ཡིག་ཆ་མེད་མཁན་ཚོར་མི་སེར་ཐོབ་ཐང་སྤྲོད་རྒྱུ།

ཁ་སང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་འཛིན་སྐྱོང་དབང་ཚད་བེད་སྤྱོད་བཏང་སྟེ་ཨ་རིའི་ནང་ཁྲིམས་མཐུན་ཡིག་ཆ་མེད་པའི་གནས་སྤོ་བ་ས་ཡ་ ༡༡ ཙམ་ཡོད་པར་མི་སེར་ཐོབ་ཐང་སྤྲོད་རྒྱུ་ཡིན་ཚུལ་བསྒྲགས་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན་གྱི་དགོང་མོའི་ཆུ་ཚོད་༨།༠༠ སྟེང་། ཨ་རིའི་ཕོ་བྲང་དཀར་པོའི་ཤར་ཕྱོགས་ཚོམས་ཁང་དུ། སྲིད་འཛིན་ཨོ་བྷ་མས་ཐད་གཏོང་བརྙན་འཕྲིན་བརྒྱུད་ཨ་རིའི་རྒྱལ་ཡོངས་མི་མང་ལ་གཏམ་བཤད་ཅིག་གནང་སྟེ།ཁོས་སྲིད་འཛིན་གྱི་འཛིན་སྐྱོང་དབང་ཆ་བེད་སྤྱོད་བཏང་བའི་འོག ཨ་རིའི་ནང་མི་སེར་གནས་སྤོར་གྱི་རྩ་ཁྲིམས་ལ་བཅོས་བསྒྱུར་བཏང་སྟེ། ཨ་རིའི་ནང་གཏན་སྡོད་ཀྱི་ཁྲིམས་མཐུན་ཡིག་ཆ་མེད་པའི་གནས་སྤོར་བའི་མི་གྲངས་ས་ཡ་ ༡༡ ཙམ་ཡོད་པ་དག་ལ་མི་སེར་ཐོབ་ཐང་སྤྲོད་རྒྱུ་ཡིན་ཚུལ་བསྒྲགས་ཡོད་འདུག

ཨོ་བྷ་མའི་གཏམ་བཤད་སྤེལ་དོན། ལོ་ངོ་ཉིས་བརྒྱ་ལྷག་རིང་འཛམ་གླིང་རྒྱལ་ཁབ་ཁག་ནས་མི་མང་པོ་ཨ་རིར་གནས་སྤོར་བྱེད་པར་ཨ་རིས་དགའ་བསུ་བྱེད་པའི་ལུགས་སྲོལ་ཞིག་ཡོད་པ་དེས། རྒྱལ་ཁབ་གཞན་དང་བསྡུར་ན་ཨ་རིར་ཁེ་ཕན་ཆེན་པོ་ཞིག་ཐོབ་ཀྱིན་ཡོད་ཀྱང་། བར་ལམ་ཞིག་ནས་ཨ་རིར་མི་སེར་གནས་སྤོར་རྩ་ཁྲིམས་ལ་ཆག་གྲུམ་ཤོར་ཡོད་སྟབས། ངས་ཨ་རིའི་སྲིད་འཛིན་ལས་འཁུར་ཞུས་པ་ནས་བཟུང་ཆག་གྲུམ་ཤོར་བའི་གནས་ཚུལ་དེ་བསྐྱར་བཅོས་བྱ་རྒྱུ་ཁས་ལེན་བྱས་པ་ལྟར། དེ་རིང་ཨ་རིའི་སྲིད་འཛིན་གྱི་འཛིན་སྐྱོང་དབང་ཚད་བེད་སྤྱད་དེ་ཁས་ལེན་དམ་བཅའ་དེ་ལག་བསྟར་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

ཨོ་བྷ་མས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་བྱེད་སྟངས་འདིར་སྐྱོན་བརྗོད་བྱ་སྲིད་པའི་ལན་དུ། ཁོང་གིས།འཛིན་སྐྱོང་དབང་ཚད་ལག་བསྟར་བྱེད་མཁན་ང་རང་གཅིག་པུ་མིན་པར་དེ་སྔོན་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་རིམ་བྱོན་ཚོས་གཅིག་མཚུངས་ལྟར། སྲིད་འཛིན་གྱི་དམིགས་བསལ་དབང་ཚད་བེད་སྤྱོད་བཏང་སྟེ་གལ་ཆེའི་གནད་དོན་མང་པོ་ཞིག་ལག་བསྟར་བྱས་ཡོད་ཅིང་། ཨ་རིའི་སྲིད་འཛིན་གོང་མ་བྷུ་ཤི་མཆོག་གིས་ཀྱང་ཨ་རིའི་ནང་ཁྲིམས་མཐུན་ཡིག་ཆ་མེད་པའི་གནས་སྤོར་བ་ཚོ་ནི་ཨ་རིའི་མི་མང་གི་འཚོ་བའི་ཆ་ཤས་ཤིག་ཡིན་པ་བརྗོད་ཡོད་ཅེས་སོགས་བརྗོད་འདུག

