མདོ་སྨད་ཀྱི་ལོ་རྒྱུས་ལས་ཙོང་ཁའི་རྒྱལ་པོའི་སྐོར།

    མདོ་སྨད་ཙོང་ཁའི་ཡུལ་དུ། བོད་ཀྱི་རྒྱལ་རྒྱུད་ཙོང་ཁའི་རྒྱལ་བོ་ཟེར་བའི་རྒྱལ་པོ་སྟོབས་ལྡན་ཞིག་བྱུང་ནས། ད་ལྟའི་ཟི་ལིང་མཁར་དུ་རྒྱལ་ས་བཟུང་སྟེ་མཐའ་མཚམས་བརྟན་པོར་སྲུང་། འདི་པ་བོད་ཀྱི་རྒྱལ་རྒྱུད་ཡིན་པ། སུང་གི་ལོ་རྒྱུས་སོགས་རྒྱའི་ཡིག་དེབ་རྣམས་གཅིག་མཐུན་ཡིན་ཞིང་། མཚན་ལའང་ཇོ་སྲས་སམ་རྒྱལ་སྲས་ཞེས་ཟེར། འདིའི་རྒྱུད་པ་ནི་བོད་ཀྱི་རྒྱལ་རྒྱུད་ཅིག་ཡིན་ཟེར་བ་ལས། བྱུང་ཚུལ་ལ་རྒྱའི་དེབ་ཐེར་ལ་ལར་ཤིན་ཅང་ནས་བོད་ཀྱི་རྒྱལ་པོའི་རྒྱུད་པའི་སྲས་ཤིག་སྤྱན་དྲངས་པ་ཡིན་ཟེར་བ་དང་། ཡང་འགའ་ཞིག་གིས་ཡར་ལུང་ཇོ་བོའི་རྒྱུད་པ་ཞིག་ཡིན་ཟེར་བའང་སྣང་མོད། ཕྱི་མ་འདི་ནི་རྒྱལ་རབས་གསལ་བའི་མེ་ལོང་ལས། ཡུམ་བརྟན་གྱི་རྒྱུད་པ་ཡར་ལུང་དུ་ཆགས་པ་ཡར་ལུང་ཇོ་བོར་གྲགས་པ་རྣམས་ཀྱི་རྒྱུད་རབས་བཤད་པའི་སྐབས་སུ།ཉི་མ་མགོན་གྱི་སྲས་ཉི་འོད་དཔལ་མགོན། འདིའི་བརྒྱུད་རླུང་ཤོད། འཕན་ཡུལ། མདོ་ཁམས་ན་མང་ངོཞེས་གསུངས་པ་ཙམ་ལ་བརྟེན་པར་སྣང་། སྔ་མ་ནི་ཤིན་ཅང་ཟེར་མོད། སྟོད་མངའ་རིས་དང་ཤིན་ཅང་ཁད་ཉེ་ཞིང་། ཤིན་ཅང་ཡང་བར་སྐབས་ཤིག་ཏུ་བོད་ཀྱི་ཆབ་འོག་ཏུ་གཏོགས་པས། མངའ་རིས་དང་ཤིན་ཅང་ཁྱད་མ་ཕྱེ་བར་འདྲ་སྟེ། རྒྱལ་སྲས་འདི་ནི་སྟོད་མངའ་རིས་ཕྱོགས་ནས་འོངས་པ་ཡིན་ཏེ། གླང་དར་གྱི་སྲས་རྩོད་མེད་གནམ་ལྡེ་འོད་སྲུང་གི་སྲས་མངའ་མདག་དཔལ་འཁོར་བཙན། དེ་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དང་། སྐྱིད་ལྡེ་ཉི་མ་མགོན་གཉིས། ཁྲི་བཀྲ་ཤིས་བརྩེགས་པ་ལ་སྲས་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་གསུམ། འབྲིང་པོ་འོད་ལྡེ་ལ་སྲས་ཕ་བ་ལྡེ། ཁྲི་ལྡེ། ཁྲི་ཆུང་། ཉག་པ་བཞི་ཡོད་པའི་གཉིས་པ་ཁྲི་ལྡེ་ནི་མདོ་ཁམས་སུ་བྱོན་པ་དེ་ཡིན་པར་གསལ། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལསགཉིས་པ་མདོ་སྨད་ཙོང་ཁར་ཡོད་ཅིངཞེས་དང་། དེབ་ཐེར་དམར་པོ་གསར་མ་ལསསྲས་གཉིས་པ་ཁྲི་ལྡེའི་རྒྱུད་ནི། ཤར་ཙོང་ཁ་སོགས་མདོ་སྨད་དུ་ཆད་དེ། ད་ལྟའི་ལྷ་དོན་པོ་ཆེ་ས་ཡང་ཁྲི་ལྡེའི་རྒྱུད་དུ་མེ་ལོང་མར་བཤདཅེས་དང་། དེབ་ཐེར་དམར་པོ་ལསཁྲི་ལྡེའི་བརྒྱུད་ཤར་ཙོང་ཁའི་རྒྱལ་པོ་སྤྱན་སྔ་དོན་ཆེན་ལ་སོགས་པ་མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་ཡིན་ནོཞེས་དང་། རྒྱ་བོད་ཡིག་ཚང་ལསཤར་ཙོང་ཁའི་རྒྱལ་པོ། སྤྱན་སྔ་དོན་ཆེན་པ་ལ་སོགས་པ་མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་ཡིན་ནོཞེས་དང་། ཐུའུ་བཀྭན་རྣམ་ཐར་ལསབྲའི་སྡེ་ཆེ་བ་ཞིག་དབུས་ན་མདོ་སྨད་དུ་ཆད་པ་ལ་བྲ་སྡེ་ཞེས་འབོད་པ་ཕྱིས་སུ་ཟུར་ཉམས་ནས་བྲ་སྟི་ཞེས་གྲགས་པ་ཡིན་ནོ། །དབུས་ནས་ཆད་ཚུལ་ནི་ཁྲི་སྲོང་གི་སྲས་ཆུང་བ་སད་ན་ལེགས་མཇིང་ཡོན། དེའི་སྲས་དར་མ། དེའི་སྲས་གནམ་ལྡེ་འོད་སྲུང་། དེའི་སྲས་མངའ་བདག་དཔལ་འཁོར་བཙན། དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ། དེའི་སྲས་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་འབངས་ཧ་ཅང་མི་མང་ཙམ་དང་བཅས་མདོ་སྨད་དུ་བྱོན། དེ་དུས་བྲ་སྡེའང་རྒྱལ་པོ་དང་ལྷན་དུ་མདོ་སྨད་དུ་ཐོན་ཅིང་། མཚོ་ཁྲི་ཤོག་རྒྱལ་མོའི་འགྲམ་བོད་ཀྱིས་བཟུང་སྟེ། ཆོས་རྒྱལ་གདུང་རྒྱུད་དེས་ཁྲི་དཔོན་མཛད་ཅིང་། བྲ་ཉང་བཙན་བྱ་བས་རྒྱལ་པོའི་བློན་གྱི་གཙོ་བོ་བྱས་ཚུལ། རུས་མཛོད་ཟ་འོག་མ་ལས་བྱུང་། རུས་མཛོད་དེར་ཆོས་རྒྱལ་གྱི་གདུང་རྒྱུད་ཕྱི་མ་ཇི་ལྟར་བྱུང་ཚུལ་མི་གསལ་ཞིང་། བྲ་སྡེའི་རྒྱུད་པ་བྱུང་ཚུལ་ནི་ཇོ་བོ་རྗེ་བོད་དུ་མ་བྱོན་པའི་གོང་ཙམ་དུ་བྲ་སྒོམ་ཆོས་ཀྱི་རྡོ་རྗེ་སྐུ་འཁྲུངས། འདི་མཚོ་སྙིང་མ་ཧཱ་དེ་ཝར་བྱོན་ནས་སྒྲུབ་པ་མཛད་པས་མངོན་ཤེས་དང་རྫུ་འཕྲུལ་ཐོབཅེས་དང་།དེ་དུས་མཚོ་འགྲམ་གྱི་བོད་སྡེའི་དཔོན་ཀེ་ཁོད་རྒྱ་བྱ་བ་ཡིན་ལ། འདི་ཆོས་རྒྱལ་གྱི་རྒྱུད་པ་ཡིན་མིན་གསལ་ཁ་མི་འདུགཅེས་དང་།དེས་ཁྲི་དཔོན་ཀེ་ཁོད་རྒྱ་དགའ་ནས། བྲ་སྒོམ་ལ་རྟ་སྟོང་། རི་ཚིལ་དཀར་གྱིས་གཙོས་པའི་འབུལ་ཆེན་ཕུལ་ཏེ་བླ་མར་བཀུར། བོད་འབངས་ཐམས་ཅད་ཀྱིས་བྲ་སྒོམ་ཁོ་ན་བླ་མར་བཀུར་དགོས་པའི་དྲིལ་བསྒྲགསཞེས་དང་།སྐབས་ཤིག་བྲ་སྡེའི་ཚེ་ཕྱུག་འཕན་བྱ་བ་ཞིག་བོད་ཀྱི་ཁྲི་དཔོན་ལ་དབང་བསྒྱུར། མི་རབས་ཁ་ཤས་ཀྱི་མཚམས་ནས་ཁྲི་དཔོན་གྱི་མངའ་ཐང་ཉམས་པས། ཆེ་ཕྱུག་འཕན་གྱི་རྒྱུད་པ་གླེ་གཤིན་བོན་དམར་བྱ་བ་བོན་ལུགས་ཀྱི་གྲུབ་ཐོབ་ཅིག་བྱུང་བ་དེས་བྲ་སྡེས་གཙོས་བའི་བོད་འབངས་མི་ཉུང་ཙམ་ཁྲིད་ནས་མདོ་སྨད་ཀྱི་མཐའ་རི་བྲག་ནགས་ཚལ་ཡོད་པའི་གནས་བཟུངཞེས་གསུངས།

  མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ལས།ཁྲི་བཀྲ་ཤིས་བརྩེགས་པའི་སྲས་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་ཕེབས་ནས། མཚོ་སྔོན་འདིར་གཞི་བཟུང་སྟེ་ཁྲི་དཔོན་མཛད། ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པའི་རྒྱུད་དུ་སྤྱན་སྔ་དོན་ཆེན་པ་སོགས་བྱུང་བར་བཤད་ལ། ད་དུང་ཡང་ཁྲི་དཔོན་དེའི་རྒྱུད་པ་དཔའ་རིས་ཕྱོགས་སུ་ཡོད་པ་ལ། འཕན་ཡུལ་རང་སྐད་མ་ཉམས་པས་ཁྲི་དཔོན་དུ་འབོད་པ་ཡོད་སྣང་།ཞེས་གསུངས་སོ།

  དེས་ན་ཁྲི་ལྡེ་ཙོང་ཁའི་རྒྱལ་པོར་གྱུར་ནས་སོ་མཚམས་བརྟན་སྲུང་བྱས་པའི་ལག་རྗེས་ཆེ། ཝིན་ཐེན་ཀྲིན་ཟེར་བས་བྲིས་པའི་རྒྱ་ཡིག་གི་ལོ་རྒྱུས་ནང་དུསྤྱི་ལོ1048ནས1089ལོའི་བར་རྒྱ་བོད་གཉིས་ལན་གྲུ་ཕྱོགས་སུ་འཁྲུགས་ནས་བོད་མི་ཁྲི་དྲུག་ཙམ་བསད། རྒྱའི་དམག་དཔོན་རང་ཉིད་ཀྱང་དམག་ཐོག་ཏུ་བཀྲོངསཞེས་པའང་ཙོང་ཁའི་རྒྱལ་པོ་དང་འཐབ་པ་ཡིན་ངེས་ཏེ། སྤྱི་ལོ་དང་སྦྲགས་པ་དེ་ཡང་དག་པ་ཡིན་ན་རབ་བྱུང་དང་པོའི་ས་ཕོ་བྱི་བའི་ལོ་ནས། རབ་བྱུང་གཉིས་པའི་ས་མོ་སྦྲུལ་གྱི་བར་ཁེལ་ཡོད། དེ་དུས་དབུས་གཙང་སིལ་བུར་ཐོར་ཏེ། ལུང་བ་རེ་ལ་སྡེ་དཔོན་རེ། སྡེ་དཔོན་རེ་ལ་བཙན་རྫོང་རེ། རང་སྡེ་སྲུང་བའི་དམག་ཉུང་ཤས་རེ་བསྒྲིགས་ནས་ཡོད་པའི་སྐབས་རེད། ཙོང་ཁའི་རྒྱལ་པོ་འདིས་ཀན་སུའུ་དང་ཧྲའན་ཞིའི་ས་ཆ་འགའ་ཞིག་བཅས་ལ་དབང་བསྒྱུར། ཤར་ཕྱོགས་ཀྱི་རྒྱ་དང་བྱང་ཕྱོགས་ཀྱི་མི་ཉག་ལའང་གཡུལ་འགྱེད་དུ་མ་བྱས།

  མི་ཉག་ནི་སྤྱིར་བོད་ཡིན་ཏེ། མི་ཉག་དང་། འབྲུག་པ་རྒྱལ་པོ་གཉིས། བོད་རྒྱལ་གྱི་སྤུན་གཉིས་སོ་སོར་ཁམས་ཀྱི་རྒྱལ་པོ་བྱས་པ་ཡིན་པར། འབྲུག་པའི་ལོ་རྒྱུས་འགའ་དང་། རྒྱ་བོད་ཡིག་ཚང་ནང་དུའང་བཤད་ཡོད། མི་ཉག་ཅེས་པ་མི་ནག་ཅེས་སྒྲ་འགྱུར་བ་ཡིན་པར་བཤད། ཙོང་ཁའི་རྒྱལ་པོ་དང་མི་ཉག་རྒྱལ་པོས་ས་ཁོངས་འཕྲོག་རེས་དང་། སོ་སོའི་དར་རྒུད་ཀྱི་དབང་གིས་ས་མཚམས་མཐའ་གཅིག་ཏུ་ངོས་ཟིན་དཀའ་ཡང་མདོ་སྨད་ཆོས་འབྱུང་ལས།ཕྱི་མ་འདིས(བལ་པོའི་བླ་མ་ཕམ་མཐིང་བ)མི་ཉག་རྒྱལ་པོ་ལ་དབང་བསྐུར་བའི་བླ་མ་གནང་། དེའི་དུས་མི་ཉག་གི་ཡུལ་ནི། བྱང་གི་བོད་སོག་གི་མཚམས་ཆུ་ནག་དང་ཉེ་བའི་སར་མི་ཉག་རྒྱལ་པོའི་ཐོག་མ་སི་ཧུའེ་གའི་ཇུ་ཞེས་པ་བྱུང་སྟེ་རྒྱ་ཧོར་ཕལ་ཆེར་གྱི་བདག་པོ་བྱས། ཤར་ན་རྒྱ་ནག ལྷོ་ན་འཇང(南诏) ནུབ་ན་བོད། བྱང་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཏེཞེས་དང་། ཡང་དེ་ལསགྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ། རབ་སྟོད་ཚར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས་ཞེས་བཤད། མི་ཉག་རྒྱལ་རབས་ལྔ་པ་ཐེ་ཧུས་ཀརྨ་དུས་གསུམ་མཁྱེན་པ་གདན་འདྲེན་ཞུས་པ་མ་ཕེབས་པར་དགེ་བཤེས་གཙང་པོ་སྐུ་ཚབ་ཏུ་བཏང་། དེའི་སྲས་མི་ཉག་རྒྱལ་རྒོད་ཡིན་པར་གྲགསཞེས་གསུངས། མི་ཉག་གྷ་ཞེས་འབོད་པའི་གྷ་ནི་ཡུལ་གྱི་མིང་ཡིན་པར་བཤད། མི་ཉག་འདི་རྒྱས་ཏུང་ཁུད་དང་། ཏུང་ཤང་ཟེར་ལ་ཕྱིས་སུ་ཤས་ཞ་ཟེར། བོད་ཀྱི་མི་ཉག་ཟེར་བའི་བརྡ་ལ་བརྟེན་ནས། དེང་སང་གི་རྒྱའི་ལོ་རྒྱུས་འགའ་ཞིག་ཏུ། ཏུང་ཤང་གི་སྤྱང()ལ་བོད་ཀྱིས་མི་འོག་ཟེར(མི་ཉག་ཟེར་བ་མ་གོ་བ་རེད) མིའི་འོག་མ་ཐ་ཆད་དུ་བརྩི་ཞེས་བྲིས་པ་ཁུངས་མེད་ཀྱི་འཆལ་གཏམ་མོ།

  སུང་རྒྱལ་རབས་བྱང་མས(北宋)མི་ཉག་འགོག་ཆེད། ཙོང་ཁའི་རྒྱལ་པོ་ལ་རྒྱུ་ནོར་འབོར་ཆེན་དང་། བྱ་དགའ་མིང་བཏགས་སོགས་ཐེངས་དུ་མར་བྱིན་ཏེ་འབྲེལ་བ་བཟང་པོ་བཙུགས་པར། སུང་གི་ལོ་རྒྱུས་ལས་བཤད། སུང་གི་ལོ་རྒྱུས་ནང་ཙོང་ཁའི་རྒྱལ་པོའི་ལོ་རྒྱུས་བཤད་པའི་ལེའུ་ཞིག་ཡོད་པ་ལ། ཁོམ་ལོང་བྱུང་ཚེ་ཞིབ་འཇུག་བྱ་རྩིས་ཡིན། སུང་གིས་ཙོང་ཁའི་རྒྱལ་པོ་ལ་རྒྱལ་སྲས་ཟེར་ཞིང་། འབངས་མི་རྣམས་ལ་བོད(吐蕃)ཟེར་ལ། སུང་གི་འབངས་མི་རྒྱ་རིགས་ཡོངས་ཀྱིས་སྤྱང()ཟེར། ཙོང་ཁའི་རྒྱལ་པོས་ལོ་བརྒྱ་ཡར་མར་ལ་དབང་བསྒྱུར་བར་བཤད། སྐབས་འགར་མི་ཉག་མ་གཏོགས་པའི་མདོ་ཁམས་ཡོངས་ལ་དབང་བསྒྱུར་བ་དང་། སྐབས་འགར་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ཙམ་ལ་དབང་བསྒྱུར། ཁོའི་མངའ་འབངས་ཀྱི་མི་ནི་གཙོ་བོ་བོད་མི་ཡིན་ལ། རྒྱ་དང་སོག་པོའང་མི་ཉུང་བར་བཤད། ཁོ་དར་བའི་སྐབས་སུ་འབངས་མི་ཁྱིམ་ཁྲི་བརྒྱ་སྟེ་འབུམ་བཅུ་ལྷག་ཡོད་པར་བཤད། གང་ལྟར་རྒྱ་བོད་སོ་མཚམས་སྲུང་བའི་ཁམས་རྒྱལ་སྟོངས་ལྡན་ཞིག་ཡིན་པར་མངོན་ནོ།། ཙོང་ཁའི་རྒྱལ་པོའི་སྐབས་སོ།

ཡོང་ཁུངས་མཚོ་སྔོན་པོ་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s