དབང་འབུམ།

    ཆོས་ལུགས་འཆོལ་ཉོག་ཏུ་འགྲོ་བ་ནི་ད་ལྟའི་དུས་ཁོ་ན་མ་ཡིན་པར་སྔོན་ཆད་ཀྱི་དུས་རིམ་སོ་སོའི་ནང་ཆོས་ལུགས་སོ་སོར་བྱུང་མྱོང་པའི་སྣང་ཚུལ་ཞིག་རེད།    དེ་ཡང་ཆོས་ལུགས་ནི་རིག་གནས་ཀྱི་སྣང་ཚུལ་གྱི་ཆ་ནས་བརྒྱུད་པའི་གོ་རིམ་ཁྲོད་སྐྱ་མིའི་འཇིག་རྟེན་གྱི་ངན་ཆགས་ཞུགས་པ་རེད།  ཡིན་ཡང་ཆོས་ལུགས་དེ་འཇིག་རྟེན་པའི་འདམ་རྫས་ལས་གྲོལ་ཏེ་དག་གཙང་ཇི་ལྟར་བྱེད་རྒྱུ་དེ་ནི་འདང་རྒྱག་དགོས་པའི་གནད་དོན་ཞིག་རེད།  དེའི་རྒྱུ་མཚན་ནི་ཆོས་ལུགས་ནི་ནམ་ཡང་འཇིག་རྟེན་ལས་བརྒལ་བའི་ཚད་མཐོ་བའི་བསམ་བློ་ཞིག་ཡིན་པས་འཇིག་རྟེན་གྱི་སྲིད་དང་དབང་ཆ།  དཔལ་འབྱོར།  ལམ་ལུགས་སོགས་ཀྱི་བཀག་རྒྱར་ཚུད་མི་རུང་།  རང་རྒྱལ་གྱི་མིག་སྔའི་ནང་ཆོས་ལ་སྐྱ་མིའི་ངན་ཆགས་ཞུགས་པའི་གནད་དོན་འདི་ནི་ཚང་མའི་མིག་མཐོང་ལག་ཟིན་གྱི་གནས་བབས་ཤིག་རེད།  དེ་ལ་ལྟ་ཚུལ་མི་འདྲ་བ་ཡོད་སྲིད་རྒྱུ་རེད།  ཡིན་ཡང་ང་རང་གི་ལྟ་ཚུལ་ནི་ནང་ཆོས་ལ་འཇིག་རྟེན་པས་ཤན་ཞུགས་པ་འདི་ནི་བཟང་བོ་རེད་སྙམ་གྱི་མི་འདུག་པས་འདི་ལ་བཀག་འགོག་དང་དོ་དམ།  འདང་ཞིབ་མོ་རྒྱག་དགོས་པར་སྙམ།

གཅིག  མི་ཡུལ་གྱི་ནང་ཆོས་ཟེར་བའི་བསམ་བློ་དེ་ལ་གཞུང་ལུགས་ཀྱི་སྟེང་ནས་འགྲེལ་ཡང་དག་རྒྱག་དགོས།   ལོ་འདི་འགའི་རིང་ལ་མི་ཡུལ་གྱི་ནང་ཆོས་ཞེས་པའི་བསམ་བློ་ལ་མི་རྣམས་ཀྱིས་རྣམ་པ་ཙམ་དང་སྲོལ་ངན་གྱི་ལྟ་ཚུལ་ཞིག་ཆགས་ཀྱིན་ཡོད།  ངས་བལྟས་ན་མི་ཡུལ་གྱི་ནང་ཆོས་ཟེར་བ་ནི་ཆོས་པ་དང་ཆོས་དོན་དག་སྐྱ་བའི་འཇིག་རྟེན་དང་བསྟུན་དགོས་ཟེར་བ་མ་ཡིན་ལ།  ཆོས་པ་དག་གིས་འཇིག་རྟེན་ཆོས་བརྒྱད་ཀྱིས་ནང་ཆོས་ཀྱི་དཔལ་འབྱོར་སྤེལ་ཟེར་བ་ནི་དེ་བས་ཀྱང་མ་ཡིན་ཏེ།  དེའི་དོན་ནི་ཆོས་པ་དག་གི་བྱིན་རླབས་མི་ཡུལ་དུ་ཁྱབ་པར་བྱེད་དགོས་པའི་དོན་དང་།  ཡང་ན་ཁོང་ཚོས་འཚོ་བ་དང་འགྲོ་འདུག་སྤྱོད་གསུམ་སོགས་དུས་རབས་ཀྱི་འགྱུར་བ་ལྟར་བསྒྱུར་དགོས་ཟེར་བ་མ་ཡིན་ཏེ།  ནང་ཆོས་ཀྱི་སྙིང་བོ་མི་ཡུལ་གྱི་ཁྱབ་པར་བྱེད་དགོས་ཞེས་པའི་དོན་རེད།   བྱིན་རླབས་མི་ཡུལ་དུ་ཁྱབ་པར་བྱེད་པ་ཟེར་བ་ནི་དགོན་པའི་དངོས་པོའི་སྟོབས་ཤུགས་སོགས་བཀོལ་ཏེ་སྤྱི་ཚོགས་ལ་ཞབས་ཞུ་བྱེད་པ་སྟེ་དཔེར་ན་ཧོང་ཀོང་སོགས་མཐའ་འཁོར་གྱི་ནང་ཆོས་རྩ་འཛུགས་དག་ལྟར་དུ་སློབ་གྲྭ་འཛུགས་པ་དང་། སྨན་ཁང་འཛུགས་པ།  དུར་ཁྲོད།  ན་གཞོན་གྱི་ལྟེ་གནས།  གཉོར་སྐྱོང་ཁང་སོགས་འཛུགས་པ་ལྟ་བུས་སྤྱི་ཚོགས་ལ་ཞབས་ཞུ་བྱེད་དགོས་པའི་དོན་རེད།  ནང་ཆོས་ཀྱི་སྙིང་བོ་མི་ཡུལ་དུ་ཁྱབ་པར་བྱེད་པ་ཞེས་པ་ནི་ནང་ཆོས་ཀྱི་ལྟ་བ།  ནང་ཆོས་ཀྱི་ཤེས་རབ་མི་ཡུལ་དུ་ཁྱབ་པར་བྱས་ཏེ་མི་ཡུལ་གྱི་སྡུག་བསྔལ་སེལ་བ་དང་།  ཆགས་སྡང་ཞི་བར་བྱེད་པ།  འགལ་བ་བསྡུམ་པར་བྱེད་དགོས་པའི་དོན་རེད། 

ཆོས་པ་སྲིད་སྟེགས་སུ་སོང་སྟེ་དགོན་པས་སྒྲ་དང་འོད།  གློག་ལ་བརྟེན་ནས་འཛུགས་སྐྲུན་གཟབ་འཆོར་པ་ཞིག་བྱེད་པ་ནི་མི་ཡུལ་ནང་ཆོས་གཏན་ནས་མིན།  དེ་ནི་ཏག་ཏག་སྐྱ་བའི་འཇིག་རྟེན་ཀྱི་ངན་ཆགས་ཞུགས་པའི་ནང་ཆོས་ཡིན།  ངས་བལྟས་ན་མི་ཡུལ་གྱི་ནང་ཆོས་ཀྱི་དོན་རྣལ་མ་བླ་མ་མཁས་པ་དག་གིས་ཡང་དག་གིས་འགྲེལ་ནས་གསལ་བཤད་བྱེད་དགོས།  དེ་མིན་ཚེ་རང་རྒྱལ་གྱི་ནང་ཆོས་ནི་དངོས་གནས་འཇིག་རྟེན་པའི་ངན་ཆགས་སུ་གྱུར་འཇིག་རྟེན་ཆོས་བརྒྱད་དུ་འགྱུར་ངེས་རེད།

གཉིས།  སྤྱོད་པའི་ཐད་ནས་གྲུབ་མཐའ་སོ་སོས་འཇིག་རྟེན་དང་བསྟུན་པའི་ཁྲོད་དུ་ནང་ཆོས་ཀྱི་སྲོལ་རྒྱུན་གྱི་སྙིང་བོ་དག་མི་འདོར་བར་བྱེད་དགོས།  འཇིག་རྟེན་འདིར་མི་མང་པོ་ཞིག་གིས་ནང་ཆོས་ལ་དད་པ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ནི་ནང་ཆོས་ལ་མི་ཚེ་དང་སྲིད་པ་ལ་གཞན་དང་མི་མཚུངས་པའི་རྟོགས་སད་ཆེན་པོ་དང་ཤེས་རབ་ཆེན་མོ་ཡོད་པས་རྐྱེན་རེད།  དེ་བས་ནང་ཆོས་ཀྱི་རྩ་བའི་དགོངས་གཞི་དང་རྩ་བའི་ལམ་མ་དོར་ཚེ་ད་གཟོད་མི་རྣམས་ཀྱིས་མུ་ནས་གུས་བཀུར་དང་དད་མོས་བྱེད་ངེས་རེད། 

གལ་ཏེ་དགོན་པ་ཞིག་འཛུགས་སྐྲུན་གཟབ་འཆོར་པ་ཞིག་བྱས་ཏེ་དཔལ་འབྱོར་ཆེ་ཆེར་རྒྱས་ཀྱང་།  འདུལ་ཁྲིམས་ཉམས་ཏེ་ལོངས་སྤྱོད་ཆེ་ཆེར་རོལ་ཅིང་།  གྲྭ་པ་དག་གིས་སྐྱ་མིན་སེར་མིན་གྱི་སྐད་ཆ་ཡ་མ་ཟུང་དང་བྱ་སྤྱོད་ཡ་མ་ཟུང་བཟུང་ན་ནང་ཆོས་ལའང་སུ་ཞིག་གིས་དད་པ་དང་བརྩི་བཀུར་བྱེད།  འདུལ་བ་ནི་ནང་ཆོས་ཀྱི་གཞི་རྩའི་སྲོག་ཤིང་ལྟ་བུ་རེད།  ལོ་རྒྱུས་སྟེང་གི་ཆོས་སྣུབས་ཀྱི་ལས་འགུལ་འགའ་ཡིས་སློབ་གསོ་བྱས་པ་བཞིན་ནང་ཆོས་དར་མིན་ནི་དངུལ་མང་ཉུང་དང་།  གྲྭ་པའི་མང་ཉུང་གིས་མ་ཡིན་ཏེ་གཙོ་བོ་ནི་དགོན་པའི་ནང་གི་འདུལ་ཁྲིམས་ལ་རག་ལས་པ་རེད།  ནང་ཆོས་ལ་སྐྱ་བའི་འཇིག་རྟེན་གྱི་ངན་ཆགས་མི་ཞུགས་པ་དང་དར་ཁྱབ་བྱུང་ཆེད་གྲུབ་མཐའ་སོ་སོས་ནང་ཆོས་ཀྱི་གཞི་རྩ་སྲོག་ལྟར་སྲུང་ནས་འདོར་མི་རུང་། 

གསུམ།  སློབ་གསོའི་ཐད་ནམ་ཡང་གློད་མི་རུང་བའི་སྲུང་བྱ་ཞིག་ཡོད་པ་དེ་ནི་སངས་རྒྱས་ཀྱི་རྗེས་ལ་ཕྱོགས་པ་དེ་རེད།  དགེ་འདུན་ནི་ནང་ཆོས་དར་ཁྱབ་བྱེད་པའི་བདག་པོ་ཡིན་པ་དང་ནང་ཆོས་དར་མིན་གྱི་གཞི་རྩའང་ཡིན་པ་རེད།  དགེ་འདུན་པའི་རྒྱུ་སྤུས་ཀྱིས་ཐད་ཀར་དུ་ནང་ཆོས་དར་ཁྱབ་ཀྱི་མྱུར་ཚད་དང་རྒྱུ་སྤུས་ལ་རག་ལས་ཡོད།  སྤྱི་ཚོགས་སྟེང་གི་མི་རྣམས་ཀྱིས་བལྟས་ན་དགེ་འདུན་ནི་སངས་རྒྱས་ཆོས་ལུགས་ཀྱི་ཚབ་བྱེད་མི་སྣ་རེད།  དེ་བས་ནང་ཆོས་དར་ཁྱབ་ལ་བྱས་རྗེས་འཇོག་དགོས་པ་མ་ཟད་ངེས་པར་དུ་ནང་ཆོས་ལ་སྣང་བརྙན་ཡག་པོ་ཞིག་ཀྱང་སྐྲུན་དགོས།  དགེ་འདུན་པའི་ཆེད་ལས་སློབ་གསོ་ཇེ་ལེགས་སུ་གཏོང་བ་དང་།  གཞུང་ལུགས་ཀྱི་ཡོན་ཚད་མཐོ་རུ་འདེགས་པ།  ཕྱོགས་ཡོངས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་རྒྱུ་ནི་ནང་ཆོས་ལ་སྐྱ་བའི་འཇིག་རྟེན་གྱི་ངན་ཆགས་ཀྱི་ཤན་ཞུགས་པ་སེལ་བྱེད་ཀྱི་ཐབས་གལ་ཆེན་ཞིག་རེད། 

བཞི།  ཆབ་སྲིད་ཀྱི་སྟེང་ནས་ནང་ཆོས་ལ་རང་ཉིད་ཀྱི་རང་ཚུགས་དགོས།  གནའ་བོའི་བླ་མ་སློབ་དཔོན་ནང་དུ་རྒྱལ་པོ་ལ་ཕྱག་མི་འཚལ་བ་མང་།  དཔེར་ན་ཆིང་རྒྱལ་རབས་ཀྱི་བླ་མ་ཧྲེ་ཁོན་ལ་རྒྱུ་དངོས་ཅི་འདྲ་གནང་ཡང་རི་ལས་མར་མ་བབས།  ཡང་ན་ཐང་རྒྱལ་རབས་ཀྱི་བླ་མ་ཞན་ཙང་ལྟ་བུ།  སྤྱིར་བཏང་གི་སྲིད་དོན་ལ་སོགས་ཟུར་སྣ་སྣེ་ནས་ཅུང་ཙམ་འབྲེལ་ན་སྐྱོན་མེད་མོད།  ཐད་ཀར་དུ་སྲིད་ཀྱི་ནང་གི་ཚུད་ན་དེ་ནི་ཧ་ཅང་མི་འོས་པ་ཞིག་རེད།  ནང་ཆོས་ལ་སྐྱ་བའི་འཇིག་རྟེན་གྱི་ངན་ཆགས་ཞུགས་པ་དེའང་ཆབ་སྲིད་ལ་ཅུང་ཙམ་འབྲེལ་བ་ཡོད་པ་རེད།  ཡིན་ཡང་གཙོ་བོ་དེ་ད་ལྟའི་ཆོས་པ་དག་གི་བསམ་བློ་ལ་འཇིག་རྟེན་པའི་ཤན་ཤུགས་ཞུགས་དྲག་པའི་རྐྱེན་གྱིས་རེད།  ངས་བསམ་ན་ནམ་ཞིག་ལ་ཆོས་པ་དག་གི་ཆབ་སྲིད་ཀྱི་འདོད་ཧམ་ཇེ་ཆུང་དུ་སོང་ན་དེ་དུས་ང་ཚོའི་ནང་ཆོས་ཀྱི་འཇིག་རྟེན་ངན་ཆགས་ཀྱང་ཇེ་ཆུང་ལ་རེབ་ཀྱིས་འགྲོ་བར་ངེས།

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

%d