༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༢ ཉིན་༸གོང་ས་མཆོག་གིས་སྔ་དྲོ་ཐོག་མར་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་སི་པི་རིང་ཌེལ་སློབ་གྲྭ་ Springdales School ཞེས་པ་དེར་ཆིབས་སྒྱུར་བསྐྱངས་ནས་དགེ་ལས་སློབ་ཕྲུག་ཚོར་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་སྐོར་བཀའ་སློབ་སྩལ་ཡོད་པ་རེད། 

   དེ་ཡང་༧གོང་ས་མཆོག་སློབ་གྲྭའི་ནང་༸ཞབས་སོར་འཁོད་སྐབས་སློབ་སྤྱི་ལྕམ་སྐུ་ཨ་མི་ཏཱ་མུལ་ལ་ཝ་ཏལ་ Principal, Mrs Ameeta Mulla Wattal གཙོས་འབྲེལ་ཡོད་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས།དེ་རྗེས་སློབ་གྲྭ་དེ་ཐོག་མར་གསར་འཛུགས་གནང་མཁན་དགུང་གྲངས་ ༩༠ སོན་པའི་ལྕམ་སྐུ་རཱཇ་ནི་ཀུ་མཱར་ Mrs Rajni Kumar དང་འབྲེལ་ཡོད་སློབ་སྤྱི་གཞན་ཁག་བཅས་ལ་མཇལ་ཁ་སྩལ་བ་དང་།  སློབ་གྲྭ་འདི་ནི་ལྕམ་སྐུ་རཱཇ་ནི་ཀུ་མཱར་གྱིས་ཕྱི་ལོ་ ༡༩༥༥ ལོར་གསར་འཛུགས་གནང་སྟེ། སློབ་ཕྲུག་ཚོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་བློ་རིག་གོང་འཕེལ་གཏོང་ཐུབ་པ་བྱ་རྒྱུ་དང་། རིས་མེད་ཀྱི་ལྟ་གྲུབ་གཞིར་བཞག་ཐོག་བྱམས་བརྩེ་དང་དྲང་བདེན་སོགས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་བའི་ཆེད་དུ་དམིགས་པ་ཞིག་ཡིན་འདུག

    དེ་ནས་༸གོང་ས་མཆོག་སྡིངས་ཆའི་ཐོག་༸ཞབས་སོར་འཁོད་བསྟུན། ཆེ་བསྟོད་ཀྱི་གོས་རས་དང་སྡོང་བུ་ཞིག་ཕྱག་རྟགས་སུ་ཕུལ་བ་དགྱེས་བཞེས་མཛད་དེ་སྣང་གསལ་ཞལ་ཕྱེས་ཀྱིས་མཛད་སྒོ་དབུ་འབྱེད་གནང་བ་དང་། སློབ་མ་ཁག་གཅིག་གིས་རིས་མེད་ཀྱི་གླུ་དབྱངས་བཏང་། དེ་རྗེས་སློབ་སྤྱི་མཆོག་གིས་སློབ་གྲྭའི་དགེ་ལས་དང་སློབ་ཕྲུག་བཅས་ཀྱིས་ཡུན་རིང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སློབ་གྲྭར་གདན་འདྲེན་ཞུ་རྒྱུའི་འདོད་དོན་ཡོངས་སུ་གྲུབ་པར་བརྟེན་ཧ་ཅང་སྐལ་པ་བཟང་པོ་བྱུང་།ཞེས་སོགས་གསུང་བཤད་གནང་གྲུབ་རྗེས། ༸གོང་ས་མཆོག་ལ་བཀའ་སློབ་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར་༧གོང་ས་མཆོག་གིས་བཀའ་ཕེབས་དོན།  བཀུར་འོས་སློབ་སྤྱི་དང་དགེ་རྒན་རྣམ་པ། སྤུན་ཟླ་རྒན་བགྲེས་དང་། དེ་བཞིན་གཞོན་རབས་ཡོངས་ལ་ཐོག་མར་ངོས་ནས་འཚམས་འདྲི་ཞུ་རྒྱུ་ཡིན།

   ངོས་རང་རྒྱུན་དུ་མི་སུ་དང་ཐུག་ཀྱང་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་བསམ་པ་དྲན་བཞིན་ཡོད།  ང་ཚོ་ཚང་མར་མིའི་ཀླད་པ་ཡོད་མཁན་གཅིག་མཚུངས་ཡིན་སྟབས།རྣམ་དཔྱོད་ཀྱང་ཡོད་པ་གཅིག་མཚུངས་ཆགས་ཡོད། འོན་ཀྱང་སྐབས་རེ་རྣམ་དཔྱོད་དེས་རྙོག་གྲ་བཟོ་བཞིན་ཡོད་ཀྱང་གཞི་རྩའི་འགྲོ་བ་མིའི་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན། ཚན་རིག་པས་ཚོད་ལྟའི་ཉམས་ཞིབ་བྱས་འབྲས་སུ་བྱིས་པ་ཆུང་ངུ་ཚོས་ཀྱང་གཞན་ལ་གནོད་བསྐྱལ་རྒྱུ་ལས་ཕན་ཐོགས་བྱེད་རྒྱུར་དགའ་བ་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་བར་བརྟེན། དེ་ནི་འགྲོ་བ་མིའི་རིགས་སྤྱི་ཚོགས་ལ་རྟེན་ནས་འཚོ་དགོས་པའི་གནས་བབ་དང་ཡོངས་སུ་མཐུན་ཡོད། སྤྱི་ཚོགས་སེམས་ཅན་ནི་གཅིག་ལ་གཅིག་རྟེན་གྱིས་འཚོ་དགོས་པས་ང་ཚོར་མཉམ་འདུས་བྱེད་དགོས་པའི་འདུ་ཤེས་སླེབས་ཡོད་པ་རེད།  གཞན་གྱི་བདེ་སྡུག་ལ་བསམ་བློ་གཏོང་ཐུབ་པ་ཞིག་བྱུང་ན་ང་ཚོའི་རྣམ་དཔྱོད་དེ་ཡང་མཐུན་ཕྱོགས་སུ་བཀོལ་ཐུབ། 

    དེང་རབས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོར་དམིགས་པར་བརྟེན། དེས་བྱམས་བརྩེའི་བསམ་བློ་གོང་སྤེལ་གཏོང་རྒྱུར་འདང་གི་མེད། ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་བསླབ་བྱ་གླེང་ན་ཆོས་ལུགས་དང་འབྲེལ་བ་བཟོ་བཞིན་པའི་གནས་སྟངས་ཡོད། ལྟ་གྲུབ་འདྲ་མིན་ཡོད་ཀྱང་གཞི་རྩའི་ཆོས་ལུགས་གཙོ་གྲས་ཚང་མས་བྱམས་བརྩེའི་ཉམས་ལེན་སྐོར་གསུང་བཞིན་ཡོད། བྱམས་བརྩེ་ཉམས་ལེན་བྱེད་པར་བཟོད་སྲན་དང་འདོད་ཆུང་ཆོག་ཤེས། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ། རང་ཁྲིམས་སྲུང་རྒྱུ་སོགས་ལག་བསྟར་བྱེད་དགོས། བཟང་སྤྱོད་དེ་དག་ཉམས་ལེན་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་ཡིན། འགྲོ་བ་མི་དུང་ཕྱུར་བདུན་ཅུའི་ནང་ནས་དུང་ཕྱུར་གཅིག་ཆོས་ཁས་མི་ལེན་མཁན་ཡིན་པས་ཁོ་ཚོར་བཟང་སྤྱོད་སྐོར་གྱི་ཤེས་ཡོན་སྤེལ་བར་ཐབས་ཤེས་ཇི་ལྟར་བྱེད་དགོས། དེ་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཐབས་ལམ་བཙལ་དགོས་པ་ཡིན། རྒྱ་གར་ནང་ཐབས་ལམ་འདི་སྔ་མོ་ནས་ལག་ལེན་བསྟར་ཡོད།  དེ་ཡང་རིས་སུ་མ་ཆད་པའི་ཆོས་ལུགས་ཚང་མར་གུས་བརྩི་བྱེད་པ་མ་ཟད། ཆོས་ཁས་མི་ལེན་མཁན་ལའང་གུས་བརྩི་བྱེད་བཞིན་ཡོད། འདི་ནི་རྒྱ་གར་ལ་གནའ་སྔ་མོ་དར་བའི་སྲོལ་རྒྱུན་ཞིག་རེད།  ཆོས་དང་མ་འབྲེལ་བའི་ཐབས་ལམ་འདི་ནི་ཚང་མས་མོས་པ་ཡོང་བ་ཞིག་རེད་བསམ་གྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བཀའ་འདྲི་ཁག་ཅིག་ལ་བཀའ་ལན་སྩལ།

    ཉིན་རྒྱབ་༸གོང་ས་མཆོག་ཨཱ་ནན་ཏ་ཨེ་སེ་པེན་ Ananta Aspen Centre ཞེས་པའི་སྤྱི་ཚོགས་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐད་ཤེས་ཡོན་ཁྱབ་སྤེལ་གཏོང་མཁན་གྱི་ཁེ་མེད་རང་དབང་ཅན་གྱི་ཚོགས་པ་དེར་ཆིབས་སྒྱུར་བསྐྱངས་ནས་ཚོང་པ་དང་གསར་འགོད་པ། དེ་བཞིན་ཆབ་སྲིད་པ་དང་མཁས་པ་སོགས་ལ་འགྲོ་བ་མིའི་བཟང་སྤྱོད་དང་། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས། བོད་ཀྱི་ཐུན་མིན་རིག་གཞུང་སྲུང་སྐྱོབ་བཅས་སྐུ་ཚེའི་རླབས་ཆེན་གྱི་མཛད་འགན་གཙོ་བོ་གསུམ་གྱི་སྐོར་ལ་བཀའ་སློབ་སྩལ་དང་བཀའ་འདྲི་ཁག་ཅིག་ལ་བཀའ་ལན་སྩལ་ཡོད་པ་རེད། 

    དེ་ཡང་༧གོང་ས་མཆོག་བཀའ་སློབ་གསུང་བཤད་གནང་དོན། འགྲོ་བ་མིའི་ནང་གི་བཟང་པོའི་ཡོན་ཏན་དེས་ལུས་ཀྱི་འཕྲོད་བསྟེན་ཡག་པོ་ཡོང་བའི་གཞི་རྩ་བྱེད་ཀྱི་ཡོད། བདེ་སྐྱིད་འབྱུང་ཁུངས་ཀྱི་མཐར་ཐུག་ནི་རང་རྒྱུད་ལ་ཡོད། སྤྱི་ཚོགས་སེམས་ཅན་ཡིན་པའི་ཆ་ནས་བྱམས་བརྩེ་ཡིས་འགྲོ་བ་མིའི་རིགས་མཉམ་འདུས་བྱེད་ཐུབ་ཀྱི་ཡོད། ཅེས་དང་།  

    ཆོས་ལུགས་ཚང་མ་ལྟ་གྲུབ་མི་འདྲ་བ་ཡིན་ཡང་དམིགས་ཡུལ་གཅིག་མཚུངས་ཡིན་པའི་སྐོར་བཀའ་སློབ་དང་།  ཨ་མ་ཊེ་རེ་སཱ་Mother Teresa དང་། ཁོང་གི་ཡི་ཤུ་གཞན་ཕན་དགེ་རྩ་Missionaries of Charity ཚོགས་པས་རང་ཉིད་ཀྱི་ཆོས་ལུགས་ལ་བརྟེན་ནས་དབུལ་ཕོངས་ཉམ་ཐག་གི་བདེ་དོན་ལ་ཕྱག་ལས་གནང་བར་དཔེ་མཚོན་དུ་སྦྱར་ཏེ་བཀའ་སློབ་སྩལ་བ་དང་། 

     དེ་བཞིན་༧གོང་ས་མཆོག་བོད་པ་ཞིག་ཡིན་པ་དང་། བོད་རིགས་ཡོངས་ཀྱིས་ཡིད་ཆེས་བློ་གཏད་བྱེད་ཀྱི་ཡོད་པར་བརྟེན་ཆབ་སྲིད་ཀྱི་སྐུ་དབང་བཞག་ཟིན་ནའང་། བོད་ཀྱི་རིག་གཞུང་ཐད་ད་དུང་ཐུགས་ཁུར་གནང་བཞིན་པའི་སྐོར་བཀའ་གནང་བ་དང་། བོད་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་ཞིག་ཡོད་པ་དེར་ཐོས་བསམ་སྒོམ་གསུམ་བྱེད་པའི་ཐོག་ནས་རྒྱུན་འཛིན་བྱས་ཡོད་ཅིང་། དེས་བོད་རིགས་ཙམ་མ་ཡིན་པར་རྒྱ་ནག་ནང་གི་ནང་པའི་ཆོས་བྱེད་མཁན་མི་གྲངས་ས་ཡ་མང་པོར་ཕན་ཐོགས་ཐུབ་པ་དང་། བོད་ཀྱི་སྐད་ཡིག་ནི་ནང་པའི་ཆོས་འགྲེལ་བཤད་མཐིལ་ཕྱིན་པ་རྒྱག་ཐུབ་པའི་སྐད་ཡིག་ཆགས་ཡོད་པ། དེ་བཞིན་༧གོང་ས་མཆོག་གིས་བོད་ཀྱི་ཁོར་ཡུག་ཐད་ཐུགས་འཚབ་ཡོད་སྐོར་དང་འབྲེལ་ཨེ་ཤ་ཡའི་མི་གྲངས་ཐེར་འབུམ་ལྷག་བོད་ནས་བྱུང་བའི་རྒྱུགས་ཆུ་ཁག་ལ་བརྟེན་ནས་འཚོ་བཞིན་ཡོད་ཅེས་སོགས་བཀའ་སློབ་སྩལ།

    མཐར། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པས་ཚང་མས་འཛམ་གླིང་བཟང་ཕྱོགས་སུ་བསྒྱུར་ཐུབ་པ་བྱ་རྒྱུ་དང་། འཛམ་གླིང་ཞི་བདེའི་ཆེད་དུ་འགན་ཁུར་ལེན་དགོས་ཞེས་སོགས་བཀའ་གནང་རྗེས་བཀའ་འདྲི་ཁག་ཅིག་ལ་བཀའ་ལན་གནང་སྟེ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་། བྱམས་བརྩེའི་གལ་གནད། དེ་བཞིན་རྒྱ་ནག་ནང་དུ་རིམ་བཞིན་འགྱུར་བ་འགྲོ་བཞིན་པའི་སྐོར། མ་འོངས་པའི་འཛམ་གླིང་གང་འདྲ་ཞིག་ཡོང་མིན་ད་ལྟའི་མི་རྣམས་ཀྱི་བྱེད་བབ་ལ་རག་ལས་པ་དང་།  བདེ་སྐྱིད་དོན་དུ་གཉེར་གྱི་ཡོད་ན་ནང་སེམས་ཀྱི་རྣམ་གཞག་གི་འགྲོ་སྟངས་ཤེས་པ་བྱས་ཏེ་བསམ་བློ་ཉོན་མོངས་པའི་རིགས་སྤོང་བ་དང་། བཟང་པོའི་ཡོན་ཏན་གྱི་རིགས་གོང་འཕེལ་བཏང་སྟེ་སེམས་ཀྱི་ཞི་བདེ་རང་རྒྱུད་ནས་འཚོལ་དགོས། ཞེས་སོགས་བཀའ་ལན་གནང་ཡོད་པ་དང་། ཚེས་ ༢༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་ལེགས་པར་གྲུབ་ནས་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་ལ་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་དུ་༧ཞབས་སོར་བདེ་བར་འཁོད་ཡོད་པ་རེད།

ཡོང་ཁུངས་༧གོང་ས་མཆོག་གི་དྲ་ཚིགས།

དཔྱད་མཆན་སྤེལ།

%d