ལྷུག་རྩོམ་གླེང་བའི་གཏམ།

ཁ་བ་སྙིང་ལྕགས།

     ལྷུག་རྩོམ་ཞེས་པའི་རྩོམ་ལུས་འདི་སྒྱུ་རྩལ་རྩོམ་རིག་གི་ཁུངས་སུ་བསྡུ་ཆོག་ལ་མ་བསྡུས་ཀྱང་ཆོག་པ་ཞིག་རེད། སྔོན་གྱི་དུས་ན་བོད་རང་ཉིད་ལ་ལྷུག་རྩོམ་ཞེས་པའི་ཐ་སྙད་འདི་ཡོད་པ་མ་རེད། ཚིག་ལྷུག་དང་ཚིགས་བཅད། བཅད་ལྷུག་སྤེལ་མ་བཅས་ཀྱིས་བོད་ཀྱི་རྩོམ་ལུས་མཐའ་དག་མཚོན་པ་རེད། སྙན་ངག་མེ་ལོང་མ་ལས་ཀྱང་། ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། དེ་ཡང་ཚིགས་བཅད་ལྷུག་པ་དང་།། སྤེལ་མ་རྣམ་གསུམ་ཉིད་དུ་གནས།། ཞེས་འབྱུང་བ་རེད། སྐབས་དེའི་ལྷུག་པའམ་ཚིག་ལྷུག་ཅེས་པ་ནི་ལྷུག་རྩོམ་ཡིན་ཆོག་ལ་མིན་ཀྱང་ཆོག རྒྱུ་མཚན་ནི་ཚིག་ལྷུག་དང་ལྷུག་རྩོམ་གང་ཡིན་ཀྱང་འདྲ་བའི་ཆ་ཞིག་ཡོད་པ་ནི་ཚིག་སྦྱོར་ལྷུག་པ་ཡིན་པ་དེ་རེད་ལ། མི་འདྲ་བའི་ཆ་ནི་ལྷུག་རྩོམ་ལ་བརྩམས་ཆོས་སྤྱི་ཁོག་གི་སྒྲིག་གཞིའི་མཛེས་པ་ཞིག་དགོས་ཤིང་། ཚིག་ལྷུག་པ་ཡིན་པ་ཐམས་ཅད་ལ་སྒྲིག་གཞིའི་མཛེས་པ་དེ་ཡོད་དགོས་པའི་རྒྱུ་མཚན་མེད།

ལྷུག་རྩོམ་ཞེས་པའི་ཐ་སྙད་འདི་རིག་གསར་གྱི་རྗེས་ནས་བོད་ལ་བྱུང་བ་ཞིག་ཡིན་པར་འདོད་ཅིང་། དེ་ཡང་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་གྱི་སྐབས་ནས་བྱུང་བའི་ལྷུག་རྩོམ་གྱི་བརྡ་ཆད་དེ་ཚུར་བོད་སྐད་དུ་འགྱུར་བ་ཞིག་ཡིན་ངེས་རེད། དོན་གྲུབ་རྒྱལ་གྱི་རྐང་ལམ་ཕྲ་མོ་དང་སྤྲིན་དཀར་གྱི་འདབ་མ་སོགས་ནི་བོད་ཀྱི་རྩོམ་རིག་གསར་བའི་ལོ་རྒྱུས་སྟེང་གི་ཆེས་སྔ་བའི་ལྷུག་རྩོམ་ཡིན་སྲིད་སྙམ།

བོད་ལ་རྩོམ་རིག་གསར་བ་བྱུང་ནས་ལོ་ངོ་སུམ་བཅུ་ལྷག་ཕྱིན་པའི་དུས་ཚོད་འདིའི་ནང་། རང་མོས་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ་བཅས་ནི་རྩོམ་པ་པོ་གཅིག་གི་སྨྱུག་འོག་ནས་དུས་ཚོད་ཀྱང་གཅིག་ལ་བྱུང་བ་ཡིན་མོད། དེའི་ནང་གི་དར་ཁྱབ་ཆེ་ཤོས་ནི་རང་མོས་སྙན་ངག་དང་། རིམ་གྱིས་འཕེལ་བ་ནི་སྒྲུང་གཏམ། འཕེལ་མེད་སོར་གནས་སུ་ཡོད་པ་ནི་ལྷུག་རྩོམ་ཡིན་པར་འདོད། དགོན་པོའི་གྲྭ་བ་ཕལ་ཆེར་ཚིགས་བཅད་འབྲི་བར་མོས་ཤིང་། སློབ་གྲྭའི་སློབ་མ་ཕལ་ཆེར་རང་མོས་སྙན་ངག་འབྲི་བར་མོས་པ་དེས། རྩོམ་རིག་གི་རྨང་གཞིར་གྱུར་བའི་ལྷུག་རྩོམ་གྱི་རྩོམ་ལུས་འདིར་ཚོད་ལྟ་བྱེད་མཁན་ཤིན་ཏུ་དཀོན་པོ་ཆགས་ཡོད་པ་རེད།

སྤྱིར་སྙན་ངག་པ་དང་སྒྲུང་གཏམ་པ་ཟེར་རྒྱུ་ཡོད་ནའང་། ལྷུག་རྩོམ་པ་ཟེར་རྒྱུ་ཤིན་ཏུ་དཀོན། སློབ་འབྲིང་གི་བསླབ་དེབ་ཏུ་ལྷུག་རྩོམ་པ་ཞེས་པའི་མིང་རེ་འགའ་ཡང་མཐོང་རྒྱུ་འདུག་མོད། འདི་ནི་ལྷུག་རྩོམ་རྐྱང་བ་འབྲི་མཁན་ཡིན་ཟེར་རྒྱུ་ཞིག་ཕལ་ཆེར་ཡོད་མི་སྲིད།

གནའ་དུས་སུ་རྒྱ་ནག་པ་དག་གིས་སྒྲ་སྦྱོར་མ་ཡིན་པའི་ཚིག་ལྷུག་མའི་རྩོམ་ལུས་ལ་ལྷུག་རྩོམ་གྱི་གོ་དོན་འདི་འཇོག་ཅིང་། སྐབས་དེར་རྒྱ་ནག་ལ་ལྷུག་རྩོམ་དར་ཁྱབ་ཆེན་པོ་བྱུང་ཡོད། དེ་ནི་གཙོ་བོ་ཕྱིའི་རང་བྱུང་ཁོར་ཡུག་ཞིབ་འབྲི་བྱས་པ་བརྒྱུད་ནས་རྩོམ་མཁན་རང་གི་ནང་སེམས་ཀྱི་འགྱུར་བ་མངོན་པར་མཚོན་པ་ཞིག་རེད། དེའི་ཆ་ནས་རྒྱ་ནག་གི་སྙན་ངག་དང་ལྷུག་རྩོམ་ལ་ཁྱད་པར་ཆེན་པོ་ཡོད་པ་མ་རེད། དཔེར་ན་ཤིན་ཏུ་སྔ་བའི་ཐཱོའོ་ཡོན་མེན་གྱི་ཁམ་བུའི་མེ་ཏོག་གི་ར་བར་ཉུལ་བའི་ཟིན་ཐོ་ལྟ་བུ་དང་། ཐང་སུང་སྐབས་ཀྱི་ལྷུག་རྩོམ་མཁན་པོ་བརྒྱད་ཀྱི་བརྩམས་ཆོས་སོགས་ནི་ལྷུག་རྩོམ་ལ་སྙན་ངག་ཀྱང་ཡིན་པར་འདོད།

ནུབ་གླིང་བར་མཚོན་ན་ལྷུག་རྩོམ་གྱི་ཐ་སྙད་འདི་ཅི་ལྟར་བྱུང་བ་དང་ལྷུག་རྩོམ་འཕེལ་རྒྱས་ཀྱི་ལོ་རྒྱུས་དེ་ཇི་འདྲ་ཡིན་པར་ང་ལ་གསལ་ཆ་ཆེན་པོ་མེད། ཡིན་ནའང་ཁོ་ཚོའི་རྩོམ་མཁན་ཕལ་མོ་ཆེར་ལྷུག་རྩོམ་བསྡུས་དེབ་ཀྱང་ཡོད་པར་དཔག་ན། ལྷུག་རྩོམ་འབྲི་བའི་སྲོལ་རྒྱུན་ཤིན་ཏུ་རིང་བར་མ་ཟད་ཆུ་ཚད་ཀྱང་མཐོན་པོར་བསླེབས་ཡོད་ཚོད་རེད། ཡིན་ནའང་ང་ཚོས་མཐོང་བའི་ནུབ་ཕྱོགས་ཀྱི་ལྷུག་རྩོམ་མང་ཤོས་ནི་དཔྱད་ཞིབ་རང་བཞིན་གྱི་ཤུགས་ཆེ་བ་ཞིག་རེད། མཚན་ཉིད་རིག་པའི་གནས་ལུགས་ཤིག་ཞིབ་བརྗོད་བྱེད་པའམ་ཡང་ན་རྩོམ་མཁན་རང་ཉིད་ཀྱི་སེམས་ཁམས་དེ་ཐད་ཀར་ཞིབ་འབྲི་བྱེད་པ་ཤིན་ཏུ་མང་། དེའི་ཁྲོད་དུ་ཧྥ་རན་སུའི་རོའུ་སོ་ལགས་ཀྱི་ཁེར་རྐྱང་གི་འགྲུད་བཞུད་པ་ཞིག་གི་བསམ་གཞིག་ཅེས་པ་དང་ཨ་རུ་བ་སོའུ་རོ་ལགས་ཀྱི་ཝར་ཏིན་མཚེའུ་སོགས་ནི་ནམ་ཡང་ཉམས་པ་མེད་པའི་ལྷུག་རྩོམ་གྱི་གཙུག་རྒྱན་དུ་ངེས། ཡིན་ནའང་ང་སྒེར་ངོས་ནས་ཧྥ་རན་སུའི་གཱ་མོའུ་ལགས་ཀྱི་ལྷུག་རྩོམ་ལ་ཡང་དགའ་བ་དཔེ་མེད་པ་ཞིག་ཡོད།

བོད་ལ་རྩོམ་ལུས་ཀྱི་ཆ་ནས་གསུམ་དུ་བཤད་ཀྱང་། མདོར་དེད་ན་ཚིགས་བཅད་དང་ཚིག་ལྷུག་གཉིས་ལས་གཞན་ཡོད་པ་མ་རེད། དཔེར་ན་གེ་སར་གྱི་སྒྲུང་ནས་ལྷ་མོའི་ཟློས་གར་གྱི་བར་དང་། མི་ལ་རས་པའི་རྣམ་མགུར་ནས་མི་དབང་རྟོགས་བརྗོད་དང་གཞོན་ནུ་ཟླ་མེད་སོགས་ཀྱི་བར་དུ་ཡང་བཅད་ལྷུག་སྤེལ་མའི་རྩོམ་ལུས་འདི་ཁོ་ནས་གྲུབ་ཅིང་། བཅད་པ་དང་མ་བཅད་པའི་བར་དུ་མངོན་གསལ་དོད་པའི་ཁྱད་ཆོས་ཡོད་པ་མ་མཐོང་། ཚིག་སྡུད་ཆེ་ཞིང་འུད་བརྗོད་ཀྱི་ཉམས་དོད་པ་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་སྐད་ཆའི་ཁྱད་ཆོས་གཙོ་བོ་ཞིག་རེད།

དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ནས་ཀླུ་སྒྲུབ་དགོངས་རྒྱན་སོགས་ནི་ནུབ་གླིང་བའི་ལུགས་ལྟར་ན་ལྷུག་རྩོམ་གྱི་འཐུས་ཚབ་ཏུ་རུང་བ་ཞིག་ཡིན་ངེས་རེད། བོད་རང་ལ་ཚིག་དོན་གཉིས་ཆ་ནས་དེ་ལས་ལྷག་པའི་བརྩམས་ཆོས་ཤིག་ཕལ་ཆེར་བྱུང་ཡོད་ཚོད་མ་རེད། རྩོམ་རིག་དཔྱད་བརྗོད་པ་པདྨ་དབུམ་ལགས་ཀྱི་སྐད་ཆ་ལྟར་བཤད་ན། དེ་ལྟ་བུའི་བརྩམས་ཆོས་ནི་དགེ་ཆོས་ཀྱི་སྔོན་དུ་མ་བྱུང་བ་དང་དགེ་ཆོས་ཀྱི་རྗེས་སུ་ཡང་མ་བྱུང་བ་ཞིག་རེད། དབྱིན་ཇུ་བར་ཧྲ་ཁེ་ཕེར་དང་འཇར་མན་པ་ལ་ཀི་ཏི། རྒྱ་གར་བ་ལ་ཐེ་ཀོར་དང་བོད་ལ་ནི་དགེ་འདུན་ཆོས་འཕེལ་སྟེ། མི་རིགས་ཤིག་གི་སྐད་ཆའི་སྒྱུ་རྩལ་གྱི་ཆེས་མཐོ་བའི་ཚད་གཞི་མཚོན་བྱེད་ཀྱི་སྐྱེས་ཆེན་ཞིག་འཇོག་དགོས་ཚེ་མིག་སྔར་དགེ་ཆོས་ལས་གཞན་འཇོག་ཏུ་མེད་པ་འདྲ།

ཡིན་ནའང་། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་མཚོན་ན་ཕྱིའི་རྣམ་པའི་ཞིབ་འབྲི་ནས་ནང་སེམས་ཁམས་ཀྱི་ཞིབ་འབྲིའི་བར་དུ་ཕུན་སུམ་ཚོགས་པ་ཞིག་མ་རེད། ང་ཚོས་རང་གི་ཕ་ཡུལ་གྱི་རི་བོ་ཞིག་འབྲི་བའི་དབང་དུ་བྱས་ཚེ། རྩེ་མོ་ནི་གངས་དང་སྨུག་པས་གཡོགས་པ། བར་རྐེད་པ་ནི་ནགས་ཚལ་དང་དེ་རུ་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བ། རི་འདབས་སུ་སྔོ་ལྗང་གི་སྤང་ཐང་དང་དེ་རུ་རྟ་ནོར་ལུག་གསུམ་ནམ་མཁའི་སྐར་ཚོགས་ས་ལ་བཀྲམ་པ་ལྟ་བུ་སོགས་ཐུན་མོང་གི་མཛེས་ལྗོངས་ཙམ་ཞིག་འབྲི་བཞེངས་བྱེད་པ་རེད།

སེམས་ཁམས་ཀྱི་ཆ་ནས་བཤད་ན། བོད་ཀྱི་རིག་གནས་ནི་མིའི་སེམས་ཁམས་ལ་རྩ་བ་ནས་དོ་སྣང་མི་བྱེད་པའི་རིག་གནས་ཤིག་མ་ཡིན་པར་དེ་ལ་ཞིབ་འཇུག་དཔྱིས་ཕྱིན་པ་གནང་ཡོད་ནའང་། སྤྱིའི་ཆ་ནས་ང་ཚོའི་རིག་གནས་སུ་མིའི་ནང་སེམས་ཀྱི་ཉེ་རིང་ཆགས་སྡང་ནི་དོར་བྱ་དང་སྤང་བྱ་འབའ་ཞིག་ཡིན་པས། དེའི་མཚོན་ཐབས་དང་འབྲི་ཐབས་སོགས་ཚིག་གི་སྒྱུ་རྩལ་ལ་དོ་སྣང་ཆེར་མ་བྱས་པར་མངོན། སེམས་ཁམས་ཞིབ་འབྲི་ཅུང་ཙམ་ཡོད་ཚེ་དེ་ནི་བླ་མ་དང་སངས་རྒྱས་རྗེས་སུ་དྲན་པའི་སེམས་ཀྱི་གདུང་བ་དང་། གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་དང་འཁོར་བ་ལ་ཞེན་པ་ལོག་པའི་ངེས་འབྱུང་སོགས་ཆོས་ལུགས་དང་འབྲེལ་བའི་དྲང་ཕྱོགས་ཀྱི་སེམས་ཁམས་ཙམ་ལས་ཐུན་མོང་མ་ཡིན་པའི་མི་སྒེར་བ་ཞིག་གི་སེམས་ཁམས་ཀྱི་འགྱུར་བ་དག་མཐོང་མི་ཐུབ། ཐ་ན་དེ་དག་མཚོན་བྱེད་ལ་ཡང་ཚིགས་སུ་བཅད་པའི་སྙན་ངག་གི་རྩོམ་ལུས་མ་གཏོགས་ཚིག་ལྷུག་ཏུ་མཐོང་རྒྱུ་མེད། རྩོམ་རིག་གི་ངོས་ནས་བཤད་ན། དེ་ནི་ཕངས་སེམས་སྐྱེས་པ་ཞིག་རེད།

ལྷུག་རྩོམ་གྱི་འབྲི་ལུགས་གསར་བ་འདི་བྱུང་ནས་ཀྱང་ལོ་ངོ་སུམ་བཅུ་ལྷག་བརྒལ་ཟིན་མོད། དེའི་ཐད་ནས་གྲུབ་འབྲས་ཆེན་པོ་ལོན་ཡོད་པ་ཤིན་ཏུ་དཀོན། སྙན་ངག་པ་འཇུ་སྐལ་བཟང་གིས་རང་ཁྱིམ་དང་སྦྲ་ནག་གི་གྱེས་འབོད་སོགས་ལྷུག་རྩོམ་རེ་འགའ་བྲིས་ཡོད་ལ་དགའ་བསུ་ཡང་ཆེན་པོ་ཐོབ་འདུག སྒྲུང་གཏམ་པ་ཅོ་ནེ་ཡུམ་ཚེ་རིང་གིས་ཀྱང་གཡག་རྭ་ཆག་དང་ཁང་རྙིང་སོགས་ལྷུག་རྩོམ་འགའ་རེ་བྲིས་ཡོད་ལ་དེར་ཡང་དགའ་བསུ་ཅུང་ཙམ་ཐོབ་འདུག དེ་མིན་མཛེས་སེ་དང་བྱ་གཞུང་དབྱངས་བྷ་སོགས་དུངས་བརྗོད་ལྷུག་རྩོམ་དང་ལྷུག་རྩོམ་སྙན་ངག་འབྲི་མཁན་ཀྱང་འགའ་རེ་འདུག ཡིན་ནའང་སྤྱིའི་ཆ་ནས་ལྷུག་རྩོམ་གྱི་གྲངས་འབོར་དེ་ཤིན་ཏུ་ཉུང་བ་དང་སྤུས་ཚད་ཀྱང་རྩོམ་ལུས་གཞན་དང་བསྡུར་ན་ཞན་པོ་འདུག

ལྷུག་རྩོམ་ལ་མཚོན་ན་བྱ་དངོས་ཞིབ་འབྲི་ནི་ཤིན་ཏུ་གལ་ཆེ་ནའང་། ང་ཚོ་ནི་བརྗོད་བྱ་དང་རྗོད་བྱེད་གཉིས་ལས་བརྗོད་བྱ་གཙིགས་སུ་འཛིན་པར་གོམས་པ་ཞིག་རེད། ཡང་ན་ཇི་ལྟར་བྲིས་ཡོད་པར་དོ་སྣང་མི་བྱེད་པར་ཅི་ཞིག་བྲིས་ཡོད་པར་དོ་སྣང་བྱེད་པ་ཞིག་རེད། ང་རང་ཚོའི་རྩོམ་རིག་ལ་ཤུགས་རྐྱེན་ཤིན་ཏུ་ཟབ་པའི་སྙན་ངག་མེ་ལོང་མ་ནི་ཇི་ལྟར་འབྲི་བའི་ལུགས་སྟོན་བྱེད་ཀྱི་གཞུང་ལུགས་ཤིག་ཡིན་ནའང་། དེས་ཀྱང་ང་ཚོས་ཅི་ཞིག་བྲིས་ཡོད་པར་མཐོངས་ཆེན་བྱེད་པའི་སེམས་ཁམས་དེར་འགྱུར་བ་ཆེན་པོ་བཟོ་མ་ཐུབ་པར་འདུག

མི་རིགས་ཤིག་གི་སྐད་ཆའི་སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཤོས་དེ་སྙན་ངག་དང་སྒྲུང་གཏམ་གྱིས་མཚོན་ཐུབ་པའི་དབང་དུ་བྱས་ན། ལྷུག་རྩོམ་ནི་མི་རིགས་ཤིག་གི་སྐད་ཆའི་སྒྱུ་རྩལ་གྱི་རྨང་གཞིར་གྱུར་བའི་རྩོམ་ལུས་དེ་རེད། སྒྲུང་གཏམ་དང་སྙན་ངག་ནི་ཆེད་ལས་རྩོམ་རིག་པས་མ་གཏོགས་གོ་བ་ལོན་མི་ཐུབ་པའི་དབང་དུ་བྱས་ན། ལྷུག་རྩོམ་ནི་དེ་དག་ཡོད་ཚད་ལ་ལྟོས་པ་མེད་པར་དམངས་ཡོངས་ཀྱིས་གོ་བ་ལོན་ཐུབ་པའི་རྩོམ་ལུས་ཤིག་རེད།

མི་ཞིག་གིས་ང་ལ། ང་ཚོའི་ན་གཞོན་གྱི་སྡེ་རུ་སྙན་ངག་འབྲི་མཁན་མང་པ་ལས་ལྷུག་རྩོམ་འབྲི་མཁན་ཉུང་བར་དམིགས་གསལ་གྱི་རྒྱུ་མཚན་ཡོད་དམ་ཞེས་དྲིས་བྱུང་། ངས་བསམ་ན་དེ་ལ་རྒྱུ་མཚན་དུ་མ་འདུག་སྟེ། གཅིག་ན་བོད་ཀྱི་སྙན་ངག་གི་སྒོ་ཐེམ་ཤིན་ཏུ་དམའ་བས། ལྟོས་བཅས་ཀྱིས་སྙན་ངག་ནི་འབྲི་སླ་བ་ཞིག་རེད། གཉིས་ན་བོད་ལ་སྙན་ངག་གི་སྲོལ་རྒྱུན་ཅུང་ཙམ་ཡོད་པ་དང་། མ་ཟད་བོད་མིའི་སེམས་ཁམས་དེ་ཡང་སྙན་ངག་གི་འཆར་ཡན་དང་ཁ་ཐག་ཉེ་བོ་ཡོད་པ་འདྲ། གསུམ་ན་སྙན་ངག་ཏུ་ཚོར་བ་དང་སེམས་ཁམས་ཙམ་ཞིག་བྲིས་ན་ཆོག་ལ། དེ་ཡང་ཚིག་སྦྱོར་ཉུང་ངུ་ཞིག་གིས་ཆོག ཡིན་ནའང་ལྷུག་རྩོམ་དུ་བྱ་དངོས་ཞིབ་འབྲི་དང་བསམ་བློའི་རྒྱས་འབྲི་སོགས་ཚིག་གི་ཚོགས་པ་མང་ཙམ་མཁོ་བས་དོན་དམ་གྱི་ཆུ་ཚད་ཅུང་ཟད་མེད་ཚེ་རང་འཚང་ཕྱི་ལ་སྟོན་བྱེད་དུ་འགྱུར་བས་རང་བཞིན་གྱིས་འཛེམ་དོགས་གནང་བ་ཡིན་སྲིད། བཞི་ན་འཛམ་གླིང་སྤྱིའི་རྩོམ་རིག་གི་ཁྱབ་ཁོངས་ནས་བལྟས་ཀྱང་སྙན་ངག་གི་ཆོ་ལོ་ནི་བཀྲག་མདངས་མཚེར་བ་ཞིག་དང་། ལྷུག་རྩོམ་ལ་དེ་འདྲའི་བཀྲག་མདངས་ཆེན་པོ་མེད་པས། ན་གཞོན་གྱི་ཡིད་དབང་འཕྲོག་མ་ཐུབ་པ་ཡང་སྲིད། ལྔ་ནི་སྙན་ངག་གི་རྩོམ་ལུས་འདིར་གཞོན་པའི་དུས་སུ་ཨ་གསར་བྱེད་སླ་བ་དང་། ལྷུག་རྩོམ་གྱི་རྩོམ་ལུས་འདིར་ལོ་ན་རྒ་བར་ཕྱོགས་པ་དང་ལྷན་དུ་རིམ་གྱིས་མོས་པ་འབྱུང་ཐུབ་པ་ཞིག་རེད། དེ་དང་དེ་འདྲ་བའི་རྒྱུ་མཚན་འགའ་རེའི་དབང་གིས་ལྷུག་རྩོམ་ལ་འཇུག་མཁན་ཉུང་བའི་སྣང་ཚུལ་འདི་བྱུང་བ་ཡིན་ཀྱང་སྲིད།

སྤྱིར་ན་ན་གཞོན་ཚོར་ལྷུག་རྩོམ་འབྲི་དགོས་ཞེས་པའི་རེ་བ་འདོན་པ་ནི་མི་སྲིད་པ་ཞིག་ཀྱང་རེད། སྙན་ངག་དང་འབོལ་རྩོམ་ལྟ་བུའི་རྩོམ་ལུས་སུ་ད་གཟོད་ན་གཞོན་གྱི་ལང་ཚོའི་ང་རོ་དང་བསམ་བློའི་ཤ་འོད་ཤོང་ཐུབ་པར་འདུག ལྷུག་རྩོམ་ནི་ལོ་ན་སོན་པའི་མི་ཞིག་གིས་མི་ཚེ་ཧྲིལ་བོར་ཕྱིར་དྲན་བྱེད་པ་དང་། འཇིག་རྟེན་གྱི་དར་རྒུད་མཐའ་དག་བརྒལ་ཚར་བའི་ལོ་ལོན་ཞིག་གིས་མི་རབས་རྗེས་མར་སེམས་གཏམ་འཆད་པ་དང་འདྲ་བོ་འདུག ཡིན་ནའང་དེ་ཙམ་གྱིས་ལྷུག་རྩོམ་ནི་ངེས་པར་དུ་རྒན་པ་དག་གིས་བྲི་དགོས་པ་དང་། གཞོན་པ་ཚོས་སྙན་ངག་ཁོ་ན་བྲི་དགོས་པའི་རྒྱུ་མཚན་ཡང་གཞར་ཡང་ཡོད་པ་མ་རེད།

ནུབ་ལུགས་པའི་རི་མོ་འབྲི་མཁན་དག་ལ་མཚོན་ན། ཐོག་མའི་དུས་སུ་སྒོ་ང་ཞིག་ཡང་དང་བསྐྱར་དུ་བྲིས་པའི་བག་ཆགས་ཟབ་མོ་ཡོད། དེ་ནི་རྨང་གཞིའི་རྩལ་རེད། ཁྱོད་ལ་རྨང་གཞིའི་རྩལ་བརྟན་པོ་ཞིག་ཡོད་ཚེ། རྗེས་ཀྱི་གསར་རྩོམ་སྐབས་སུ་རང་གི་རྟོག་འཆར་གྱི་ངོས་ལ་ཤར་ཐུབ་པ་ཞིག་ཡིན་ཚེ་སོར་མོའི་ཟློས་གར་གྱི་བར་ནས་མངོན་མི་ཐུབ་པ་ཞིག་ཡོད་མི་སྲིད། དེ་ནི་ཨ་རིའི་གློག་བརྙན་དང་འདྲ་སྟེ། ཁྱོད་ཀྱི་སེམས་སུ་དྲན་ཐུབ་པ་ཞིག་ཡིན་ཚེ་ཁོ་ཚོས་བརྙན་རིས་ཀྱི་ངོས་སུ་འཆར་དུ་འཇུག་ཐུབ་པ་རེད།

ཡིན་ནའང་། བོད་ཀྱི་རྩོམ་རིག་ནི་བོད་ཀྱི་གློག་བརྙན་དང་འདྲ་བོ་འདུག ཁྱོད་ཀྱི་སེམས་སུ་དྲན་ཐུབ་པ་དེ་བརྙན་རུས་ཀྱི་ངོས་ནས་འཆར་ཐུབ་པའི་ངེས་པ་མེད་ལ། ཁྱོད་ཀྱི་ནང་སེམས་སུ་དྲག་ཏུ་འཕྱོ་བའི་ཚོར་བའི་འཇིག་རྟེན་དང་རིག་པའི་རྩེད་འཇོ་དེ་དག་ཡི་གེའི་ལམ་ནས་ཇི་བཞིན་དུ་མངོན་ཐུབ་པའི་ངེས་པ་ཡང་མི་འདུག དེ་ནི་ངས་བོད་སྐད་ནི་སྐད་ཆ་མཐའ་དག་ལས་མཚོན་ཐབས་ཆེས་ཞན་པ་དེ་རེད་ཅེས་པ་མིན། ནང་བསྟན་མཚན་ཉིད་རིག་པའི་གླེགས་བམ་ཁྲི་ཕྲག་དུ་མ་བོད་སྐད་བོད་ཡིག་གི་ལམ་ནས་ད་གཟོད་གནས་ཐུབ་པ་བྱུང་ཡོད། དེ་ལྟ་བུའི་སྐད་ཡིག་ཅིག་ནི་མཚོན་ཐབས་ཞན་པའི་སྐད་ཡིག་ཅིག་ཡིན་མི་སྲིད། ཡིན་ནའང་ང་ཚོར་རྩོམ་རིག་སྒྱུ་རྩལ་གྱི་སྲོལ་རྒྱུན་ཡག་པོ་མེད་པ་དང་། དེ་ལས་ལྷག་པ་ནི་ང་ཚོར་ལག་རྩལ་བཞིན་གྱི་རྨང་གཞི་བརྟན་པོ་ཞིག་མི་འདུག དེ་བས། ལྷུག་རྩོམ་འབྲི་མཁན་ཉུང་བ་དང་སྙན་ངག་འབྲི་མཁན་མང་བ་ནི་རྩ་བ་བོར་ནས་ཡལ་ཀར་འཇུས་པ་དང་འདྲ།

འཕོ་འགྱུར་རྒོད་པའི་དུས་རབས་ཤིག་གི་ནང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་དགོས་ན། གསར་གཏོད་ནི་མེད་དུ་མི་རུང་བ་ཞིག་རེད། དབྱིན་ཇི་བ་དག་གིས་དབྱིན་སྐད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་དུ་འཇུག་མཁན་ནི་རྩོམ་མཁན་ཆེན་མོ་ཧྲ་ཁེ་ཕེ་འར་ཡིན་པར་བཤད་པ་རེད། དེ་ཡང་ལོ་ངོ་བརྒྱ་ཕྲག་དུ་མའི་ཡར་སྔོན་དུ་དབྱིན་སྐད་ནི་དབྱིན་ཇིའི་དམའ་རིམ་སྤྱི་ཚོགས་ཀྱི་ཕལ་སྐད་ཅིག་ཡིན་པ་དང་། ཁོ་ཚོའི་མཐོ་རིམ་སྤྱི་ཚོགས་སུ་ཧྥ་རན་སུའི་སྐད་ཆར་ཨ་གསར་བྱེད་ཀྱིན་ཡོད། སྐབས་དེར་དབྱིན་སྐད་འཆད་པ་ནི་ངོ་གནོང་བ་ཞིག་གམ་ཆུ་ཚད་མེད་པ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད། ཡིན་ནའང་རྩོམ་མཁན་ཆེན་མོ་ཧྲ་ཁེ་ཕེར་ནི་དབྱིན་སྐད་ལས་གཞན་མི་ཤེས་པའི་དབྱིན་ཇིའི་དམའ་རིམ་སྤྱི་ཚོགས་ཀྱི་མི་ཞིག་རེད། ཁོས་དབྱིན་སྐད་ཀྱི་ལམ་ནས་གསར་རྩོམ་གནང་བ་ལས་སྐད་རིགས་གཞན་གྱི་སྟེང་ནས་གསར་རྩོམ་གནང་མི་ནུས། ལོ་ཟླ་ཡུན་གྱིས་འདས་པ་དང་ལྷན་དུ་ཁོང་གི་བརྩམས་ཆོས་དག་ལ་སྤྱི་ཚོགས་ཧྲིལ་བོ་ནས་དགའ་བསུ་ཆེན་པོ་ཐོབ་པས། མཐོ་རིམ་སྤྱི་ཚོགས་ནས་ཀྱང་ཁོང་གིས་བརྩམས་གནང་མཛད་པའི་ཟློས་གར་ལ་རོལ་རྒྱུ་ནི་དུས་རྒྱུན་གྱི་འཚོ་བ་དང་ཁོང་གི་སྐད་ཆའི་སྒྱུ་རྩལ་གླེང་རྒྱུ་ནི་ཉིན་རྒྱུན་གྱི་ཁ་བརྡ་རུ་ཆགས་པ་རེད། དེ་བས་ཧྲ་ཁེ་ཕེར་གྱིས་སྐད་རིགས་ཤིག་གི་ཚེ་སྲོག་ལ་ཡང་བསྐྱར་གསོན་ཤུགས་གནང་ཐུབ་པ་བྱུང་།

ང་ཚོས་བོད་ཀྱི་སྐད་ཆ་ནི་ཧ་ལས་པ་ཞིག་ཡིན་ཚུལ་དེ་ཁ་ནང་ནས་བཤད་པ་ཙམ་གྱིས་མི་ཆོག་པར། དེ་ནི་གསར་རྩོམ་གྱི་ལམ་ནས་མངོན་དགོས་པ་ཞིག་རེད། ཡིན་ནའང་གོང་དུ་བཤད་པ་ནང་བཞིན། ཁྱོད་ལ་ལོ་ངོ་མང་པོར་སྒོ་ང་ཞིག་ཡང་དང་བསྐྱར་དུ་བྲིས་པའི་མྱོང་བ་ཟབ་མོ་ཞིག་མེད་ཚེ། རི་མོ་གསར་རྩོམ་གྱི་ལས་ཀར་དཀའ་ཁག་ཆེན་པོ་འབྱུང་སྲིད་པ་ཇི་བཞིན། སྐད་ཡིག་ཅིག་གི་རྨང་གཞིའི་ལག་རྩལ་ལ་སྦྱང་བ་ཡག་པོ་སོང་མེད་ཚེ། སྐད་ཡིག་དེའི་ལམ་ནས་གསར་རྩོམ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། དེས་ན་ཆེས་རྨང་གཞིར་གྱུར་བའི་ལག་རྩལ་གྱི་སྦྱང་བ་དེ་གང་ནས་འགྲོ་དགོས་པ་རེད་ཅེས་ན། དེ་ནི་བྱ་དངོས་ཞིབ་འབྲི་དང་ཇི་བཞིན་བརྗོད་པ་སོགས་ལྷུག་རྩོམ་འབྲི་བ་ནས་མགོ་རྩོམ་དགོས་པ་ཞིག་རེད།

བོད་ཀྱི་རྩོམ་རིག་གསར་རྩོམ་དང་རྩོམ་རིག་གླེང་བརྗོད་ལ་ཕྱོགས་པའི་རྒན་དར་གཞོན་གསུམ་ལ། ཁྱོད་ཚོར་རྩོམ་རིག་གི་སྐད་ཆའི་རྨང་གཞིའི་ལག་རྩལ་ཙམ་ཡང་འཛོམས་མི་འདུག་ཅེས་བཤད་པ་ནི་དོགས་མི་བདེ་བ་ཞིག་དང་ངོ་གནོང་བ་ཞིག་རེད་མོད། ང་ཚོས་བྲག་རིའི་རྩེ་མོ་ནས་ལག་ཟུང་ནི་གཤོག་པ་ཡིན་ཞེས་ཐུར་དུ་མཆོངས་ཚེ། ལག་པ་གཉིས་ཇི་ལྟར་ཤུགས་ཀྱིས་ལྡེབ་ནའང་ཐུར་དུ་ལྷུང་བ་ལས་གྱེན་དུ་འཕུར་བ་ནི་མི་སྲིད་པ་ཞིག་རེད།

ཡོང་ཁུངས་བོད་ནང་གི་དྲ་རྒྱ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s