ཐེངས་འདིའི་ཨ་རིའི་མི་སེར་གནས་སྤོར་གྱི་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཐག་གཅོད་ཐོག་ཁོང་གིས་འབྱུང་འགྱུར་ཨ་རིའི་ནང་ཁྲིམས་འགལ་ཐོག་གནས་སྤོར་མཁན་ཚོའི་ཐོག་དོན་ཚན་གསུམ་བསྒྲགས་ཡོད་པ་ནི། དང་པོ། ཨ་རིའི་ལྷོ་ཁུལ་གྱི་རྒྱལ་མཚམས་ཁག་ཏུ་མཐའ་སྲུང་དམག་མི་ཁ་སྣོན་བྱས་ཏེ་ཨ་རིའི་ནང་ཁྲིམས་འགལ་ཐོག་ཡོང་རྒྱུར་བཀག་སྡོམ་ཆེ་རུ་གཏོང་རྒྱུ་དང་། གཉིས་པ། ཨ་རིའི་ནང་ཚད་མཐོའི་ཆེད་ལས་མི་སྣ་ཡོང་རྒྱུར་སྟབས་བདེ་གང་ལེགས་བཟོས་ཏེ། ཁོ་ཚོས་ཨ་རིའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་འདོན་འཇུག་རྒྱུ། གསུམ་པ། ཨ་རིའི་ནང་ཁྲིམས་མཐུན་ཡིག་ཆ་མེད་པའི་གནས་སྤོར་བ་ས་ཡ་མང་པོར་ཁྲིམས་མཐུན་ཡིག་ཆ་བཟོ་བར་འགན་ལེན་ལག་བསྟར་བྱ་རྒྱུ་བཅས་ཡིན་འདུག

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྤྱི་མཐུན་ཚོགས་པའི་འཐུས་མི་ཇོན་བྷོ་ནེར་ (John Boehner)གྱིས་ཨོ་བྷ་མའི་ཁྱབ་བསྒྲགས་དེར་སྐྱོན་བརྗོད་བྱས་དོན། དེ་སྔོན་སྲིད་འཛིན་གྱིས་ཁོ་རང་རྒྱལ་བོ་དང་གོང་མ་གང་ཡང་མིན་ཚུལ་བཤད་ཡོད་ཀྱང་། ད་ཐེངས་ཁོ་རང་གིས་རྒྱལ་བོ་དང་གོང་མ་གང་རུང་གི་བྱེད་སྟངས་ལག་བསྟར་བྱས་ཏེ། ཨ་རིའི་མི་མང་གི་མངོན་འདོད་སྣང་མེད་བཏང་ཡོད་སྟབས། སྤྱི་མཐུན་ཚོགས་པར་གྲོས་ཚོགས་ནང་ལས་འགན་ཤིན་ཏུ་ཆེན་པོ་ཞིག་ཡོད་ཅེས་བརྗོད་འདུག

ཨ་རིའི་མི་སེར་གནས་སྤོར་ཁྲིམས་རྩོད་པ་ཚོས་སྲིད་འཛིན་ཨོ་བྷ་མས་གཏམ་བཤད་དེ་གྲོས་ཚོགས་ནང་རྩོད་རྙོག་ཆེ་བའི་གནད་དོན་ཞིག་སྟབས་བདེ་བཟོས་ཡོད་ཀྱང་། དེ་ལག་ལེན་བསྟར་བར་དཀའ་ངལ་ཆེན་པོ་ཡོད་པ་མ་ཟད། ཡིག་ཆ་མེད་པའི་གནས་སྤོར་མཁན་མང་པོ་ཞིག་ལ་ཨ་རིའི་མི་སེར་ཆགས་པའི་ཁེ་ཕན་རག་གི་མེད་ཚུལ་བརྗོད་འདུག

ན་ནིང་ཕྱི་ཟླ་ ༦ པའི་ནང་ཨ་རིའི་གྲོས་ཚོགས་གོང་མས་ཨ་རིའི་མི་སེར་གནས་སྤོར་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞི་ལ་མང་མོས་རྒྱབ་སྐྱོར་ཐོབ་ཡོད་ཀྱང་། གྲོས་གཞི་དེ་གྲོས་ཚོགས་འོག་མའི་ནང་ཡོང་བར་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་བར་རྩོད་པ་བྱུང་སྟེ། གྲོས་གཞི་དེ་གཏན་འབེབས་མ་ཐུབ་པར་འགོར་འགྱངས་བྱས་ཡོད་པ་དང་། ལྷག་པར་དུ་ཟླ་སྔོན་མ་ནས་བཟུང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་སྤྱི་མཐུན་ཚོགས་པར་གྲོས་ཚོགས་ཀྱི་བརྒྱ་ཆ་མང་ཤོས་ཐོབ་ཡོད་སྟབས། ཐེངས་འདིར་སྲིད་འཛིན་ཨོ་བྷ་མས་སྲིད་འཛིན་གྱི་དམིགས་བསལ་འཛིན་སྐྱོང་དབང་ཆ་བེད་སྤྱོད་བཏང་ཡོད་འདུག

ད་ལྟའི་ཆར་ཨ་རིའི་ནང་ཁྲིམས་མཐུན་ཡིག་ཆ་མེད་པའི་གནས་སྤོར་བ་ས་ཡ་ ༡༡ ལྷག་ཡོད་ཅིང་། དེའི་ཁྲོད་མང་ཤོས་ལྷོ་ཨ་རི་ཁུལ་གྱི་རྒྱལ་ཁབ་མེག་སི་ཁོ་ ( Mexico) གཙོས་རྒྱ་ནག་དང་རྒྱ་གར། ལྷོ་ཨ་ཧྥེ་རི་ཀ ཐའེ་ལན་ཌི་སོགས་ནས་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

ཡོང་ཁུངས་བོད་ཀྱི་དུས་བབ།

དཔྱད་མཆན་སྤེལ།

%d bloggers like this: