ཞོགས་དུང་།

སློབ་ཆེན་སློབ་མ་རྣམས་མཐར་ཕྱིན་ལ་ཉེ་བ་ན།  ཁོ་ཚོས་འབྲེལ་ཡོད་ཀྱི་འགྲོ་ལུགས་མཐའ་དག་བསྒྲུབས་ཚར།  ཁོ་ཚོར་མཚོན་ན་བྱ་བ་ཞིག་ཅི་ལྟར་རེག་གམ་སྙམ་པའི་སེམས་ཁར་ལས་གཞན།  མཇུག་མཐའི་དོན་བྱ་ཉག་གཅིག་ནི་མལ་ཐུལ་དང་མལ་སྟན་བསྒྲིལ་ཏེ་རང་རང་སོ་སོའི་གནས་སུ་བགྲོད་འགྲོ་བ་དེ་རེད།

གོ་ཐོས་ལྟར་ན།  དུས་དེར་སློབ་མ་ལས་ལས་མི་ལོ་བཞི་ནས་ལྔའི་བར་སྦྱངས་ཤིང་བལྟས་པའི་སློབ་གཞི་དང་ཟུར་ལྟའི་དཔེ་ཆ་རྣམས་གཅིག་ཀྱང་མ་ལུས་པར་ཤོག་ཧྲུལ་ཉོ་མཁན་ལ་བཙོངས་སྐད།  དཔེ་ཆ་ཤོག་ཧྲུལ་དུ་བཙོངས་པའི་དོན་ཕྲན་ཚེགས་དེས་ཡང་སྙིང་ཅི་ཞིག་མཚོན་ནམ།  དཔེ་ཆ་བོངས་ཆུང་ཡང་ཁུར་ལྕི་བས་ལ་ལས་འདེགས་དཀའ་བར་ཁག་གམ།  སློབ་ཆེན་ནས་མཐར་ཕྱིན་པས་ལ་ལས་ཤེས་བྱ་ཐམས་ཅད་རྫོགས་པར་བསླབས་ཚར་སྙམ་མམ།  ཡང་།  བྱ་བའི་སྟེང་ཞུགས་ཚེ་ལ་ལས་ཤེས་བྱ་སྤྱོད་སྒོ་མེད་ཅེས་སེམས་སམ།  ཁོ་ཚོར་དྲན་འཆར་མི་འདྲ་བ་རེ་ཡོད་སྲིད་ཀྱང་དྲན་ཚད་འདི་རེད་ཅེས་ཚིག་ཐག་བཅད་དེ་བཤད་རྒྱུ་ཤིན་ཏུ་དཀའ་མོ་རེད།  གང་ལྟར།  ཡོན་ཏན་པས་དཔེ་ཆ་འདོར་བ་ནི་ཁོ་ཚོར་དགོས་པའི་ཤེས་ཡོན་འདོར་བ་ཁོ་ན་རེད་ལ།  དེ་ནི་བཟོད་པར་དཀའ་བའི་ཉེས་དམིགས་རིགས་ཤིག་ཀྱང་རེད།  གཅིག་བྱས་ན་ཁོ་ཚོས་སྣང་ཚུལ་གྱི་གནས་ལུགས་རེ་ཤེས་ཡོད་ཀྱང་སྲིད།  དེ་ནི་ཕལ་ཆེར་མི་རྣམས་ཀྱིས་ལས་བྱེད་པ་རུ་འབོད་པ་སྟེ____བྱ་བ་རེག་པའི་མི་ཚོས་དཔེ་ཆར་མི་ལྟ་བ་དང་ཤེས་ཡོན་མི་སྦྱོང་བའི་སྣང་ཚུལ་གྱི་གནས་ལུགས་ཤེས་ནི་ཡིན་གྱི་རེད།

སློབ་ཆེན་མཐར་ཕྱིན་གྱི་བྱ་བ་རེག་པའི་མི་ཞིག་གམ་ཟླ་ཕོགས་ཟ་མཁན་ཞིག་ཆ་བཞག་སྟེ་བཤད་ན།  ཁོ་ཚོས་ཟླ་ཕོགས་ལོན་པའི་ཚུན་ལ།  སློབ་ཆེན་ནས་མི་ལོ་བཞི་ནས་ལྔར་སྦྱངས་པའི་ཡོན་ཏན་གྱིས་ཕྱིས་ཀྱི་ལས་འཁྱུར་ངལ་གསོའི་བར་གྱི་མི་ལོ་བཞི་བཅུའི་ཡས་མས་ལ་འདང་ངེས་སྙམ་གི་ཡོད་པ་འདྲ།  དེ་ཡང་ས་ལེ་དབར་ཁྲི་ལ་བགྲོད་པའི་རླངས་འཁོར་ལ་སྣུམ་སྤྱི་བྲེ་བརྒྱ་ཡིས་འདང་ངེས་སྙམ་པ་དང་འདྲ་བ་རེད།  དུས་དེ་ནས་བཟུང་།ཤེས་བྱ་ཡོན་ཏན་ནི་ཁོ་ཚོ་དང་འབྲེལ་བ་གཏན་ནས་མེད་པའི་རྣམ་གྲངས་ལྷག་མ་ཞིག་ཏུ་ལྟ་གི་ཡོད་པ་འདྲ།  རྒྱུ་མཚན་ནི།  ཁོ་ཚོས་ཟླ་ཕོགས་ལོན་པ་ན་ཟླ་ཕོགས་ལེན་སྤྱད་ཀྱི་ཤེས་བྱ་རྣམས་རིམ་གྱིས་བརྗེད་དེ་དཔེ་ཆ་མི་ཉོ་ལ་དཔེ་ཆར་ལྟ་བ་ཙམ་ཡང་མི་བྱེད། (བྱ་བ་རེག་རྗེས་དཔེ་ཆ་དུམ་པ་གཅིག་ཀྱང་ཉོས་མ་མྱོང་བའི་ལས་བྱེད་པ་གང་མང་མང་འདུག)  ཁེ་ལས་ལས་ཁུངས་ན་ཡོད་པའི་མི་རྣམས་ལྟ་ཞོག  རིག་གནས་ལས་ཁུངས་དང་།  དགེ་རྒན་རུ་ཁག་ཏུ་ཡོད་པའི་ལས་བྱེད་པ་ཕལ་ཆེ་བས་ཀྱང་དེང་དུས་ཀྱི་དཔོན་ས་སྙེག་པའི་མི་རྣམས་ལྟར་དཔེ་ཆར་ལྟ་བ་དང་ཤེས་ཡོན་མུ་མཐུད་དེ་སྦྱོང་བ་ནི་བླུན་རྟགས་ཤིག་ཏུ་སེམས་གི་ཡོད་པ་ལྟར་སྣང་། (དོན་དམ་དུ།  དཔོན་ས་སྙེག་པའི་མི་རྣམས་ཀྱིས་ལྷག་པར་དུ་དཔེ་ཆར་ལྟ་དགོས་ཏེ།  ཁོ་ཚོ་མི་ཕལ་པ་དག་གི་སྣ་འདྲེན་དང་འགོ་ཁྲིད་བཅའ་རྒྱུ་ཡིན་ཞེས་འདོད་གི་ཡོད་པ་དང་།  མི་ཡི་སྣ་འདྲེན་པ་དང་འགོ་ཁྲིད་པའི་ལས་བྱེད་པ་ཡིན་ན།  ལྟོས་ས་ལྟོས་འཇོག་གིས་རང་ཉིད་གཞན་དག་དང་བསྡུར་བས་བློ་གྲོས་བཟང་བ་དང་།ཤེས་རབ་ཆེ་བ།  ནུས་རྩལ་ལྡན་པ།  ཀླད་པ་མྱུར་བ་སོགས་ཆ་ཡོངས་ནས་ཀུན་གྱི་མིག་དཔེ་ལྟ་བུར་འགྱུར་དགོས་རབས་འདུག  དེ་ཡང་དཔེ་ཆ་འདྲ་མིན་སྣ་ཚོགས་ལ་བལྟས་ཏེ་ཤེས་ཡོན་དང་།  བློ་སྦྱོང་།  ཀུན་སྤྱོད་སོགས་ཇེ་ལེགས་དང་ཇེ་མཐོར་མ་བཏང་ན།  ཀུན་གྱི་འགོ་འདྲེན་བཅའ་རྒྱུ་ཟེར་བ་ཤིན་ཏུ་དཀའ་ཞིང་།  དཔོན་གྱི་ཁྲི་འཕང་ཇི་ལྟར་མཐོ་ཡང་མིིང་ཐོབ་ཙམ་ལས་ལྷག་གི་མ་རེད།  འུ་ཚོའི་དཔོན་པོ་ཆེ་ཆུང་ཡོད་རྒུས་ལས་ཆུང་དོན་ཆུང་ཙམ་ལས་ནུས་གི་མེད་པའང་རྒྱུ་རྐྱེན་གཙོ་བོ་དེ་ལ་ཐུག་འདུག་སྙམ)  དཔེ་ཆ་ཤོག་ཧྲུལ་དུ་འཚོང་མཁན་གྱི་སློབ་མ་དེ་དག་གིས་ཀྱང་སྣང་ཚུལ་དེ་རིགས་མཐོང་བས་དཔེ་ཆ་ཤོག་ཧྲུལ་དུ་བཙོངས་ནི་ཡིན་གྱི་རེད།

དེང་དུས།  བརྙན་འཕྲིན།  རླུང་འཕྲིན།  རྩིས་འཁོར་དྲ་བ།  ཚགས་པར་སོགས་ཤེས་བྱ་བརྒྱུད་སྒྲོག་གི་ལམ་བུའི་རྣམ་གྲངས་སྔར་ལས་མང་ནའང་།  དེ་དག་གིས་དཔེ་ཆའི་ནུས་པའི་དོ་ཟླ་མི་འོང་སྟེ།  དཔེ་ཆ་ནི་ཤེས་བྱ་ཐེག་པའི་ཕུང་པོ་ཐུན་མོང་མ་ཡིན་པ་ཞིག་དང་།  ཤེས་བྱ་རྣམས་ཡུན་རིང་ཉར་ཚགས་རུང་བའི་ཉེར་སྤྱད་ཁྱད་པར་ཅན་ཞིག་ཡིན་པར་མ་ཟད།  ནུབ་གླིང་གི་མཁས་པ་ཞིག་གིས།  དཔེ་ཆ་ལེགས་པོར་ལྟ་བ་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་དང་ཁ་ཏ་བྱེད་པ་དང་གཅིག་པ་གཅིག་རྐྱང་རེད་ཅེས་གསུངས་ཕྱིར་རོ།།

འུ་ཚོ་རྣམས་མ་གཞི་ནས་ཤེས་ཡོན་ལ་དགའ་བའི་མི་རིགས་ཤིག་རེད།  འུ་ཚོའི་མི་སེར་རྣམས་ཀྱིས་ “དཔེ་ཆ་པཞེས་ནམ་རྒྱུན་ཡར་ས་ནས་འཇོག་ཅིང་།  དཔེ་ཆར་ལྟ་མཁན་ལ་དུས་དང་རྣམ་པ་ཀུན་ཏུ་རྩིས་འཇོག་ཆེས་ཆེར་བྱེད་པ་རེད།  དེང་དུས།  ནུབ་གླིང་པ་རྣམས་ཀྱིས།འགྲོ་བ་མི་ནི་ཤེས་ཡོན་དཔལ་འབྱོར་གྱི་དུས་རབས་ལ་སླེབས་འདུག་ཅེས་བཤད་གི་འདུག  ཚུལ་དེ་འུ་ཚོའི་ཡོན་ཏན་པ་རྣམས་ཀྱིས་ཀྱང་ཤེས་ཡོད་ཚོད་རེད། སྔོན་ཐོན་རྒྱལ་ཁབ་ཀྱི་སྲིད་གཞུང་སྡེ་ཁག་དང་།  ཁེ་ལས་ལས་ཁུངས།  བྱ་ལས་ལས་ཁུངས་དག་གིས་མི་མདུན་ལམ་ཅན་ནམ་མི་འཇོན་ཐང་ཅན་ཞིག་བཀོལ་དུས།  ཁོས་ཚོས་གླ་ཡོན་མཐོན་པོ་བྱིན་ནས་བསླུ་བྲིད་གཏོང་བ་མ་ཡིན་པར།  གང་དེར་ནུས་རྩལ་དང་འབྱུང་སྤུས་སོགས་ཡང་བསྐྱར་མཐོ་རུ་འདེགས་པའི་སློབ་གསོ་མྱོང་དུ་འཇུག་པ་རེད་ཅེས་ཟེར།  དེར་མ་ཟད། “མུ་མཐུད་སློབ་གསོདང་ཚེ་གང་སློབ་གསོཞེས་མི་ཚེ་གང་པོར་སློབ་གསོ་མྱོང་ཞིང་སློབ་གཉེར་བྱེད་པའི་འགྲོ་ལུགས་དེ་ད་ལྟ་འཛམ་གླིང་སྤྱི་ཡི་གོམས་སྲོལ་ལྟ་བུ་ཞིག་ཆགས་འདུག  མི་རྣམས་ཀྱིས་ཤེས་ཡོན་ལ་དེ་ལྟར་མཐོང་ཆེན་གྱིས་སྦྱོང་བ་ནི་གཅིག་ཏུ་མི་བུ་རང་ཉིད་ཀྱི་འཚོ་གནས་བདེ་སྐྱིད་འབྱུང་ཕྱིར་དང་།  གཉིས་སུ་མི་ཡི་འཇིག་རྟེན་འདི་ཕྱོགས་ཡོངས་ནས་བཟང་ལེགས་དང་ཕུན་ཚོགས་སུ་གཏོང་ཕྱིར་རེད།  ཡིན་ནའང་།  ན་ནིང་དོ་ཚིགས་འུ་ཚོ་རྣམས་དེ་ལས་ལྡོག་སྟེ་དཔེ་ཆ་མཁོ་བའི་མི་རྣམས་ཀྱིས་དཔེ་ཆར་མི་ལྟ་བ་དང་ཤེས་བྱ་ཡོན་ཏན་ལ་མི་དགའ་བ་ལྟ་བུ་ཆགས་པ་དེ་ཡང་སྙིང་གང་ལ་ཐུག་ཡོད་དམ།སློབ་གྲྭར་འགྲིམ་མཁན་དང་ལས་བྱེད་པ་རྣམས་ཀྱིས་རྒྱུ་མཚན་རེ་སྟོན་རོགས།

དོན་དམ་དུ།  དཔེ་ཆ་དོར་བས་ནི་ཤེས་བྱ་དོར་བ་ལས་གཞན། ཧུར་བརྩོན་དང་།  སྡུག་རུས།  ཡར་བསྐྱེད་སོགས་མི་རིགས་འདིར་དགོས་ངེས་ཀྱི་སྙིང་སྟོབས་དག་ཀྱང་རང་བཞིན་གྱིས་དོར་སོང་བ་རེད།  རྒྱུ་མཚན་ནི།དཔེ་ཆར་ལྟ་བ་ལ་སྙིང་སྟོབས་དེ་དག་མེད་ན་རྒྱུན་སྲིང་དཀའ་བས་སོ།།

ཁ་སང་དེ་རིང་ལ།  ཤེས་བྱ་དང་བརྡ་འཕྲིན་བརྒྱུད་སྒྲོག་བྱེད་པའི་བརྙན་འཕྲིན་དང་རླུང་འཕྲིན་སོགས་མི་རྣམས་ཀྱི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་པ་ཡོད་པ་ནང་བཞིན།  དཔེ་ཆར་ལྟ་བའང་མི་རྣམས་ཀྱི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ན་འགྲིག་གི་རེད།  དེ་ལྟ་མིན་ཚེ།  འུ་ཚོར་དགོན་སྡེ་མ་གཏོགས་གཞན་ཅི་ཡང་མི་ལྷག་པའི་ཉེན་ཞིག་འདུག་པ་འདྲ།  ཁོ་བོས་དེ་ལྟར་བཤད་འདོད།

ངས་མཇུག་ཏུ་ཁ་ཚ་དགོས་གཏུག་གི་དྲི་བ་ཞིག་འདོན་རྒྱུ་ནི།  དཔེ་ཆར་མི་ལྟ་བ་དང་ཤེས་བྱ་ཡོན་ཏན་ལ་མི་དགའ་བའི་ལས་བྱེད་པ་མང་བའི་མི་རིགས་ཤིག་ལ་མཇུག་མཐའི་རེ་བ་ག་འདྲ་འདུག་གམ།

དྲི་བ་དེའི་ཞོར་ལ་ངས་ཤེས་པ་ནི།  མི་སུ་ཡིན་ཀྱང་རུང་།   བྱ་བའི་ལས་གནས་གང་ན་ཡོད་ཀྱང་རུང་།  དཔེ་ཆ་དང་ཁ་བྲལ་ཚེ།  མཁས་པ་ཡིན་ཀྱང་བླུན་པོར་འགྱུར་ཉེན་འདུག་པས།  ཆེ་མཐོ་ཡིན་ཀྱང་ཆུང་དམན་དུ་འགྱུར་ངེས་པའི་གནས་ལུགས་དེའོ།

ཡོང་ཁུངས་བོད་ནང་གི་དྲ་རྒྱ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading