ཕྱི་ལོ་ ༢༠༡༤ ཟླ་ ༡༡ པའི་ཚེས་ ༢༡ ཉིན་འཛམ་གླིང་ཧིན་རྡུའི་ཐེབས་རྩ་ཁང་ The World Hindu Foundation གིས་གོ་སྒྲིག་བྱས་པའི་འཛམ་གླིང་ཧིན་རྡུའི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་ཆེན་དབུ་འབྱེད་མཛད་སྒོར་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
དེ་ཡང་ཚེས་ ༢༡ ཉིན་༧གོང་ས་མཆོག་འཛམ་གླིང་ཧིན་རྡུའི་ཆོས་ལུགས་ཀྱི་ཚོགས་འདུར་མ་ཕེབས་སྔོན་ཆོས་ལུགས་རྙིང་གྲས་པར་ཟིག་ཆོས་ལུགས་པ་ཌོག་ཊར་ཧོ་མི་རྡ་ལ་ Dr Homi B Dhalla དང་མཇལ་འཕྲད་གནང་ཡོད་པ་དང་། ཕྱི་ལོ་ ༡༩༨༦ ལོར་ཨིས་ཊ་ལིའི་ཨ་སི་སི་ Assisi ཞེས་པར་པོབ་ཕུ་ཇོན་པོབ་གཉིས་པས་ Pope John Paul II རྒྱལ་སྤྱིའི་ཆོས་ལུགས་ཁག་གི་ཚོགས་འདུ་བསྐོང་ཚོགས་སྐབས་༧གོང་ས་མཆོག་དང་ཌོག་ཊར་ཧོ་མི་རྡ་ལ་ཐོག་མར་མཇལ་འཕྲད་གནང་ཡོད་པ་རེད། ཐེངས་འདིར་ཊོག་ཊར་ཧོ་མི་རྡ་ལས་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དངོས་བཤུས་གློག་བརྙན་ཞིག་བཟོ་བཞིན་པ་དང་འབྲེལ་བའི་ཐོག་མཇལ་འཕྲད་གནང་ཡོད། མཇལ་འཕྲད་སྐབས་ཊོག་ཊར་ཧོ་མི་རྡ་ལ་ཡིས་འཚེ་བའི་ལས་རིགས་མཚམས་འཇོག་ཡོང་བར་གྲོས་མོལ་ཙམ་མ་ཡིན་པའི་ཐབས་ལམ་གང་དག་བཙལ་རྒྱུ་ཡོད་པ་རེད་དམ་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་འཚེ་བའི་རིགས་དེ་གཙོ་བོ་སེམས་ཉོན་མོངས་པའི་རིགས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། ཁོང་ཁྲོ་དང་དངངས་སྐྲག ཕྲག་དོག དེ་བཞིན་འདོད་རྔམས་བྱེད་པ་སོགས་ནི་འཚེ་བའི་རྒྱུ་ཆགས་ཀྱི་ཡོད། འདི་དག་ལ་ཁ་གཏད་མ་བཅག་པར་དུ་འཚེ་བ་ངེས་པས་ཤེས་ཡོན་གྱི་ལམ་ནས་འཚེ་བ་ནི་སྤྱི་ཚོགས་ལ་བརྡབ་གསིག་གཏོང་མཁན་ཞིག་ཡིན་པ་ཤེས་རྟོགས་ཡོང་བ་བྱེད་དགོས་པ་དང་། མི་སྒེར་སོ་སོ་ཡིན་ནའང་འཚེ་བའི་རིགས་ནི་སེམས་ཀྱི་ཞི་བདེ་བརླག་མཁན་དང་ལུས་པོའི་བདེ་ཐང་ལའང་གནོད་བསྐྱལ་མཁན་ཞིག་ཡིན་པ་ཤེས་ཐུབ་པ་བྱེད་དགོས་ཞེས་བཀའ་ལན་གནང་བ་དང་། དེ་བཞིན་བུད་མེད་ལ་འཚེ་བ་བྱེད་པའི་གནས་ཚུལ་དང་འབྲེལ་ནས་༧གོང་ས་མཆོག་གིས་དེ་ནི་ནོར་འཁྲུལ་ཡིན་པ་གསུངས་ཏེ་སྤྱི་ཚོགས་ནང་ཕོ་བཟང་པོར་ལྟ་སྲོལ་ཞིག་ཡོད་ཀྱང་། དོན་དངོས་སུ་ཕོ་མོ་གཉིིས་ནི་ཕན་ཚུན་དགོས་མཁོ་ཡོད་པ་ཆགས་ཡོད། ཉེ་བའི་འཆར་ཤེས་ཡོན་གྱི་ལམ་ནས་ཕོ་མོ་འདྲ་མཉམ་ཡིན་པའི་བསམ་ཚུལ་ཤུགས་ཆེན་པོ་སྤེལ་ཐུབ་ཡོད་པ་རེད། ཅེས་དང་།
གཞན་ཡང་། གཞོན་སྐྱེས་དང་འཕྲུལ་ཆས་དབར་གྱི་འབྲེལ་བའི་ཐད་ལ་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་དེ་ངེས་པར་དུ་དགོས་ངེས་ཤིག་རེད། འཕྲུལ་ཆས་རིགས་ཀྱིས་འཚོ་བ་སོགས་སྟབས་བདེ་བོར་གཏོང་བ་དང་། འཛམ་གླིང་མི་མང་འབྲེལ་ཐག་ཉེ་བོ་བཟོ་ཐུབ་ཀྱི་ཡོད། ཡིན་ནའང་། བེད་སྤྱོད་ཡག་པོ་ཞིག་གཏོང་དགོས། ཞེས་དང་།
དེ་རྗེས་ལྡི་ལིའི་ཨ་ཤོ་ཀ་མགྲོན་ཁང་དུ་ཕེབས་ནས་རྒྱལ་ཁབ་ ༥༠ ནས་ཕེབས་པའི་འཐུས་མི་ ༡༨༠༠ ལྷན་འཛོམས་ཀྱི་འཛམ་གླིང་ཧིན་རྡུའི་ཆོས་ལུགས་ཀྱི་ཚོགས་ཆེན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཞུས་ཏེ་སྡིངས་ཆའི་སྟེང་གདན་འདྲེན་ཞུས་ཡོད་པ་དང་། ཐོག་མར་རྒྱ་གར་གྱི་ཧིན་རྡུའི་ཆོས་པ་ཞིག་གིས་དུང་དཀར་རྒྱུན་རིང་འབུད་བཞིན་པའི་ངང་༧གོང་ས་མཆོག་དང་གཞན་སྐུ་མགྲོན་ཁག་ཅིག་གིས་མཉམ་དུ་སྣང་གསལ་ཞལ་འབྱེད་གནང་། དེ་ནས་ཝི་ཤྭ་ཧིན་རྡུ་པ་རི་ཤཱ་ད་VHP ཚོགས་པའི་སྤྱི་ཁྱབ་ཟུང་དྲུང་སྭ་མི་ཝི་ཛྙཱནནྡས་Swami Vigyananand ཚོགས་འདུའི་དགོས་དོན་སྐོར་ལ་གསུང་བཤད་དང་འབྲེལ་འཛམ་གླིང་གང་སར་ཡོད་པའི་ཧིན་རྡུའི་ཚོགས་སྡེ་ཚང་མར་ཡར་རྒྱས་གོང་འཕེལ་ཡོང་བ་དང་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་སྐུ་མགྲོན་གཙོ་བོ་༧གོང་ས་མཆོག་དང་མོ་ཧན་རའོ་བྷ་རྒ་ཝ་ཏ། Mohanrao Bhagwat ཨ་ཤོ་ཀ་སིངྒལ་Ashok Singhal རྣམ་པ་གསུམ་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད། ༧གོང་ས་མཆོག་ལ་ཕུལ་བའི་ཆེ་བསྟོད་ཡི་གེའི་ནང་དུ་༧རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་དང་དེ་སྔ་ནོ་བྷེལ་ཞི་བདེའི་གཟེངས་རྟགས། མ་གྷ་སེ་སེ་གཟེངས་རྟགས་སོགས་བཞེས་མྱོང་བ་དང་། སློབ་གྲྭ་དང་དགོན་སྡེ དཔེ་མཛོད་སོགས་ཕྱག་བཏབ་ཡོད་པ། དེ་བཞིན་འཛམ་གླིང་དུ་བདེན་པ་དང་བྱམས་བརྩེ་དར་སྤེལ་གཏོང་མཁན་རེད་ཅེས་སོགས་འཁོད་ཡོད་པ་རེད།
དེ་ནས་༧གོང་ས་མཆོག་གིས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་གནང་རྒྱུར་གསོལ་བ་བཏབ་པ་ལྟར་བཀའ་སློབ་གསུང་བཤད་གནང་དོན། བརྩེ་བའི་ཆོས་གྲོགས་ཕོ་མོ་ལྷན་རྒྱས། ངོས་རང་ཁྱོད་ཚོ་དང་གཅིག་མཚུངས་འགྲོ་བ་མིའི་རིགས་སུ་གཏོགས་པ་ཞིག་ཡིན་པས་དེ་རིང་འདིར་འཛམ་གླིང་ཧིན་རྡུའི་ཚོགས་ཆེན་ཐོག་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་སྤྲོ་བྱུང་། འགྲོ་བ་མིའི་རིགས་དུང་ཕྱུར་བདུན་བཅུ་ཚང་མ་ལུས་སེམས་གཉིས་ཐད་ནས་གཅིག་མཚུངས་ཡིན་པ་དུས་རྒྱུན་དུ་ནན་བརྗོད་བྱེད་ཀྱི་ཡོད། རྒྱལ་པོ་དང་བཙུན་མོ། སྤྲང་པོ་དང་ཆོས་ཀྱི་དབུ་ཁྲིད་སུ་ཡིན་ཡང་སྐྱེས་པའི་སྐབས་སུ་སྐྱེས་སྟངས་གཅིག་པ་དང་། ཕྱི་མར་འགྲོ་བའི་སྐབས་སུ་གཅིག་མཚུངས་ཀྱིས་འགྲོ་ཡི་ཡོད་ཀྱང་། མི་འདྲ་བའི་ཆ་ཕལ་བའི་རིགས་གལ་ཆེ་བ་བརྩིས་ཏེ་ང་ཚོ་དང་ཁོང་ཚོ་ཞེས་དབྱེ་འབྱེད་བྱེད་ཀྱིན་ཡོད། ཡིན་ནའང་། ང་ཚོ་རང་བྱུང་ཁམས་ཀྱི་གནོད་འཚེ་ཆེན་པོ་ཞིག་ལས་ཐར་ཏེ་མི་གཞན་ཞིག་དང་ཐུག་པ་ཡིན་ན་དགའ་ཚོར་ཆེན་པོས་བསུ་བ་བྱེད་རྒྱུ་ལས་ཁོའི་ཆོས་ལུགས་ཅི་ཡིན་དང་། གང་ནས་སླེབས་མིན་ལ་བསམ་བློ་གཏོང་གི་མ་རེད། འདི་ནམ་ཡང་དྲན་པ་བྱེད་དགོས། ཅེས་དང་།
ཆོས་ལུགས་ཁག་ཚང་མ་ལྟ་གྲུབ་ཀྱི་ཆ་ནས་ཁྱད་པར་ཡོད་ནའང་། སེམས་ཀྱི་ཞི་བདེ་བསྐྲུན་པའི་མཐུན་རྐྱེན་ཐད་ཚང་མ་གཅིག་མཚུངས་ཡིན་པར་ངོས་ཀྱིས་བལྟ་གི་ཡོད། རྟོག་གེ་སྡེ་ལྔ་བོ་ནི་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་འཛིན་མཁན་གྱི་གྲུབ་མཐའ་སྨྲ་བའི་ཆོས་ལུགས་རེད། ༼ རྟོག་གེ་སྡེ་ལྔ་ནི་གྲངས་ཅན་རྣལ་འབྱོར་པ། Samkhya-Yoga, རྒྱལ་བ་པ། Jaina, རིག་པ་ཅན་བྱེ་བྲག་པ། Nyaya-Vaishesika, དཔྱོད་པ་པ་རིག་བྱེད་མཐའ་པ། Mimamsa-Vedanta རྒྱང་འཕེན་པ། Charvaka ༽ ཨེ་ཇེབ་དང་རྒྱ་ནག་གཉིས་དང་བསྡུར་ན་རྒྱ་གར་གྱི་རིག་གཞུང་ཡར་རྒྱས་ཁྲོད་རྣམ་དཔྱོད་ཅན་གྱི་མི་སྣ་གྲངས་མང་བ་ཐོན་ཡོད། ཅེས་དང་།
རྒྱ་གར་བ་ཚོ་བོད་པས་བླ་མར་བརྩི་བཞིན་པ་ངོས་ཀྱིས་ནམ་རྒྱུན་བརྗོད་ཀྱི་ཡོད། ང་ཚོར་ཡོད་པའི་ཤེས་ཡོན་ཚང་མ་རྒྱ་གར་ནས་བྱུང་བ་ཡིན། དུས་རབས་བཅོ་ལྔ་བའི་བོད་ཀྱི་མཁས་དབང་ཞིག་གིས་བོད་གངས་ཅན་གྱི་ལྗོངས་གངས་འོད་དཀར་པོས་ཁྱབ་ཡོད་ཀྱང་། རྒྱ་གར་ནས་བྱུང་བའི་ཤེས་ཡོན་གྱི་འོད་ཟེར་དེ་བོད་ལ་མ་སླེབས་པར་དུ་མུན་པའི་གླིང་དུ་གནས་ཡོད་ཅེས་གསུངས་ཡོད། མཚམས་ལན་རེར་ངོས་ཀྱིས་རྩེད་མོ་དང་སྦྲགས་ནས་གནའ་བོའི་རྒྱ་གར་བ་ཚོ་ང་ཚོའི་བླ་མ་ཡིན་པ་ལས་ནུབ་ཕྱོགས་ཀྱི་ཤན་ཞུགས་ཟིན་པའི་དེང་རབས་ཀྱི་རྒྱ་གར་བ་ཚོ་མིན་ཞེས་བརྗོད་ཀྱི་ཡོད། ཡིན་ནའང་། ད་ལྟ་ཁྱོད་རང་ཚོས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ནས་ཡོད་པའི་སོ་སོའི་གནའ་བོའི་རིག་གཞུང་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པར་བསྔགས་བརྗོད་ཡོད། ཅེས་དང་།
གཞན་ཡང་། ནང་ཆོས་དང་ཧིན་རྡུའི་ཆོས་གཉིས་སྤུན་ཟླ་མཚེ་མ་ལྟར་རེད། ཅེས་གསུངས་སྐབས་ཚོགས་ཁང་དུ་དགའ་སྤྲོའི་རྣམ་འགྱུར་གྱིས་ཁེངས་པ་དང་། ༧གོང་ས་མཆོག་གིས་མུ་མཐུད་དུ། ཆོས་ལུགས་གཉིས་ལ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་བཅས་ནི་ཐུན་མོང་བ་ཡིན་པ་དང་། ཐུན་མོང་མ་ཡིན་པའི་ཁྱད་པར་ནི་བདག་འདོད་པ་དང་མི་འདོད་པ་དེ་ཡིན། ངོས་རང་རྒྱ་གར་ལྷོ་ཕྱོགས་བྷང་ལོར་ཁུལ་དུ་སློབ་ཕྲུག་ཉམ་ཐག་སྟོང་ཕྲག་མང་པོར་ཉིན་གུང་གི་ཟས་སྦྱིན་རྒྱ་ཆེན་པོ་གཏོང་མཁན་གྱི་ཧིན་རྡུའི་ཆོས་པ་ཞིག་དང་མཇལ་རྒྱུ་བྱུང་། དེ་དུས་ཁོང་དང་ལྷན་དུ་ནང་ཆོས་དང་ཧིན་རྡུའི་དབར་མཐུན་པའི་ཆ་གང་ཡོད་ཐད་བཀའ་
བསྡུར་ཞུ་རྒྱུ་བྱུང་བ་དང་། མཐའ་མར་ངོས་ཀྱིས་ཁོང་ལ་ངོས་རང་ནང་པ་ཡིན་པས་བདག་མེད་པའི་ལྟ་བ་དེ་ང་རང་ལ་རན་པ་དང་། ཁྱེད་རང་ཧིན་རྡུའི་གྲྭ་བ་ཞིག་ཡིན་པས་བདག་ཏུ་གྲུབ་པའི་ལྟ་བ་རན་པ་ཡོད་པ་རེད་ཅེས་བརྗོད་པ་ཡིན། གང་ལྟར་ལྟ་བ་གང་འདོད་དང་མ་འདོད་དེ་མི་སྒེར་སོ་སོ་ལ་རག་ལས་ཡོད། ཆོས་ལུགས་ཆེ་ཁག་ཚང་མས་བྱམས་པ་དང་བཟོད་བསྲན། རང་ཁྲིམས་རང་སྲུང་བཅས་གསུངས་ཀྱིན་ཡོད། འཇིག་རྟེན་བཀོད་པ་པོའི་རྣམ་གཞག་འདོད་མཁན་དང་། ལས་རྒྱུ་འབྲས་ཀྱི་རྣམ་གཞག་འདོད་མཁན་གང་ཡིན་ཡང་དམིགས་ཡུལ་ནི་མི་ལ་ཕན་པ་བསྒྲུབ་རྒྱུ་རེད། དེར་བརྟེན་ངོས་ཀྱིས་ཆོས་ལུགས་མཐུན་འབྲེལ་ལ་དམིགས་བསལ་གྱིས་འབད་བརྩོན་བྱེད་ཀྱི་ཡོད།
ནང་ཆོས་དང་ཧིན་རྡུའི་གསང་སྔགས་ལའང་ཐུན་མོང་གི་ཆ་མང་པོ་ཡོད། རི་ལ་སྡོད་མཁན་གྱི་ཧིན་རྡུའི་ཉམས་ལེན་པ་རྣམས་དང་ལྷན་དུ་གོ་བསྡུར་བྱ་རྒྱུའི་འདོད་པ་ཆེན་པོ་ཡོད། ལོ་འཁོར་བཅུ་གཉིས་མཚམས་ལ་ཐེངས་རེ་འཚོགས་བཞིན་པའི་ཧིན་རྡུའི་ཆོས་ཀྱི་འདུ་ཚོགས་ཆེན་མོར་ Mahakumbh Mela ཨ་ཤོ་ཀ་སིངྒལ་ལགས་ཀྱིས་མགྲོན་འབོད་གནང་བ་བཞིན་ངོས་རང་ཡང་བསྐྱོད་རྒྱུའི་འདུན་པ་ཆེན་པོ་བྱུང་ཡང་། མཐའ་མར་གནམ་གཤིས་ཀྱི་རྐྱེན་གྱིས་སླེབས་མ་ཐུབ་པར་ཕམ་པོ་བྱུང་། གོ་སྐབས་འདི་ལྟ་བུར་ང་ཚོས་ཆོས་ལུགས་ཕན་ཚན་གོ་རྟོགས་སྤེལ་རེས་ཀྱིས་གུས་བརྩི་ཡོང་བ་དང་། གུས་བརྩི་ནི་མཐུན་འབྲེལ་ཡོང་བའི་གཞི་རྩ་ཡིན། ཅེས་སོགས་བཀའ་སློབ་སྩལ་བ་དང་། དེ་རྗེས་སྭ་མི་ངྷ་ཡ་ནནྡསཱ་རཱ་སུ་ཝ་དི་ Swami Dayanand Sarasvati དང་ཨ་ཤོ་ཀ་སིངྒལ་སོགས་དང་། དེ་བཞིན་མོ་ཧན་རའོ་བྷ་རྒ་ཝ་ཏས་༧གོང་ས་མཆོག་གི་འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས་གལ་ཆེན་ཡིན་པའི་སྐོར་གྱི་བཀའ་སློབ་གསུང་བཤད་ལ་ཆེ་བསྟོད་དང་ངོས་ལེན་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ་དང་། མཐའ་མར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་ན་རེ་ཤ་ཀུ་མར་Naresh Kumar གྱིས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་སྟེ་ཉིན་དང་པོའི་ཚོགས་འདུ་མཇུག་སྒྲིལ་ཡོད་པ་རེད།
ཡོང་ཁུངས་༧གོང་ས་མཆོག་གི་དྲ་ཚིགས།