ལྷ་ཆབ་སྦྱིན་པ།

     ཕུགས་བསམ་བྱེ་མའི་རི་དག་མཚར་དུ་དངར།།

     བྲེལ་བའི་རྐང་སྟབས་ཧད་ཧད་དལ་གྱིས་འགུལ།།

     ཉིན་གུང་ཚ་བས་གདུང་བའི་གྲམ་ཐང་ན།།

     ཀྱེ་མ་མི་ཚེ་རིང་མོའི་རྔུལ་ཆུ་བཞུར།།

 

     རྒྱ་མཚོ་སྔོན་མོའི་ཆུ་རིས་གཉེར་མ་བཞིན།།

     ཚུར་ནས་ཚུར་ལ་ཁོ་བོའི་ཕྱོགས་སུ་འཕྱོ།།

     ལོ་ན་རྒས་པའི་རང་བྱུང་གསང་བའི་བརྡ།།

     མཐའ་ཡས་གྲམ་ཐང་འདི་ནས་ལན་གཅིག་ཚོར།།

 

     མཚོ་མོའི་ངོགས་སུ་ངང་བའི་ཁྱུ་དག་རྒྱུ།།

     ཉིན་གུང་ཉི་འོད་བརྒྱུད་པའི་དགའ་བདེར་རོལ།།

     ས་མཐའི་གྲམ་ཐང་རིང་མོའི་རྐང་རྗེས་འདིས།།

     བཅོས་མིན་སྐྱོ་བའི་རི་མོ་ལག་ལ་བབས།།

 

     བདག་གི་དཀོན་མཆོག་སྔར་ནས་གཤེགས་ཟིན་ཡང་།།

     བཀའ་ཡི་ཆད་པས་ད་དུང་བསྡམས་པ་ལྟར།།

     མི་ཚེ་ས་མཐར་ཟད་པའི་གཏམ་རྒྱུད་འདིས།།

     ས་ཡ་དྲུག་གི་ལོ་རྒྱུས་སྙིང་ལ་འཁོར།།

     བདག་ནི་གསོན་དྭར་ལུས་པའི་ལོ་ཟླ་ནི།།

 

     མི་སྡུག་སྲིན་མོའི་སྡིག་མཛུབ་ཀེར་བ་བཞིན།།

     སེམས་ཀྱི་ཆག་འཇིག་རྒྱ་མཚོའི་རླབས་འཕྲེང་བཞིན།།

     སྐད་ཅིག་མི་རྟག་ཆོས་ཀྱི་དབྱིངས་སུ་འཕྱོ།།

     མེས་པོས་བྲག་ལ་བཏབ་པའི་ཕོ་བྲང་དེ།།

 

     དགྱ་དང་དགྱ་མོ་འཛོམས་པའི་བྲོ་རར་གྱུར།།

     བྲག་གི་སྲིན་མོའི་བུ་རྒྱུད་ཕྱི་མ་དག།

     དེ་རིང་གྲམ་ཐང་ཉུལ་བའི་དུས་འདི་ཤར།།

     རྣམ་རྟོག་སྣང་བའི་མགོ་བོ་མཐོན་པོ་ཅན།།

 

      ད་དུང་གངས་ལྡན་ར་བའི་དཀྱིལ་ན་འགྱིངས།།

      སྲོག་དབང་གཡང་ལ་འགུགས་པའི་ནག་པོའི་མཐུ།།

      ལུས་ཀྱི་རྩ་ཁམས་བརྒྱུད་འདི་དང་དུ་ལེན།།

      ཇི་ལྟར་རྒྱང་དུ་བཀྱེད་པ་དེ་ལྟར་ཡང་།།

 

      མེས་པོའི་དུར་ཁུང་འཚོལ་བའི་སེམས་འདི་ངལ།།

       སེམས་ཀྱི་འཁྱེར་སོ་མུན་པའི་ཁམས་ཤིག་སྟེ།།

      ལུས་ཀྱི་ཐོ་ཡོར་ཕྱི་རོལ་གྲམ་ཐང་ཉིད།།

      འདི་ནས་རྨི་ལམ་ཐམས་ཅད་རྒྱང་དུ་བསྲིངས།།

 

      སྐད་ཅིག་བདེ་བའི་སེམས་ཀྱི་རྗེས་སུ་སྙེག།

      མུ་མེད་གྲམ་ཐང་བརྒལ་བའི་དམ་བཅའ་འདིས།།

      རྒྱལ་ཁབ་དཔུང་གིས་བཅོམ་ལ་ཕྱིར་མིག་ཤོར།།

      ཁྲག་དང་མིག་ཆུའི་ནམ་ཟླ་མ་ཡལ་བའི།།

      གནའ་བོའི་མི་རིགས་ཤིག་གི་ངོ་གདོང་དག།

      ད་ལྟ་འཛམ་བུའི་གླིང་འདིར་སྟོངས་ཉེ་བས།།

      བསམ་ཞིང་བསམ་ན་སྙིང་ཤ་ལན་དུ་སྒུལ།།

 ༢༠༡༤ ༡༡ ༡༩ ལ་ཨོ་གླིང་སེ་ནེ་རུ།

 ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: