—སྨིན་སྣང་མཛེས།
དང་པོ།
རྩྭ་ཐང་ནས་གཉོམ་ལག་རྒྱས་ཤིང་སྦྲ་འདབས་ནས་ཚེ་སྲོག་འབུས་པའི་བོད་མི་ཞིག་ཡིན་ན་ཕལ་ཆེར་ཨ་མའི་ལག་རྩམ་གྱི་རོ་བཅུད་ལ་བརྟེན་ཏེ་འཚར་ལོངས་མ་བྱུང་བ་གཅིག་ཀྱང་ཡོད་མི་སྲིད། ཁོ་མོར་མཚོན་ན་ཡང་ཨ་མའི་ལག་རྩམ་ལ་རོལ་ཏེ་ནར་སོན་པའི་འབྲོག་ཕྲུག་མ་ཞིག་ཡིན། ཨ་མའི་ལག་རྩམ་ནི་བོད་མིའི་ཐུན་མོང་མ་ཡིན་པའི་ཁ་ཟས་ཏེ་བོད་མིའི་འཚོ་བའི་ཁྲོད་དུ་ཆེས་མེད་དུ་མི་རུང་བའི་བཅུད་ལྡན་གྱི་ཟས་མཆོག་ཅིག་ཡིན།
གཉིས་པ།
གདོད་མའི་མེས་པོ་བཀའ་དྲིན་ཅན་སུ་ཞིག་གིས་དཀའ་སྡུག་གི་རྔུལ་ནག་ལས་བརྡོལ་བའི་རྩམ་པ་ཟ་བའི་སྲོལ་འདི་བྱུང་བ་ནས། རྩམ་པ་འདི་མི་རིགས་ཤིག་གི་ཚེ་སྲོག་གི་རྟེན་གཞི་དང་རིགས་རྒྱུད་ཅིག་གི་ཐུན་མོང་མ་ཡིན་པའི་ཟས་སྐལ་དུ་གྲུབ། མི་རིགས་འདི་ལ་མགོ་ནག་རྩམ་ཟན་པ་ཞེས་པའི་མིང་འདི་ཡང་དུས་དེ་ནས་ཐོགས་ཡོད་པར་སྙམ། དེའི་ཕྱིར། བོད་པ་ཞིག་ཡིན་ཕྱིན་རྩམ་པ་ཟ་བར་མི་དགའ་མཁན་ཉུང་ཉུང་ཡིན། ཁོ་མོར་མཚོན་ན་ཡང་རྩམ་པ་ཟ་བར་དགའ་ལ། ལྷག་པར་དུ་ངེད་ཚང་གི་རྩམ་སྒམ་དུ་བླུགས་པའི་ཨ་མའི་ལག་རྩམ་ཟ་བར་ཧ་ཅང་དགའ། ངས་དྲན་པ་ནས་བཟུང་ངེད་ཚང་གི་མར་སྒྱེད་འགྲམ་གྱི་ཤིང་སྒམ་གྲུ་བཞི་དེའི་བདག་པོ་ཨ་མ་ཡིན་ལ། ཟས་ཐུན་སླེབས་ཐེངས་རེར་དྲི་ཞིམ་འཐུལ་ཞིང་དྲོད་ཁོལ་མ་ཡལ་བའི་ཨ་མའི་ལག་རྩམ་ལ་རོལ་དུས་སེམས་སུ་སྔར་མེད་ཀྱི་སྤྲོ་བ་ཚད་མེད་རེ་སྐྱེས་མྱོང་བར་མ་ཟད། མྱུར་དུ་རྔམ་ཟ་བྱས་ཏེ་སླར་ཡང་ལག་པ་བསྲིང་བར་དགའ།
གསུམ་པ།
ངེད་ཚང་གི་ཤིང་སྒམ་གྲུ་བཞིའི་ནང་དུ་ཉར་བའི་ཨ་མའི་ལག་འཐག་གི་རྩམ་པ་ནི། ཕ་མེས་ཡང་མེས་ནས་བརྒྱུད་པའི་གཅེས་ནོར་དང་། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་རུམ་ཞིང་མི་རབས་དུ་མའི་གཏམ་རྒྱུད་ཁུར་ཏེ་ཚེ་སྲོག་གྲངས་མེད་ཅིག་ལ་ལང་ཚོའི་ཁོ་ལག་རྒྱས་སུ་བཅུག་པའི་རིན་བྲལ་གྱི་ཟས་མཆོག་ཅིག་ཀྱང་ཅིའི་མ་ཡིན། དེར་བརྟེན། ངེད་སྤུན་མཆེད་སུ་ཞིག་ཡིན་ཡང་ཨ་མའི་ལག་རྩམ་གྱི་རོ་བཅུད་ལ་བརྟེན་ཏེ་ནར་མ་སོན་པ་གཅིག་ཀྱང་མེད། ལྷག་པར་དུ་ཁོ་མོ་ནི་སྤུན་མཆེད་གཞན་དག་ལས་ཀྱང་ཨ་མའི་ལག་རྩམ་ལ་རོལ་བར་དགའ་བའི་བུ་མོ་ཞིག་ཡིན། ང་དུས་རྒྱུན་ཨ་མ་དང་འབྲལ་མ་མྱོང་ལ་ཨ་མའི་ལག་རྩམ་དང་ཡང་འབྲལ་མ་མྱོང་བས། ཁོ་མོའི་ཚེ་སྲོག་གི་རུས་རྐང་རེ་རེ་ལ་ཡང་ཨ་མའི་ལག་རྩམ་གྱིས་གསོན་ཤུགས་རྒྱས་སུ་བཅུག་ཡོད།
བཞི་བ།
ཨ་མས་གསུངས་པ་ལྟར་ན་ཚི་དྲེག་ཆགས་ཤིང་སྐྱ་བོར་གྱུར་བའི་རྩམ་སྒམ་འདི་ཕ་མེས་བཀའ་དྲིན་ཅན་ཚོས་ཤུལ་བཞག་གི་གཅེས་ནོར་ཡིན་པས། རྗེས་མར་རྩམ་སྒམ་འདི་བུ་མོར་བརྒྱུད་སྤྲོད་བྱེད་དགོས་ཞེས་ཐེངས་གང་མང་ཞིག་ལ་གསུངས་མྱོང་བར་མ་ཟད། སྐབས་རེར་ཨ་མའི་རྩམ་སྒམ་དང་འབྲེལ་བའི་གཏམ་རྒྱུད་རིང་མོ་རེ་ཡང་བཤད་མྱོང་། གང་ལྟར། ང་ནི་ཨ་མའི་ལག་རྩམ་གྱི་གསོས་པའི་བུ་མོ་ཞིག་ཡིན་ལ། རྩམ་པ་ནི་ངའི་མི་ཚེའི་ནང་འབྲལ་དུ་མེད་པའི་ཟས་མཆོག་ཅིག་ཡིན། ད་དུང་ངའི་ཚེ་སྲོག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཡིན་ན་ཡང་། ངའི་གོམ་སྟབས་ཁེར་རྐྱང་དུ་ཕྱོགས་པ་ནས་ང་ཨ་མ་དང་བྲལ་ཟིན་ལ་ཨ་མའི་ལག་རྩམ་དང་ཡང་བྲལ་ཟིན།
ལྔ་བ།
དྲན་གདུང་གི་ན་ཟུག་ལྕི་ལ། ཁེར་རྐྱང་གི་སེམས་ངལ་མོད་པའི་དུས་འདིར། ངས་བས་མཐའི་ཁང་མིག་གྲུ་བཞི་འདི་ན་ཨ་མའི་འཛུམ་ཞལ་ཡིད་ལ་སྒོམ་ཞིང་ཨ་མའི་ལག་རྩལ་སེམས་སུ་དྲན་བཞིན་མིག་ཆུའི་ཐིགས་པ་རེ་རེ་མཁུར་ཚོས་བརྒྱུད་དེ་ས་རུ་ཟགས་བྱུང་། སྐབས་འདིར་རང་དབང་མེད་པར་མདང་དགོང་གི་རྨི་ལམ་དེ་དྲན་བྱུང་། རྨི་ལམ་དུ་ཁོ་མོ་དང་ཨ་མ་གཉིས་སྦྲ་འདབས་ནས་འཛོམས་ཤིང་ཨ་མས་སྔར་བཞིན་ཚ་བེར་བེར་གྱི་ལག་རྩམ་བརྫིས་ཏེ་ཁོ་མོའི་ལག་ཏུ་བཞག་པར། ཁོ་མོས་ཨ་མའི་ལག་རྩམ་དྲན་དྲགས་ནས་རྔམ་ཟ་བྱེད་བཞིན་འདུག ད་དུང་ཁོ་མོའི་མཐའ་འཁོར་ན་ཡོད་པའི་སྤུན་མཆེད་ཚོས་ཀྱང་བདག་ལ་མིག་ཟུང་རིག་རིག་གིས་ཅེར་ཞིང་ལག་ཟུང་སྲིང་བཞིན་ཨ་མའི་ལག་རྩམ་ལ་འཚང་ཁ་རྒྱག་བཞིན་འདུག
དྲུག་པ།
འདི་ནི་ཨ་མའི་ལག་རྩམ་གྱིས་གསོས་པའི་རྩྭ་ཐང་གི་འབྲོག་ཕྲུག་མ་ཞིག་གི་ཨ་མའི་ལག་རྩམ་དྲན་པའི་ཟིན་ཐོ་ཞིག་གོ།
༢༠༡༤ ༡༠ ༡༢ཉིན།
ངེད་དྲ་ཚིགས།