wokar.org
འོད་ཀྲིག་ཀྲིག་གི་རྒྱ་མཚོ། གྲང་བསིལ་བསིལ་གྱི་མཚོ་རླུང་། - འོད་དཀར་དྲ་ཚིགས།
༈ འོད་ཀྲིག་ཀྲིག་གི་རྒྱ་མཚོ། གྲང་བསིལ་བསིལ་གྱི་མཚོ་རླུང་། རྩོམ་མཁན། རྡོ་རྗེ་རིན་ཆེན། (སྐྱ་རེངས) ཐོས་བྱུང་། ངས་མཚམས་མེད་པར་ཐོས་བྱུང་། རྒྱ་མཚོའི་ཕ་རོལ་ནས་འཕྱོ་འོངས་པའི་རླབས་སྒྲ་ཞིག་ཐོས་བྱུང་། དེ་ནི། སུན་སྣང་གིས་དཀྲུགས་པའི་ངའི་ཡ་ཆུང་ལ་ཟུག་ཅིང་། ཁེར་རྐྱང་གིས་གདུང་བའི་ངའི་བྲང་གཞུང་ལ་འདྲེས། དངུལ་ཆུ་བཞིན། འོད་ཀྲིག་ཀྲིག་གི་རྒྱ་མཚོ། ཟིལ་ཐིགས་ལྟར། གྲང་བསིལ་བསིལ་གྱི་མཚོ་རླུང་། ཡོད་ཚད། གསང་བ་ལྐོག་གྱུར་གྱི་ཁོ་མོ་བཞིན། དོན་ནུབ། བདག་གི་བླ་སྲོག་བཅིངས་པར་གྱུར། ཟླ་འོད་ཁོ་ནས། ད་གཟོད་ང་དང་ཁོ་མོའི་གཏམ་རྒྱུ་ཤེས་ཤིང་། རྒྱ་མཚོ་ཁོ་ནར། ད་གཟོད་ངས་ང་དང་ཁོ་མོའི་སྙིང་གཏམ་བརྗོད་མྱོང་། ཆུ་རླབས་སོང་ཤུལ་གྱི་བྱེ་ཁུལ་དུ། ངས་ཁོ་མོའི་མིང་བྱང་བྲིས་ཤིང་། དཀར་འོང་འོང་གི་བྱེ་ཐང་དུ། ངས་ཁོ་མོའི་རྐང་རྗེས་བཙལ། སྟངས་ཀ་དང་བྱས་ཏེ་གཞུར་ཡོང་བའི་མཚོ་རླབས་ཀྱིས། ལ་ལ་ཆུང་ཞིང་། ལ་ལ་སྙིང་ཉེ་བའི་རྐང་རྗེས་དག་སུབ་ཀྱིན། ཡང་ནས་ཡང་། ངའི་རྐང་མཐིལ་ལ་མཆུ་གླན་བཞིན། སྙིང་ཉེ་བའི་ཁོ་མོ་ལྟར། བདག་ལ་དམ་དུ་འཁྱུད་པར་བརྩོན། ཁྲུང་ཁྲུང་ལྟར་དཀར་བོའི་ཆུ་སྐྱར་དག རྒྱང་དུ་ཕུར་རྗེས། ནག་ཡོར་ཡོར་གྱི་མཚོ་མོ་འདིས། ད་དུང་ང་ལ་ཅི་ཞིག་བརྗོད་ཀྱིན་པ་འདྲ་ནའང་། ཁེར་རྐྱང་གི་གླིང་ཕྲན་འདིའི་སྟེང་། རྒྱང་རིང་དུ་ངས་ཇི་ལྟར་རྣ་བ་གླགས་ཀྱང་། རླབས་སྒྲ་ཙམ་ལས། སྔར་བཞིན་ངས་ཅི་ཡང་མི་ཐོས། 2014/11/24/ ངེད་དྲ་ཚིགས།
དྲ་བདག