙམ་སྨྲས་ཚེ། ང་ཚོས་མཐའ་གཅིག་ཏུ་མི་དེར་འགོག་རྒོལ་བྱེད་རྩིས་ཡོད། དེའི་སྟབས་ཀྱིས། གྲོང་ཁྱེར་གྱི་ན་གཞོན་ཚོས་དེ་དོན་ནི་ཤོག་ཁག་བར་གྱི་ཕྱོགས་རིས་འཐེན་འཁྱེར་འབའ་ཞིག་ཏུ་སེམས་ནས་ང་ཚོར་འཕྱ་སྨོད་གཏང་ཡོང་།

དེ་སྔོན་ང་རང་རྫོང་ལྟ་ཞིབ་དཔོན་ཆུང་ངའམ། དབུས་ཁྲིམས་ཞིབ་ལྷན་ཁང་གི་ལས་དྲུང་ཞིག་བྱ་འཆར། ཡུལ་ཀལ་ཀ་ཏར་སློབ་གཉེར་ལ་བྱོལ་བ་ཡིན་མོད། འོན་ཀྱང་དེང་འདིར་ངས་རང་ཉིད་རྒྱལ་ཞེན་རིང་ལུགས་པ་མཱ་ཙེ་ནཱེ། (Mazzini) ཡང་ན་རྒྱལ་གཅེས་དཔའ་བོ་གྷ་རེ་བྷལ་དྷེ་ (Garibaldi) བྱ་རྒྱུའི་ཨང་གསར་བྱས་ཡོད།

སྐབས་དེར་སོ་ར་བྷ་ལཱའི་ཨ་ཕ་དང་ངའི་ཨ་ཕ་གཉིས་ཀས་མགོ་ཐོད་གཏུགས་ནས་ངེད་གཉིས་ཀྱི་གཉེན་དོན་ལ་གྲོས་མོལ་ཞིང་མཆི། ང་ཀལ་ཀ་ཏར་འོངས་དུས་ལོ་བཅོ་ལྔ་ཡིན་ལ་ཁོ་མོ་ལོ་བརྒྱད་ཡིན། ད་ནི་ང་རང་ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ལ་སོན་ཞིང་། ཨ་ཕའི་དགོངས་ཚུལ་ལྟར་ན། ངས་ཁྱིམ་གཞིས་འཛིན་པའི་ན་ཚོད་ལས་བརྒལ་ཞིང་འདུག

ཡིན་རུང་། ངས་མི་ཚེ་གང་བོར་གཉེན་སྒྲིག་མི་འདོད། རྒྱུ་མཚན། མེས་རྒྱལ་གྱི་ཆེད་དུ་ངས་རང་གི་གཅེས་པའི་སྲོད་ཀྱང་བསྡོ་བའི་དམ་བཅའ་བཞག་ཟིན། དེ་བས། སློབ་མཐར་མ་ཕྱིན་སྔོན་དུ་ང་གཉེན་མི་སྒྲིག་ཅེས་ངས་ཨ་ཕ་ལགས་ལའང་དེ་སྐད་ལབ་པ་ཡིན།

ཕྱིས་ཀྱི་ཟླ་བ་གཉིས་གསུམ་ཡས་མས་ཤིག་ལ། གོ་ཐོས་སུ། ཁོ་མོ་རམ་ལོ་ཆེན་ (Ram Lochan) བྱ་བའི་གཟུ་དཔོན་ཞིག་ལ་གཉེན་བསྒྲིགས་སྐད། སྐབས་དེར་ང་རྒྱ་གར་གྱི་དར་རྒུད་ཐད་ལ་མི་མང་གི་གཞོགས་སྐྱོར་མོས་མཐུན་གནང་བའི་ས་ཡིག་བསྡུ་རུབ་ཀྱི་བྱ་བར་བྲེལ་ཆེ་བའི་དབང་གིས། གནས་ཚུལ་དེར་ངས་སྣང་འཇོག་ཡེ་ནས་མ་བྱུང་།

ང་མཐོ་སློབ་ཏུ་ཞུགས་ནས་རྒྱུགས་སྤྲོད་ལ་གྲ་སྒྲིག་བྱེད་བཞིན་པའི་སྒང་ལ། ཨ་ཕ་ལགས་ཚེ་ལས་འདས་སོང་། ཡིན་ནའང་། འཇིག་རྟེན་མི་ཡུལ་འདིར་ང་ལ་ཁེར་རྐྱང་གི་སྣང་བ་གང་ཡང་མ་སྐྱེས་མོད། འོན་ཀྱང་དེང་ཕྱིན་ངས་རང་གི་ཨ་མ་ལགས་དང་སྲང་མོ་གཉིས་ལ་བདག་སྐྱོང་བྱེད་དགོས་པར་འདུག

དེའི་རྐྱེན་པས། ང་མཐོ་སློབ་དང་ཁ་གྱེས་ནས་ལས་གནས་ཤིག་བཙལ་ཞིང་། འབད་བརྩོན་ལྷོད་མེད་བརྒྱུད་མཐར། ང་ལ་ནོ་ཁ་ལེ་རྫོང་ (Noakhali) གྲོང་རྡལ་ཆུང་ཆུང་ཞིག་གི་མཐོ་རིམ་སློབ་ཞུགས་སློབ་གྲྭའི་ (matriculation school) དགེ་རྒན་ཆེན་མོ་གཞོན་པའི་ (second master) ལས་གནས་ཤིག་ཐོབ་བྱུང་། དེའི་རྗེས་ངས་འདི་སྙམ་དུ་བསམས། འདི་གར་ངས་རང་ཉིད་ཀྱི་རེ་འདུན་ལྟར་ལས་གནས་ཤིག་རྙེད་པ་དང་། ད་ནི་རང་གི་སློབ་འཁྲིད་དང་སློབ་སྐུལ་གྱི་ནུས་པར་བརྟེན་ནས། ངས་རང་གི་སློབ་ཕྲུག་ཚོ་རྒྱ་གར་གྱི་མ་འོངས་པའི་མི་རབས་ཤིག་ཏུ་སྐྱེད་སྲིང་བྱེད་དགོས།

དངོས་སུ་ལས་ཀ་འགོ་བརྩམས་རྗེས། ངས་ད་གཟོད་སློབ་ཕྲུག་ཚོའི་མ་འོངས་སྦྱངས་འབྲས་ནི་རྒྱ་གར་གྱི་འབྱུང་འགྱུར་ལས་ཀྱང་ཁ་ཚ་དགོས་གཏུགས་སུ་གླེང་དགོས་པའི་རང་འཁྲིའི་འགན་ཁུར་ཞིག་ཡིན་པ་གཞི་ནས་ཧ་གོ་བྱུང་།

བརྡ་སྤྲོད་རྩིས་རིག་ཙམ་མ་ཡིན་པར། ངས་སློབ་སྒྲུབ་ཀྱི་རྩ་འཛིན་གཞན་གང་རུང་ཞིག་གླེང་ཐེངས་རེ་རེར། ང་ཚོའི་སློབ་གཙོ་ལགས་ཐུགས་རྒྱལ་བཞིང་ཡོང་། ཟླ་ངོ་འགའ་ཞིག་ནང་། ངའི་དེ་སྔའི་སེམས་ཤུགས་ཀྱང་རིམ་བཞིན་ཉམས་རྒུད་དུ་གྱུར།

ང་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པའི་མི་ཞིག་ལར་ནས་མ་ཡིན། ཁུ་སིམ་ལྷིང་འཇགས་ཀྱི་ཕ་ཡུལ་ན་ཡོད་དུས། ངས་འཆར་གཞི་རྒྱ་ཆེན་པོ་ཞིག་འཐེན་སྲིད་མོད། འོན་ཀྱང་ལས་ཀར་དངོས་སུ་འཇུག་དུས། རྒྱ་གར་གྱི་གླང་གོག་ཅིག་ལྟར། ངས་རང་གི་གཉའ་ཤིང་གི་ལྗིད་ཤུགས་ལ་བཟོད་བསྲན་མི་བྱེད་ཐབས་མེད་ཡིན་ཞིང་། ཉིན་རྒྱུན་རང་གི་བདག་པོས་རྔ་མ་ནས་གཅུས་ཤིང་གཉའ་ཤ་གཅོད་ལ་ཁད་བྱེད་དུས། ཧ་ཅང་འཁོས་ཆུང་ངང་མགོ་བོ་སྨད་ཅིང་། ས་སྲོས་སུ། སྐྱུག་ལྡད་བྱེད་རྒྱུའི་རྩྭ་ཆས་ཉུང་ངུ་ཞིག་རག་ཚེ། ཧ་ཅང་ཡིད་ཚིམས་པའི་ངང་སྡོད་རྒྱུ་ལས་བྱ་ཐབས་ཅི་ཡོད། དེ་ལྟའི་བྲན་ཁོལ་ཞིག་ལ་འགྱིང་བག་དང་འཕག་འཚག་གི་སྙིང་སྟོབས་ཤིག་གཞར་ཡང་བདོག་མི་སྲིད་ཨང་།

སློབ་གསེང་སྐབས་སུ། ང་ཚོའི་དགེ་རྒན་གཅིག་སློབ་གྲྭར་སྡོད་ཅིང་། མེ་སྐྱོན་སྔོན་འགོག་བྱེད་དགོས། སྐབས་དེར་ང་ཕོ་ཧྲེང་ཡིན་པས། ལས་དོན་དེ་ངའི་ཕྲག་ཏུ་གཡུགས་བྱུང་། ངས་སློབ་རའི་ཉེ་ལོགས་ཀྱི་སྤྱིལ་བུ་ཞིག་གི་ནང་དུ་གནས་བཅས་པ་ཡིན། ང་ཚོའི་སློབ་གྲྭ་གྲོང་རྡལ་བསྟི་གནས་ལས་ཁད་ཐག་ཅུང་རིང་བའི་སར་ཚུགས་ཤིང་། འཁྲིས་ཀྱི་རྫིང་བུ་ཆེན་པོ་དེའི་མཐའ་འཁོར་དུ་གོ་ཡུ་དང་བེ་ཏ་སོགས་ལྗོན་ཤིང་སྣ་ཚོགས་ཚང་ཚིང་རྒྱས་ལ། སློབ་གྲྭའི་ཁང་རྩེག་གི་རྩིབ་ལོགས་སུ་གནའ་བོའི་དུས་ཀྱི་སོ་ཤིང་ཆེན་པོ་གཉིས་གྲལ་མཚེས་སུ་སྐྱེས་ཡོད། དེ་བས། ཁོ་ར་ཁོར་ཡུག་ཀུན་ཏུ་འཁྱག་སིབ་སིབ་ཀྱི་གྲིབ་སོ་གྱོན་ཞིང་འདུག

ངས་དོན་དག་ཅིག་འཆད་རྒྱུ་བརྗེད་པར་འདུག དྲང་བོར་བརྗོད་ན། ངས་དེ་བསམ་རིན་གླེང་རིན་ཡོད་པ་ཞིག་ཏུ་མི་འདོད། གོང་བསྙད་ས་གནས་སྲིད་གཞུང་གི་གཟུ་དཔོན་རམ་ལོ་ཆེན་ང་ཚོའི་སློབ་གྲྭའི་ཉེ་འདབས་སུ་གནས་འཆའ་ཞིང་། ཁོང་གི་དགའ་མ་སོ་ར་བྷ་ལཱ་ (ངའི་ཆུང་དུས་ཀྱི་རྩེད་རོགས་མ) ཡང་ཁོ་དང་མཉམ་དུ་འཚོ་བ་ངས་ཤེས་ཡོད།

ངས་རམ་ལོ་ཆེན་ལ་འབྲེལ་འདྲིས་བྱས་མྱོང་། ཡིན་ནའང་། ཁོའི་དེང་གི་དགའ་མ་ངའི་ཆུང་དུས་ཀྱི་རྩེད་རོགས་ཡིན་པའི་གནས་ཚུལ་དེ་ཁོས་རྟོགས་ཡོད་མེད་ང་ལ་གསལ་ཆ་ཅི་ཡང་མེད། དང་ཐོག་ངས་རང་ཉིད་ཁོར་མཚམས་སྦྱོར་བྱེད་དུས། དོན་དངོས་དེ་ངས་ཁོང་ལ་བཤད་འོས་མིན་ཡང་མི་ཤེས་པར་འགྱུར། དྲང་བོར་བཤད་ན། སོ་ར་བྷ་ལཱ་ད་རག་བར་དུ་ཕྱོགས་གང་ཅིའི་ཐད་ནས་ངའི་མི་ཚེ་དང་འབྲེལ་བ་ཡོད་མེད་ངས་གསལ་བོ་ཞིག་དྲན་དཀའ་བར་འདུག སློབ་གསེང་གི་སྐབས་ཤིག་ལ། ང་རམ་ལོ་ཆེན་ཚང་ལ་ཕྱིན་པ་ཡིན། ང་ཚོའི་ཁ་བརྡའི་གླེང་བྱ་གཙོ་བོ་དེང་གི་རྒྱ་གར་གྱི་ཡིད་སྐྱོ་ཞིང་སེམས་སྡུག་པའི་གནས་བབས་ངོ་མ་དེ་ཡིན་པས། ངས་འདང་རྒྱག་མི་འདོད་པར་འདུག

སྤྱིར་ན། གནས་བབས་དེའི་ཐད་ལ་ཁོར་སེམས་ཁུར་དང་སྐྱོ་གདུང་དེ་ཙམ་མེད་ནའང་། སྐྱེ་བོ་སུ་ཞིག་ཡིན་རུང་། ཧོ་ཁ་ (hooka) (ཐ་མག་འཐེན་བྱེད་ཀྱི་ཡོ་ཆས་ ཤིག) རྔུབ་གཏོང་བྱེད་ཞོར། རང་སེམས་ཀྱི་སྨྲེང་སྐྱོ་དང་འབྲེལ་བའི་ལབ་རྡོལ་དེ་འདྲ་རང་ཤུགས་ཀྱིས་བྱེད་པ་དཔེ་ཡིན།

ང་ཚོས་ལབ་གླེང་བྱེད་བཞིན་པའི་སྐབས་ཤིག་ལ། འཁྲིས་ཀྱི་ཁང་མིག་ཅིག་གི་ནང་དུ། གདུབ་བུའི་སིལ་སྒྲའམ་གྱོན་གོས་ཀྱི་ཤོག་སྒྲ། ཡང་ན་རྐང་བའི་རྡོག་སྒྲ་ཅི་ཞིག་གྲགས་པ་ངས་ཐོས་འོང་ལ། ཡངས་པོར་བརྐྱངས་པའི་དྲང་ཐད་ཀྱི་སྒེའུ་ཁུང་ལས་རེ་ལྟོས་ཀྱིས་ཁེངས་པའི་མིག་ཟུང་གཉིས་ཐད་ཀར་ང་ལ་གཏད་ཅིང་འདུག་པ་ཞིག་ངས་ཚོར་བྱུང་།

སྐད་ཅིག་དེ་ཉིད་དུ། ངའི་དྲན་ཤེས་ཀྱི་མེ་ལོང་ངོས་སུ་ཕུར་ཚུགས་སུ་གཏད་པའི་མིག་ཟུང་ཆེན་པོ་ཆ་གཅིག་____དེ་ནི་བུ་མོ་ཞིག་གི་བརྩེ་དུངས་ཏེ། ཁོ་མོའི་གནག་ཅིང་སྟུག་པའི་སྨིན་མའི་འོག་གི་མངོན་ཆུང་དང་ཡིད་རྟོན་གྱི་མིག་མདངས་ལགས_____འོད་ཆེམ་ཆེམ་འཚེར་ཡོང་བའི་མོད་ལ། གློ་བུར་དུ་གཟུགས་མེད་ཀྱི་ནུས་སྟོབས་ཤིག་གིས་ངའི་སེམས་པ་ལྕགས་ཀྱི་སྤར་མཐིལ་དུ་ཤེད་ཀྱིས་བཙུར་བ་དང་བསྡེབས་ནས། ན་ཟུག་གི་སེམས་སྒྲ་དྲག་པོ་མཆེད་འོང་། ང་ཕྱིར་རང་ཁྱིམ་དུ་ལོག་ཡོང་རུང་། ང་ད་དུང་ན་ཟུག་གིས་གཟིར་ཞིང་འདུག ངས་དཔེ་ཀློག་བྱེད་པ་དང་ཟིན་བྲིས་འགོད་པ། ཡང་ན་ལས་དོན་གང་ལ་འཇུག་ཀྱང་། ལྗིད་ཏིག་ཏིག་གི་སེམས་པ་འདི་ངས་ལར་ནས་སྒུལ་ཐུབ་པ་མི་འདུག རྡོག་ཁྲེས་ལྕི་མོ་ཞིག་གིས་ནམ་རྒྱུན་ངའི་སེམས་པའི་རྒྱུད་སྐད་སྦྲེང་གིན་ཡོད་པ་འདྲ། ས་རུབ་ལ་ཁད་དུ་གཞི་ནས་སེམས་ཁམས་ཅུང་ལྷོད་ལ་བབས་རྗེས། ངས་དྲན་གསོ་འདི་ལྟར་བྱེད་འགོ་ཚུགས རྒྱུ་རྐྱེན་ཅི་ཞིག་གི་དབང་གིས། ང་ལ་ཟུག་རྔུ་བསྐྱེད་པ་ཡིན་ནམ” རང་སེམས་ནས་དོགས་དྲི་འདི་འདྲ་ཞིག་བཏོན་ཡོང ཁྱོད་རང་གི་སོ་ར་བྷ་ལཱ་ད་ལྟ་གང་དུ་ཡོད་དམ” ངས་རང་འགུལ་གྱིས་ཁོ་མོ་དོར་ཟིན། ནམ་ཡང་ཁོ་མོས་ང་ལ་རེ་སྒུག་བྱེད་པར་ངས་རེ་སྨོན་བཅངས་མ་མྱོངཞེས་ངས་རང་ཉིད་ལ་དེ་ལྟར་ལན་ལྡོན། ཡིན་རུང་། ངས་ད་དུང་མུ་མཐུད་དུ་ཅི་ཞིག་གླེང་འདོད་སྐྱེས“ དྲི་གཞི་དེ་ཁྱེད་ཀྱིས་སྔོན་ཆད་ཁོ་མོར་དྲིས་ན་འོས། དེང་འདིར་ཐ་ན་ཁྱེད་ཀྱིས་ཁོ་མོར་ཐེངས་གཅིག་ལ་ལྟ་དབང་ཡང་མེད་པས། ཁྱེད་ཀྱིས་ཅི་བྱ། ཆུང་ངུའི་དུས་སུ་རྩེད་རོགས་ཡིན་པའི་ཁོ་མོ་སྔར་བས་ཀྱང་ཁྱེད་དང་སེམས་ཐག་ཉེ་བོ་ཆགས་སྲིད་ལ། སླར་ཡང་ཁྱེད་ཀྱིས་ཁོ་མོའི་རྐང་གདུབ་ཀྱི་སིལ་སྒྲ་ཐོས་པ་དང་། སླར་ཡང་ཁྱེད་ཀྱིས་ཁོ་མོའི་གནག་སྣུམ་སྐྲ་ལོའི་བསུང་ངད་ལ་སྣོམ་སྣོམ་བྱ་ཡང་སྲིད། ཡིན་རུང་། ཁྱེད་གཉིས་ཀྱི་བར་དུ་ནམ་ཡིན་རུང་རྩིག་གྱང་ཞིག་བདོག་ངེསལན་དུ་ངསདེ་ལྟར་ཡང་། ཁོ་མོ་ང་ལ་མཚོན་ན་ཅི་ཞིག་ཡིན་ནམཞེས་དྲིས་དུས། རང་སེམས་ནས་སླར་ཡང་སྨྲ་བ དེང་འདིར་སོ་ར་བྷ་ལཱ་ཁྱེད་ལ་མཚོན་ན་སུ་ཡང་མིན་རུང་། སྔོན་ཆད་ཀྱི་ཁོ་མོ་ཁྱེད་ལ་མཚོན་ན་སུ་ཡང་མིན་སྲིད་དམ” ཅིའི་མ་བདེན་ཨང་། སྔོན་ཆད་ཁོ་མོ་ང་ལ་མཚོན་ན་ཅི་ཡང་མིན་ནམ། ང་རང་ཆེས་སྙིང་ཉེ་བའི་བྱ་དངོས་ཡོད་ཚད་དང་། ངའི་མིག་ལམ་གྱི་འཇིག་རྟེན་མི་ཡུལ་འདི་ལས་ཀྱང་ཆེས་བློ་བ་ཉེ་བ། ཐ་ན་ངའི་སྐྱིད་ལ་སྡུག་པའི་མི་ཚེར་འཁྱོམ་འགུལ་སློང་མཁན་ཡང་ཁོ་མོ་ཡིན་སྲིད།

དེང་འདིར་ང་ཁོ་མོ་དང་ཁད་ཐག་ཤིན་ཏུ་རིང་ཞིང་ཧ་ཅང་རྒྱུས་ལོན་དཀའ་བར་འདུག མ་ཟད་ང་ལ་ཁོ་མོར་ཐེངས་གཅིག་ལྟ་དབང་དང་བཤད་དབང་། སེམས་དབང་གང་ཡང་མེད་པར། གློ་བུར་གློ་བུར་དུ་གར་འོངས་མི་ཤེས་པའི་རམ་ལོ་ཆེན་གྱིས་ཁ་ནས་ཆོས་གཞུང་གི་གསུང་སྒྲོས་འགའ་ཞིག་ལྡབ་ལྡིབ་སྨྲ་བཞིན། འཇིག་རྟེན་མི་ཡུལ་ནས་སོ་ར་བྷ་ལཱ་བཙན་གྱིས་འཕྲོག་སོང་།

མི་ཡུལ་འདིར་ང་ཚུལ་ཁྲིམས་གསར་བ་ཞིག་འཆད་དུ་འོངས་པ་མིན་ལ། སྤྱི་ཚོགས་ཤིག་གསར་བརྗེ་ལེགས་ལམ་དུ་བཀྲི་ཡང་མི་འདོད། ཁྱིམ་ཚང་གང་ཞིག་ཕུ་དཀྲུག་མདའ་དཀྲུག་གཏོང་བའི་སྨོན་འདུན་དེ་བས་ཀྱང་བཅངས་མེད།

གཞན་གྱིས་བལྟས་ན་རྒྱུ་མཚན་ཅི་ཡང་མེད་ནའང་ཐང་མོད། འོན་ཀྱང་ངས་རང་གི་སེམས་དོན་ངོ་མ་གླེང་བར་འདོད། རང་སེམས་ཀྱི་སོ་ར་བྷ་ལཱ་ངས་འདི་ལྟར་བསམ་བཞིན་དུ་ཁྱི་ལུད་ལྟར་འདོར་ཕོད་པར་མི་འདུག རམ་ལོ་ཆེན་ཚང་གི་བྲན་ཁོལ་དུ་གྱུར་བའི་ཁོ་མོ་དོན་ངོ་མར་ང་ལ་དབང་བར་སྙམ། ངའི་བསམ་འདུན་འདི་ལ་རྒྱུ་མཚན་ཡང་དག་ཅིག་བདོག་མི་སྲིད་ནའང་། དེ་ཡང་འཇིག་རྟེན་འགྲོ་ལུགས་དང་གཏན་ནས་མི་མཐུན་པ་ཞིག་ག་ལ་ཡིན།

དེ་འདྲ་ཡིན་པས། རང་སེམས་རྣལ་ལ་ཕབ་ནས་ང་ལས་ཀར་གཞུག་ཐབས་བྲལ་ཞིང་འདུག ཉིན་གུང་དྲོས་ཇ་འཐུང་དུས་སུ། ངའི་འཛིན་གྲྭའི་སློབ་ཕྲུག་ཚོས་སྐད་ཅོར་རྒྱག་དུས་དང་། ཕྱི་རོལ་ཡུལ་གྱི་རང་བྱུང་ཁམས་ཁྲི་གདུགས་ཉི་མར་ལྡེ་དུས། ཡང་ན། དྲོད་འཇམ་གྱི་བསིལ་རླུང་དང་བསྡོངས་ནས་སོ་ཤིང་མེ་ཏོག་གི་དྲི་ཞིམ་གཞིས་ཁང་དུ་འཐུལ་འོང་དུས། ང་རང་ཉིད་ཀྱིས་ཀྱང་ངོས་ཟིན་དཀའ་བའི་ཕུགས་འདུན་ཞིག་ལ་ངས་རེ་སྨོན་ཚད་མེད་བཅང་ཡོང་། ཡིན་རུང་། མ་གསང་བར་བཤད་ན། ངས་རྒྱ་གར་གྱི་མ་འོངས་པའི་རེ་བར་གྱུར་བའི་སློབ་ཕྲུག་འདི་ཚོའི་བརྡ་དག་ལ་ནོར་བཅོས་གཏོང་གིན་རང་གི་མི་ཚེ་འཕྱིད་མི་འདོད་པར་འདུག སློབ་གསེང་སྐབས་སུ། ང་རང་ཆེས་ཁེར་རྐྱང་གི་ཁང་སྟོང་ཆེན་པོ་ཞིག་གི་ནང་དུ་འཚོ་ཞིང་སྡོད་རྒྱུ་དེའང་བཟོད་དཀའ་བར་འདུག དེར་མ་ཟད། ང་ལ་འཕྲད་པར་ཡོང་མཁན་སུ་ཞིག་ཡིན་རུང་། ང་ལ་སུན་པོ་བཟོ་ཡོང་། ས་སྲོད་རབ་རིབ་ཁྲོད་དུ། ང་རྫིང་བུའི་ཁར་ཙོག་ནས་གོ་ཡུ་དང་བེ་ཏའི་ལོ་འདབ་ལས་འཐུལ་འོང་བའི་དབུགས་དབྱུང་ལ་རྣ་བ་བླགས་ཏེ་ཉན། ངས་སྔོན་ཆད་མནོ་བསམ་གཏོང་ལོབས་སུ་གྱུར་བའི་མིའི་སྤྱི་ཚོགས་འདི་མ་གཞི་ནས་ནོར་འཕྱུག་གི་སྡོམ་རྒྱ་ཞིག་ལགས། ཉག་ཕྲའི་གོ་སྐབས་དམ་འཛིན་གྱིས་ལས་ལ་གཞོལ་བའི་འདུ་ཤེས་སུ་ལའང་བྲལ་ཞིང་། གོ་སྐབས་ཤོར་རྗེས། ང་ཚོས་གཞི་ནས་རེ་སྟོང་འབའ་ཞིག་བཅངས་ནས་རང་སེམས་སྡུག་ལ་སྦྱོར་ཡོང་།

ང་སོ་ར་བྷ་ལཱར་གཉེན་སྒྲིག་ནས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ནའང་ཆོག་མོད། འོན་ཀྱང་ང་མ་གཞི་ནས་རྒྱལ་གཅེས་དཔའ་བོ་གྷ་རེ་བྷལ་དྷེ་ཞིག་ཏུ་གྱུར་བྱུང་། ང་སློབ་གླིང་འདིའི་དགེ་རྒན་ཆེན་མོ་གཞོན་པ་བྱེད་འདོད་ཁྱོན་ནས་མི་འདུག གཟུ་དཔོན་རམ་ལོ་ཆེན་ཁོ་མོའི་བཟའ་ཟླ་བྱ་བའི་དམིགས་བསལ་གསལ་བརྡ་གང་ཡང་སྤེལ་མ་བྱུང་། གཉེན་མ་སྒྲིག་པའི་ཡར་སྔོན་དུ། རམ་ལོ་ཆེན་གྱི་ངོས་ཐད་ནས་བརྗོད་ན། སོ་ར་བྷ་ལཱ་ནི་སྨན་ཤར་གཞན་བརྒྱ་ཕྲག་མང་པོའི་ཁྲོད་ནས་མཛངས་ཡོན་གང་ཡང་མེད། ཁོ་རང་ཚོད་ཚོད་ལ་ཁོ་མོར་གཉེན་བསྒྲིགས་ནས།  སྲིད་གཞུང་གི་གཟུ་དཔོན་གྱི་གོ་དབང་སྤྱད་ནས་དངུལ་ལོར་འབོར་ཆེན་གཉེར་བཞིན་ཡོད།

སྐབས་རེར་ནུབ་ཟས་གཡོ་སྐོལ་མི་བཟང་ཚེ། ཁོ་སོ་ར་བྷ་ལཱར་འཚིག་པ་ཟ་ནས་སྡིགས་དམོད་བྱེད་ལ། ཡང་སེམས་ཁམས་ཅུང་སྐྱིད་དུས། ཁོ་མོར་ལག་གདུབ་ཅིག་རྔན་པར་སྟེར་བར་བྱེད།

ཁོ་རང་མི་རྒྱགས་པ་ཤ་རྩི་སྨུག་བག་ཅན། ལྭ་བ་གྲ་དག་པོར་བགོས་པ་དང་། ལས་འགན་གང་ལའང་དོ་ཁུར་མི་གནང་མཁན་ཞིག་སྟེ། ཁོ་རྫིང་བུའི་འཁྲིས་སུ་ཙོག་ནས་བར་སྣང་གི་སྐར་ཚོགས་ལ་ཅེར་ཏེ་དབུགས་རིང་འབྱིན་བཞིན་མཚན་མོ་སྐྱེལ་མི་སྲིད།

ལས་དོན་གལ་ཆེན་ཞིག་གི་དབང་གིས། ཉིན་འགའ་ཞིག་རིང་རམ་ལོ་ཆེན་གྲོང་རྡལ་འདི་ནས་ས་ཆ་ག་གེ་མོ་ཞིག་ལ་ངེས་པར་ཐོན་དགོས་པའི་བརྡ་སྦྱོར་འབྱོར་བྱུང་། ཁོ་སོང་རྗེས། སློབ་གླིང་འདིར་ཆེས་ཁེར་རྐྱང་གི་བདག་དང་འདྲ་བར། སོ་ར་བྷ་ལཱ་ཡང་རང་ཁྱིམ་དུ་ཁེར་སྡུག་གི་གདུང་བས་གཟིར་ཞིང་ཡོད། དེ་ཡང་གཟའ་ཟླ་བའི་ཉིན་ཞིག་ཡིན་པ་ད་ལྟ་ད་དུང་ཡང་ངས་ཡིད་ལ་གསལ་བོར་དྲན་གྱི་འདུག ནངས་སྔ་མོ་ནས་སྨུག་སྤྲིན་ཟ་ཟི་འཐིབས་ནས་གནམ་ངོ་ཡོངས་སུ་རུབ་ཅིང་། ཞོགས་པའི་ཆུ་ཚོད་བཅུ་བའི་སྟེང་སྦྲང་ཆར་ཟམ་ཟིམ་འབབ་འགོ་ཚུགས། གནམ་གཤིས་གནས་སྟངས་ལ་གཞིགས་ནས། ང་ཚོའི་སློབ་གཙོས་ཞོགས་པ་སྔ་མོ་ནས་སློབ་གསེང་བཏང་བྱུང་།

ཉིན་གང་བོར་བར་སྣང་གི་ཁོང་གསེང་དུ་སྤྲིན་ནག་གི་འདུ་འགོད་ལང་ལོང་རྩེན་པར་བལྟས་ན། ཕལ་ཆེར་ཅི་ཞིག་ངོམ་སོ་བྱ་བའི་སྟ་གོན་ཡིན་པ་འདྲ། ཕྱི་ཉིན་ཕྱི་དྲོར། རླུང་དམར་འུར་འུར་ལྡང་བའི་རམ་འདེགས་འོག ཆར་བའི་འབབ་རྒྱུན་ཇེ་ཆེར་གྱུར་ཞིང་། མཚན་དུས་སུ། ཆར་རླུང་ཞེ་སྡང་གིས་འཚུབ་སྟེ། ག་ས་ག་བར་ཆར་ཆུས་ལྟེམས་ཡོང་། ཐོག་མར་ཆུར་རླུང་ཤར་ཕྱོགས་ནས་འཚུབ་ཅིང་། རིམ་རིམ་གྱིས་ཁ་ཕྱོགས་འགྱུར་ཏེ་ལྷོ་ཕྱོགས་དང་ལྷོ་ནུབ་ཕྱོགས་ནས་ལྡང་འོང་གིན་ཡོད། དེ་ལྟ་བུའི་མཚན་མོར་གཉིད་ཉལ་བ་ནི་ལེ་ལོ་སྒྱིད་ལུག་ཏུ་གྱུར་བ་ལོས་ཡིན། མི་སེམས་ལ་འཇིགས་དངངས་སློང་འོང་བའི་གནམ་གཤིས་འདི་འདྲའི་སྐབས་སུ། སོ་ར་བྷ་ལཱ་རང་ཁྱིམ་དུ་ཁེར་སྡུག་གིས་གདུངས་ཤིང་ཡོད་པ་ངའི་ཡིད་ལ་དྲན་བྱུང་།

ང་ཚོའི་སློབ་གྲྭ་ཁོ་མོའི་ལྡིང་ཁང་དང་ཡེ་ནས་མི་འདྲ་བར་ཧ་ཅང་སྲ་ཞིང་བརྟན། ང་རྫིང་བུའི་འཁྲིས་སུ་ཙོག་ནས་མཚན་མོ་འཕྱིད་ཐེངས་རེ་ལ། ཡང་ནས་བསྐྱར་དུ་ངས་ཁོ་མོ་སློབ་གྲྭར་བསུ་བའི་འཆར་གཞི་འཐེན། ཡིན་རུང་། ངས་ཁོ་མོ་འབོད་འགུག་གི་གདེངས་སྤོབས་ཤིག་རྙེད་པར་མ་གྱུར། ཞོགས་པའི་ཆུ་ཚོད་དགུ་དང་སྐར་མ་སུམ་བཅུའི་སྟེང་། གློ་བུར་གློ་བུར་རྦ་རླབས་དྲག་ཏུ་འཕྱོ་བ་ཐོས་ཤིང་། རྒྱ་མཚོ་ང་ཚོའི་སྟེང་འཕྱུར་འོང་དུས། ང་རང་ཁྱིམ་དང་གྱེས་ནས། སོ་ར་བྷ་ལཱའི་ཁྱིམ་དུ་འབྱེར་འགྲོ་ཡི་ཡོད། ལམ་བར་དུ་ངས་རྫིང་བུའི་ཆུ་རགས་བརྒལ་དུས། ཆར་ཆུའི་ཤ་འོད་ངའི་པུས་མོའི་མཚམས་ལ་བསླེབས་ཤིང་། ངས་གཙང་འགྲམ་བརྒྱུད་དུས། གཙང་བོའི་རླབས་རྒྱུན་གཙང་འགྲམ་ནས་སྐམ་སའི་བར་བསྐུམ་ཁྲུ་བཅུ་བདུན་གྱི་རིང་ཚད་ལ་འཕྱོ་ཞིང་འཕྱུར་ཡོང་། ང་གཙང་འགྲམ་ནས་ཡར་ལ་ཡོང་དུས། མི་ཞིག་ངའི་ཁ་གཏད་དུ་ཚུར་འོང་གིན་འདུག ཁོ་མོ་སུ་ཞིག་ཡིན་ནམ། དར་ཅིག་ལ། ངའི་ལུས་སྟེང་གི་བ་སྤུ་རེ་རེས་ཁོ་མོ་ངོས་ཟིན་ཞིང་། ངའི་བླ་སྲོག་ལ་སླར་ཡང་གསོན་ཤུགས་རྒྱས་འོང་། ཁོ་མོས་ཀྱང་ང་ངོ་ཤེས་ཡོད་པ་གོར་མ་ཆག ངེད་གཉིས་གླིང་ཚོམ་ཞིག་གི་སྟེང་རྒྱ་ཁྱོན་འདོམ་ཕྱེད་གསུམ་ཙམ་ལས་མེད་པའི་ས་ཁོད་ཅིག་ཏུ་ཡོད་ལ། དེ་མིན་གྱི་ཁོར་མོ་ཡུག་ཀུན་ཆར་ཆུས་ལྟེམས་ཤིང་འདུག དེ་ཡང་རང་བྱུང་གི་དུས་ཟིང་སྐབས་ཤིག་སྟེ། སྟོང་བའི་ཁམས་ཆེན་མོ་རུ་སྐར་འོད་མི་སྣང་ལ། མི་ཡུལ་གྱི་འོད་སྣང་ཡོད་ཚད་མུན་པའི་ཁུད་དུ་གཅུད་ཅིང་འདུག བརྒྱ་ལ་ང་ཚོས་གནས་བབ་འདི་གླེང་སློང་ཙམ་ནུས་ཡོད་ཚེ། ང་ཚོ་སྲོག་ཉེན་དང་འཕྲད་མི་སྲིད། ཡིན་རུང་། ང་ཚོའི་ངག་ནས་སྐད་ཆ་ཚིག་འབྲུ་གཅིག་ཀྱང་མ་ཐོན། ཐ་ན་ང་ཚོ་སུས་ཀྱང་རང་གཞན་གཉིས་ཀའི་བདེ་ཐང་འགན་སྲུང་གི་སྙན་སེང་ཙམ་ཡང་ཞུ་མ་ནུས་པར། ང་ཚོ་སྨག་མུན་ཀློང་དུ་མིག་ཅེ་རེར་ཧད་དེ་བསྡད།

ང་ཚོའི་རྡོག་ལམ་དུ་གད་སྙིགས་དང་འདམ་མྱགས་ཀྱི་འཁྱིལ་ཆུས་ལྟེམས་ཤིང་། འཆི་འདས་ཀྱི་འོ་དོད་དྲག་ཏུ་མཆེད་འོང་།

དེ་རིང་། སོ་ར་བྷ་ལཱ་འཇིག་རྟེན་གཞན་ཞིག་ནས་ངའི་གུད་ལ་བཅར་བྱུང་། དེ་རིང་། ཁོ་མོའི་གན་ན་གཞན་སུ་ཡང་མེད། བྱིས་དུས་ཀྱི་སོ་ར་བྷ་ལཱ་འཇིགས་རུང་མུན་ནག་གི་ཁོར་ཡུག་ཅིག་ནས། ཡང་ན། འཚོ་བའི་གཡུལ་ས་གཞན་ཞིག་ནས་འོང་སྟེ། མིག་འོད་ཆེམ་ཆེམ་གྱི་འཇིག་རྟེན་མི་ཡུལ་འདིར་ངའི་རྩིབ་ཏུ་བསྡད་བྱུང་། ལོ་ཟླ་གང་མང་ཤོར་རྗེས་ཀྱི་དེ་རིང་། ཁོ་མོ་འོད་སྣང་དང་འགྲོ་བ་མིས་ཁེངས་པའི་འཇིག་རྟེན་དེ་དང་གྱེས་ནས། ཆེས་སྐྱི་གཡའ་ཞིང་ཆེས་ཉམ་ང་བའི་རང་བྱུང་གོད་ཆག་གི་ཀློང་ནས་ངའི་གམ་དུ་ཙོག་བུར་བསྡད།

ཆར་ཆུའི་ཆུ་ཀླུང་རྒྱས་ཏེ། ངའི་མིག་མདུན་གྱི་གསར་སྐྱེས་གང་བུ་ཞིག་ས་ལ་བརྡབས་ཤིང་། འཆི་བདག་གི་ཤ་འོད་འཕྱུར་ཏེ། དེ་མཚུངས་ཀྱི་མེ་ཏོག་ཅིག་གཙང་ཕྱག་བྱས་སོང་། (མ་མཐར་ཡང་ང་རང་ཉིད་ལ་མཚོན་ན་མེ་ཏོག་དེའི་འདབ་རྒྱ་ལྷུག་པོར་གྲོལ་ཞིང་ཡོད)

རླབས་རྒྱུན་ཞིག་སླར་ཡང་འཕྱུར་འོང་སྟེ། ཕལ་ཆེར་ང་ཚོ་ཁ་ཁ་སོ་སོར་འཚོ་སའི་མེ་ཏོག་གི་གཞུང་རྟ་འདི་དག་ཚལ་བ་ཚལ་བུར་གཤགས་ཤིང་། སའི་གོ་ལའི་གྲུ་ཁ་གང་ཞིག་ལ་ཁུར་སོང་ནས། ཡོད་ཚད་འཆི་འདས་ཀྱི་རོ་གཅིག་ཏུ་བཟོ་ཉེན་འདུག

གཅིག་བྱས་ན། མཇུག་མཐའི་རླབས་རྒྱུན་དེ་གཞར་ཡང་འཕྱུར་མི་སྲིད་ལ། གཅིག་བྱས་ན། ཁོ་མོ་རང་གི་བཟའ་ཟླ་དང་བུ་ཕྲུག རང་གི་མནའ་མ་དང་ཚ་བོ་ཚ་མོ་སོགས་ཀྱིས་མཐའ་བསྐོར་ནས། ཁོ་ཚོའི་བདག་གཅེས་འོག ཚེ་གང་བོར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཡང་སྲིད་པ་རེད།

དོ་ནུབ་གཅིག་པུར། ང་རང་བྱུང་གནོད་འཚེ་ཡི་ཟུར་ཞིག་ཏུ་ཙོག་སྟེ། གཞར་ཡང་འཛད་མཐའ་མེད་པའི་མི་ཚེའི་བདེ་སྐྱིད་ལ་མྱོང་རོལ་བྱེད་བཞིན་ཡོད། མུན་རུབ་བྱུང་། རླུང་འཇགས་སོང་། ཤ་འོད་ཀྱང་བཤངས། སྐད་ཆ་ཚིག་འབྲུ་ཙམ་ཡང་མི་སྨྲ་བར། སོ་ར་བྷ་ལཱ་ཕྱིར་རང་ཁྱིམ་དུ་བུད་སོང་། ངས་ཀྱང་སྐད་ཆ་ཚིག་གཅིག་ཀྱང་མ་ཤོད་པར་ཕྱིར་སློབ་གྲྭར་ལོག་ཡོང་།

ཕྱིར་འོང་ནས་ཀྱང་ངས་འདི་སྙམ་དུ་བསམས། དོན་ངོ་མར་ང་ལ་དབུལ་ཕོངས་ཉམ་ཐག་གི་སློབ་གྲྭ་ཞིག་གི་དགེ་མིང་ཙམ་ཐོབ་པ་ལས། རྫོང་ལྟ་ཞིབ་དཔོན་ཆུང་ངམ།

དབུས་ཁྲིམས་ཞིབ་ལྷན་ཁང་གི་ལས་དྲུང་། ཡང་ན། རྒྱལ་གཅེས་དཔའ་བོ་གྷ་རེ་བྷལ་དྷེ་གང་ལའང་མ་གྱུར།

ཡིན་རུང་། ངའི་མི་ཚེ་ནང་ཞག་མ་གཅིག་གི་དུས་ཡུད་ཙམ་མའི་གཟི་འོད་འཕྲོས་ཤིང་། ཉིན་མཚན་ལོ་ཟླ་དར་ཅིག་ལ་བཞུར་ཤུལ། ཚེ་ཐོག་འདིར། ཞག་མ་དེ་གཅིག་པུ་ད་གཟོད་ངའི་མི་ཚེ་འདིའི་གཟི་བརྗིད་དུ་གྱུར་བྱུང་།

ངེད་དྲ་ཚིགས།

One thought on “བདག་ཉིད་ཆེན་མོ་ཐེ་ཀོར་གྱི་སྒྲུང་ཐུང་གཅིག

  1. བཙན་པོ། ཕྱི་ལོ། ༢༠༡༤ ཟླ། ༡༡ ཚེས། ༡༧ at ༡༢:༡༨ pm

    བསྒྱུར་རྩོམ་ཡག་གི

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading