སེམས་ངོགས་སུ་བཀྲ་བའི་འཇའ་ཚོན།

འབའ་སྲས།

ཀྱེ་ཀྱེ་རྒྱང་ཐག་རིང་བའི་ཡུལ་ཞིག་ན།།
སྙིང་གི་དཀྱིལ་ལ་ཕབ་པའི་རི་མོ་སྟེ།།
འཇའ་ཡི་གཟུགས་སུ་བཀྲ་བའི་ཡིད་འོང་མ།།
ཁོ་བོའི་སྙིང་གཏམ་རྩི་ཆང་ཞལ་གྱིས་བཞེས།།

ཁྱོད་རང་ཤེས་ནས་ལོ་ཡི་ཕྲེང་ཐག་ལ།།
སྙིང་གཏམ་ཟླ་བའི་ཕྲེང་རྡོག་མ་བརྩེགས་ཀྱང་།།
དགའ་བ་གསེར་གྱིས་བཞེངས་པའི་མེ་ལོང་དུ།།
རང་བྱུང་བབས་པའི་ལྷ་མོ་ཁྱོད་གཅིག་གྲང་།།

ཁྱོད་ཀྱིས་བཙན་ཀྱིས་བཀུགས་པ་མ་ཡིན་ཞིང་།།
བདག་གིས་ཤུགས་ཀྱིས་འཐེན་པ་ཡིན་མིན་པའི།།
སྙིང་གཏམ་མདའ་ལ་ཚིག་གི་སྒྲོ་ལྡན་ཅན།།
བརྩེ་དུང་རྔོན་པ་འདི་ཡིས་འཕེན་པར་བྱེད།།

འཇིགས་རུང་བྲག་ལ་མཆོངས་པ་ང་ཡང་འཇིགས།།
ཚེར་མའི་ལམ་དུ་བསྐྱོད་པར་ཁྱོད་ཀྱང་སྐྲག །
ཡིན་ཡང་འཇིག་རྟེན་སྣང་བའི་རལ་གྲི་འདིས།།
འཇིགས་མེད་ལྕགས་ཀྱི་སྙིང་ཞིག་བདག་ལ་བྱིན།།

བྲག་རི་ཡིན་ན་ཐོག་གིས་གཏོར་ཆོག་ལ།།
རྒྱ་མཚོ་ཡིན་ན་ཚ་བས་སྐམ་འགྱུར་མོད།།
དམར་ཆུང་སྙིང་ན་འབར་བའི་མེ་དཔུང་འདི།།
གསོད་པའི་ཆུ་ཡི་འཕྲུལ་འཁོར་གང་དུ་འཚོལ།།

དེ་བས་འཇིག་རྟེན་སྣང་བ་བསམ་ནག་འདིས།།
ཉེས་མེད་ང་ལ་བརྩེ་བའི་ནག་ཉེས་འགེལ།།
བརྩེ་དུང་བཙོན་ལ་ཚུད་པའི་བཙོན་པ་ངས།།
ཉམ་ཆུང་ཆོ་ངེ་འདོན་པ་ཐེངས་གཅིག་སོམས།།

རྒྱང་རིང་རྒྱང་རིང་ཡིན་པའི་ས་མཐའ་ནས།།
ཐག་ཉེ་ཐག་ཉེ་སྣང་བའི་སྙིང་ཉེ་མ།།
མིག་གི་ལམ་ནས་ཐེངས་གཅིག་མཐོང་མིན་ཡང་།།
བདག་གི་སེམས་ངོར་གཟུགས་བྱེད་སྟོང་གི་བརྙན།།

བདག་གི་མདུན་དུ་ཁྱོད་ནི་མཐོང་བ་འདྲ།།
ང་ཡི་རྒྱབ་ཏུ་ཁྱོད་ནི་ཡོད་པ་འདྲ།།
མངོན་སུམ་མེད་ཀྱང་དྲན་པའི་འཕྲུལ་སྣང་གིས།།
ཨུ་ཤུ་དབུགས་རིང་ཤོར་བ་ཉུང་ཉུང་མིན།།

འགྲོ་སའི་ལམ་ནི་ཚངས་པའི་ཐིག་འདྲ་ཡང་།།
ཁྱོད་ནི་དྲན་ན་རྐང་པ་འཁྱོག་ལ་སྤོ།།
མིག་གིས་མདུན་ལ་བལྟས་ཏེ་སོང་ན་ཡང་།།
ཁ་ཕྱོགས་ནོར་ནས་སོང་བ་ཐེངས་མང་ཡིན།།

དྲན་གྱིན་དྲན་གྱིན་དྲན་པ་ཐོར་ལ་ཁེལ།།
བསམ་བཞིན་བསམ་བཞིན་སེམས་པ་སྨྱོ་ལ་ཁེལ།།
བརྩེ་བའི་བྲག་རི་འདི་འདྲ་འཁུར་དགོས་ན།།
ཐག་རིང་བུ་ཚ་ང་ལ་སྙིང་རྗེ་འོ།།

སྙིང་ཆུང་དམར་བོ་ལྡིང་བའི་སྒྲ་ཉན་ན།།
ཁྱོད་ཉིད་སྙིང་གི་གཡས་དང་གཡོན་ན་འདུག །
བློ་སེམས་ནང་ལ་བཀུགས་ནས་འདང་བརྒྱབས་ན།།
མིག་ཀོང་མཆི་མས་སྔས་མགོར་མཚོ་མོ་བསྐྱིལ།།

གྲོགས་ལ་ཁ་བརྡ་བྱས་ཀྱང་ཁྱོད་མི་བརྗེད།།
ཆུང་མའི་མགྲིན་ལ་འཁྱུད་ཀྱང་ཁྱོད་མི་ཡལ།།
བརྙན་འཕྲིན་གློག་ཀླད་བལྟས་ན་དེ་མ་ཡིན།།
གང་ལ་བལྟས་ན་ཁྱོད་ཀྱི་གཟུགས་བརྙན་ཤར།།

ཆང་གིས་བཟི་བར་བྱས་ན་དེ་མ་རེད།།
ཐ་མག་རྔམ་འཐེན་བྱས་ན་དེ་མི་འགྲིག །
རང་གི་སེམས་པ་གཡེང་ལ་ཐབས་བཙལ་ཀྱང་།།
ཁྱོད་ཉིད་བརྗེད་པའི་ཐབས་ཤིག་རྙེད་མ་གྱུར།།

བདག་གི་ལུས་ལ་གཤོག་པ་ཐོགས་གྱུར་ཏེ།།
སྐད་ཅིག་ཉིད་དུ་ཁྱོད་སར་འཕུར་ན་འདོད།།
སྟོང་སེམས་འདི་འདྲ་ཡིད་ལ་འཁོར་བ་ཡིས།།
ཁྱོད་ལ་ཇེ་དགའ་དྲན་པ་ཇེ་སྡུག་རེད།།

རི་རབ་ཁང་ཁྱིམ་ས་གཞི་འཇིག་གྱུར་ཏེ།།
མི་མེད་ལུང་སྟོང་ཞིག་གི་ཁུག་ཁྱིམ་ནས།།
ངེད་གཉིས་གཅིག་པུ་ལྷག་ན་དགའ་ཨང་ཞེས།།
སྡིག་སེམས་འདི་འདྲ་སེམས་ལ་འཁོར་ནས་ཡོང་།།

རང་རང་ས་ནས་བཟའ་བའི་དབང་དུ་ཤོར།།
ཁྱིམ་གཞི་ཆུང་ཆུང་ཞིག་གི་འགན་འཁྲི་ཡོད།།
འོན་ཀྱང་འཇིག་རྟེན་སྣང་བ་སྡིག་ཅན་འདིས།།
བརྩེ་སེམས་དམར་བོའི་ཁྲག་དམར་བཞུར་དུ་བཅུག །

ཨ་ཙི་ཁྱོད་ལ་བྲིས་པའི་བརྩེ་གཏམ་འདི།།
ཁྱོ་བོས་མཐོང་ན་ཁྱོད་ལ་སྡང་ཞིང་ཁྲོ།།
ཆུང་མས་ཐོས་ན་ང་ལ་སྐྱོན་དུ་འགྱུར།།
དེ་བས་མཚམས་འཇོག་ཁྱོད་ལ་བདེ་སྐྱིད་ཤོག །

༢༧/༡༡/༡༤ ཉིན་ལམ་བར་ནས།

ངེད་དྲ་ཚིགས། 

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s