བེ་རི་རིག་རྡོར།

      གནས་ཆེན་དོལ་པོ་པན་ཚང་ཀ་ཡོ་རི་ཞེས་གྲགས་པ་དེ་ནི།  བོད་སྟོད་ཕྱོགས་མངའ་རིས་སྐོར་གསུམ་གྱི་ནང་ཚན་སྤུ་རངས་གངས་ཀྱིས་བསྐོར་བའི་སའི་ཆ་ཤས།  སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པའི་གནས་ཆེན་ལིམ་བི་ནིའི་ནུབ་ཕྱོགས།  དོལ་པོ་པན་ཚང་ལུང་བའི་སྤོས་མདོའམ་ཀ་ཡོ་རི།  དེང་དུས་སྤོས་ཀ་ཡོ་ཞེས་གྲགས་པ།  ད་ལྟ་བལ་བོའི་རྒྱལ་ཁོངས་སུ་གཏོགས་པ་དེ་ཡིན་ལ།  གནས་མཆོག་དེ་ནི་རྒྱལ་བའི་ལུང་གིས་གསལ་བར་བསྟན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ་སྐུ་བལྟམས་པའི་གནས་རེད། 

འདི་ནས་ཡར་བརྩིས་པའི་མི་ལོ་ ༢༥༠༠ ལྷག་གི་ཡར་སྔོན་ཞིག་ཏུ་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྒྱ་གར་མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་བཞུགས་ཏེ།          འཁོར་གྱི་གཙོ་བོ་འཕགས་པ་འོད་སྲུང་དང་།  ཀུན་དགའ་བོ།  ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་སོགས་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུར་འཕགས་པ་རྔ་བོ་ཆེ་ཆེན་པོའི་

༼སྡེ་དགེ་བཀའ་འགྱུར་གླེགས་བམ།  ཛ  གཤམ་གྱི་གུག་རྟགས་ནང་གི་ཨང་ཡིག་རྣམས་ནི་བོད་ཡིག་ཤོག་ངོས་དང་།  དབྱིན་ཡིག ab ཉིན་སྲིབ་ཀྱི་རྟགས་ཡིན།༽

     མདོ་གསུངས་སྐབས།  [87a]བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མདོ་འདི་ནི་ཟབ་ཅིང་རྟོགས་པར་དཀའ་བ། ཡིད་ཆེས་ཤིང་དད་པར་དཀའ་བ།  [87b]སངས་རྒྱས་ཀྱི་གསང་བ་ཡིན་ཏེ།  ཀུན་དགའ་བོ་དེའི་ཕྱིར་འོངས་པ་མ་འོངས་པ་ཐམས་ཅད་ལ་ལྷགས་པ་ལེགས་སོ་ལྷགས་པ་ལེགས་སོ་ཞེས་ཚིག་ཏུ་མ་བརྗོད་ཅིག  ཅེས་མདོ་སྡེ་འདིའི་ཐུན་མིན་ཟབ་ཁྱད་དང་།  དེའི་སྣོད་ཀྱི་ཁྱད་པར་ནན་ཏན་དུ་བསྟན་ཅིང་།  [87b]བཀའ་སྩལ་པ། འོད་སྲུང་སེམས་ཅན་སྤུན་པ་ལྟ་བུ་མ་ཡིན་པ་དེ་དག་རྔ་པོ་ཆེ་ཆེན་པོ་ཞེས་བྱ་བའི་མདོ་འདི་ཉན་པར་འགྱུར་རོ།།  ཅེས་འཁོར་གྱི་ནང་དུ་ངེས་དོན་མདོ་སྡེ་འདིའི་སྣོད་མིན་གདུལ་བྱ་ཡོད་མེད་བརྟག་དཔྱད་བྱེད་དགོས་ཚུལ་བཀའ་བསྩལ།  དེ་བཞིན་དུ།  འོད་སྲུང་ཆེན་པོས།  “[88a]བཅོམ་ལྡན་འདས་འཁོར་འདི་ཐམས་ཅད་ནི་ཚུལ་ཁྲིམས་བསྲུང་བ། ཚུལ་དང་འཐུན་པ་ལགས་ཏེ། འཁོར་གྱི་དཀྱིལ་འཁོར་ན་དེ་དག་ནི་ཙན་དན་གྱི་སྙིང་པོ་འདྲ་བ་ཤ་སྟག་ལགས་སོ།།  ཞེས་འཁོར་དག་པ་འབའ་ཞིག་ཡིན་ཚུལ་ཞུས་པས།  བཅོམ་ལྡན་འདས་ཀྱིས།  [89b]འདི་ལྟ་བུའི་མདོ་སྡེ་རྒྱ་ཆེན་པོ་མཆོག་བོར་ནས་མདོ་སྡེ་གཞན་མི་སྒྲོགས་པའི་ཤེས་རབ་ཅན།  གང་དུ་སངས་རྒྱས་རྟག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་བསྟན་པ་གཞན་ཡང་སྒྲོགས་ཤིང་མི་སྤོང་བ། བརྟན་པ། འཇིག་ཚོགས་ལ་ལྟ་བས་སྟོང་པ་སྟོང་པ་མ་ཡིན་གྱི། འདུས་བྱས་ཐམས་ཅད་རང་བཞིན་གྱིས་སྟོང་པ། ཐེར་ཟུག་མཆོག་གི་གཞི་དེ་འདོད་པ་དེ་ལྟ་བུ་ལ་སོགས་པའི་ཡོན་[90a]ཏན་ལ་བརྟེན་པ་དག་སྟེ། ཡོན་ཏན་ལྷག་མ་ནི་བསམ་གྱིས་མི་ཁྱབ་བོ།།  འོད་སྲུང་དེ་ལྟ་བས་ན་ཁྱོད་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་འཁོར་སོལ་ཅིག  ཅེས་དང་།  ཡང་།  [90b]འོད་སྲུང་དེ་བཞིན་དུ་ངའི་ཉན་ཐོས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་བསླབ་པ་ལེགས་པར་ཇི་ལྟར་བཅས་པ་ལ་ལེགས་པར་བསླབས་པ་གང་ཡིན་པ་དེ་དག་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དབང་། འདུལ་བའི་ཆོ་ག་དང་། སྤྱོད་ཡུལ་ལ་གནས་པ་དེ་དག་ལ་ནི་དེ་བཞིན་གཤེགས་པས་ལྷ་དང་མིའི་བདེ་བ་སྦྱིན་པར་མཛད་དོ།།  དེ་ལས་གཞན་པས་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་འདུད་ཕམ་པར་བྱེད་པ་གང་ཡིན་པ་དེ་[92a]དག་ལ་ནི་དེ་བཞིན་གཤེགས་པས་འཕགས་པའི་བདེན་པ་བཞིའི་རྣམ་པར་གྲོལ་བའི་ཅོད་པན་འཆིང་བར་མཛད་དོ།།  དེ་ལས་གཞན་པའི་རྒྱ་ཆེན་པོ་ལ་ལྷག་པར་མོས་པ་དེ་བཞིན་གཤེགས་པའི་སྙིང་པོའི་ཆེ་བའི་བདག་ཉིད་རྟག་པ་དང་། བརྟན་པ་དང་། ཞི་བ་དང་། ཐེར་ཟུག་པ།  འདོད་པའི་སེམས་ཅན་གང་ཡིན་པ་དེ་དག་ལ་ནི་དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐེག་པ་ཆེན་པོ་དབང་བསྐུར་བའི་ཅོད་པན་འཆིང་བར་མཛད་དོ།།  འོད་སྲུང་དེ་བཞིན་དུ་ཁྱོད་ཀྱང་དེ་རིང་ཐེག་པ་ཆེན་པོའི་དབང་བསྐུར་བའི་ཅོད་པན་བཅིངས་ཏེ།  སངས་རྒྱས་བརྒྱ་སྟོང་ཕྲག་མང་པོའི་སྤྱན་སྔ་ནས་རྔ་བོ་ཆེ་ཆེན་པོའི་མདོ་འདི་འབྱིན་པར་འགྱུར་རོ།།  དེ་ལྟ་བས་ན་འོད་སྲུང་ཁྱོད་ཀྱིས་ཀྱང་ད་ནི་ང་འདས་ནས་མདོ་འདི་འབྱུང་བའི་རིགས་སོ།།

ཞེས་རྒྱུད་ཡོངས་སུ་སྨིན་པའི་གདུལ་བྱ་ཁྱད་པར་ཅན་ལ་ཆོས་ཐམས་ཅད་ཀྱི་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་རྟག་བརྟན་ཐེར་ཟུག་མཆོག་གི་གཞི་མ་སྦས་ཤིང་གསལ་བར་བསྟན་པ་མ་ཟད།  མ་འོངས་པའི་དུས་སུ་གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ཉིད་མདོ་སྡེ་འདི་འཆད་པའི་སྐྱེས་བུ་མཆོག་ཏུ་འགྱུར་ཚུལ་ལུང་གིས་གསལ་བར་བསྟན་པ་ནི།  ཡང་མདོ་དེ་ཉིད་ལས།  [122b]དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།  འོད་སྲུང་ཁྱོད་ནི་ཞིང་སྲུང་བ་ལྟ་བུར་མ་ནུས་ཏེ། ཞིང་སྲུང་བཞིན་དུ་ཐབས་ལ་མཁས་པའི་གཞོན་ནུས་མདོ་འདི་ཐམས་ཅད་མཉན་ནས་ལུས་ལ་ཐོགས་ཏེ། འཇིག་རྟེན་དུ་མངོན་སུམ་དུ་འབྱིན་པར་འགྱུར་རོ།།  དེ་ནི་ངས་ས་བདུན་པ་ལ་བཞག་སྟེ་མི་ཕལ་པ་ཞིག་ཏུ་བྱིན་གྱིས་བརླབས་ནས་གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ་དེའི་ཚེ་ལྷོ་ཕྱོགས་སུ་ཡུལ་མུ་རུན་དུ་ཞེས་བྱ་བ་ན་ཆུ་བོའི་འགྲམ་ལ་རྟེན་པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་བྱ་བ་དང་།  ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བར་ཀ་ཡོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་གྱུར་ཏེ། ཞིང་སྲུང་བའི་ཐབས་མཁས་པས་ངའི་དགེ་སྦྱོང་གཡེལ་བ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས་དེ་དག་བསྡུ་བའི་དངོས་པོས་བསྡུས་ཏེ། མདོ་འདི་རྙེད་ནས་ལུས་ལ་བཅངས་ཏེ། དགེ་འདུན་དག་པར་བྱས་ནས་དང་པོ་རུང་བ་མ་ཡིན་པའི་གཞི་ཆེན་པོ་ཡོངས་སུ་སྤངས་ཏེ་ཆོས་ཆེན་པོ་སྒྲོགས་པར་འགྱུར།  རྔ་བོ་ཆེ་ཆེན་པོའི་མདོ་ལས་གསུངས་པའི་ཆོས་ཀྱི་དུང་དང་། ཆོས་ཀྱི་རྒྱལ་མཚན་སྒྲོགས་པར་འགྱུར་རོ།།  [123a]གཉིས་པ་ཐེག་པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ།།  གསུམ་པ་སེམས་ཅན་གྱི་ཁམས་རྟག་པའི་གཏམ་དང་། རྔ་བོ་ཆེ་ཆེན་པོའི་མདོའི་གཏམ་སྨྲ་བར་འགྱུར་རོ།།  ཆོས་ཆེན་པོའི་རྔ་བོ་ཆེ་རྡུང་བར་འགྱུར། ཆོས་ཆེན་པོའི་དུང་འབུད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར། ངའི་མངོན་སུམ་དུ་གོ་གྱོན་པར་འགྱུར་རོ།།  ཞེས་མ་འོངས་པའི་དུས་སུ་གཞོན་ནུ་ལི་ཙ་བཱི་དེ་ཉིད།  ཀ་ཡོ་རི་ཞེས་བྱ་བའི་གནས་དེར་སངས་རྒྱས་ཀྱི་མཚན་འཆང་བའི་དགེ་སློང་ཞིག་གི་སྐྱེ་བ་བཞེས་ཏེ།  ངེས་དོན་མདོ་སྡེ་འདི་ཇི་བཞིན་འཆད་སྤེལ་གནང་ཚུལ་གསལ་བར་ལུང་བསྟན་པ་ནི་ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ་y beདང་།  ཁོང་སྐུ་བལྟམས་པའི་གནས་དོལ་པོ་པན་ཚང་ཀ་ཡོ་རི་འདི་ཉིད་ཡིན།  གོང་གི་ལྷོ་ཕྱོགས་གསུང་པ་ནི་འཛམ་བུ་གླིང་གི་ཕྱེད་ལྷོ་མ་ཆུ་བོ་སི་ཏིའི་ལྷོ་ཕྱོགས་ལ་གོ་དགོས་པ་ལས།  སྤྱིར་བཏང་གི་འཛམ་གླིང་ལྷོ་ཕྱོགས་མིན་ནོ།།

     ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ་ནི།  བོད་རབ་བྱུང་ལྔ་བའི་ཆུ་འབྲུག་ཕྱི་ལོ་

ཡ་དེ་ན

༡༢༩༢ ལོར་དོལ་པོ་པན་ཚང་ལུང་བའི་སྤོས་མདོའམ་ཀ་ཡོ་རིར་སྐུ་བལྟམས།    

དོལ་པོའི་ཡུལ་མི་རྣམས་ཀྱིས་ད་ལྟའི་ཆར་ཡང་སྤོས་ཀ་ཡོ་ཟེར་གྱིན་ཡོད་ལ།  དོལ་པོ་སངས་རྒྱས་སྐུ་བལྟམ་པའི་གནས་ཞེས་གནས་རྩ་ཆེན་དུ་བརྩི་བ་མ་ཟད།  དེ་གའི་མི་རྣམས་ཀྱི་ངག་རྒྱུན་དུ་དོལ་པོ་སངས་རྒྱས་སྐུ་ན་གཞོན་དུས་བོད་དབུས་སུ་ཐུགས་གཉེར་ལ་ཕེབས་སྐབས།  ཡབ་ཡུམ་ལ་གསང་སྟེ་ཁྱིམ་མཚེས་ལ་རྩམ་པ་གཡར་ནས་ཕེབས་པའི་གནས་དང་།  དོལ་པོ་སངས་རྒྱས་སྐུ་དངོས་ཀྱིས་ཕྱག་བཏབ་པའི་སྤོས་དགོན་པ།  བཀྲ་ཤིས་སྒོ་མང་མཆོད་རྟེན་སོགས་ཀྱང་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་ལ།  གནས་ཆེན་དུ་བརྩི་བཞིན་འདུག

 གནསཀུན་མཁྱེན་དོལ་པོ་སངས་རྒྱས་སྐུ་ན་ཆུང་དུས་སུ་བོད་དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་པས་ཀུན་མཁྱེན་ཞེས་མཚན་སྙན་རྒྱས།  ཇོ་ནང་རྒྱལ་བའི་རི་ཁྲོད་དུ་ཕེབས་ནས་གཞན་སྟོང་སེང་གེའི་སྒྲས་ས་གསུམ་ཁྱད་པར་མཛད།  མཆོད་རྟེན་མཐོང་གྲོལ་ཆེན་མོ་དཔལ་ཡོན་ཅན་བཞེངས་ཤིང་།  མཐར་ཐུག་ཐུན་མོང་མ་ཡིན་པའི་ཆོས་མཆོག་རི་ཆོས་ངེས་དོན་རྒྱ་མཚོ་མཛད་པས།  གྲུབ་མཐའ་དེ་ཉིད་རྩོད་བྲལ་དུ་གྱུར་ཏེ་རི་བོ་བརྩེགས་པས་རྒྱ་མཚོ་བརྡོལ་ཞེས་གྲགས་པ་བྱུང་།  སྐུ་ཚེའི་སྨད་དུ་སྔགས་ཀྱི་བཀའ་བསྡུ་བཞི་བ་མཛད་ཅིང་རྒྱལ་བསྟན་དག་ཐེར་མཛད་དེ།  མདོ་དེ་ཉིད་ལས།  [123a]ཕྱིས་མདོ་འདི་ཐོས་ནས་ན་ཚོད་ཆེན་པོར་འགྱུར་ཏེ། ལོ་བརྒྱར་མདོ་འདིའི་གཏམ་སྨྲ་ཞིང་ཆོས་ཀྱི་ཆར་འབེབས་པར་འགྱུར་རོ།།  ལོ་བརྒྱ་འདས་པའི་འོག་ཏུ་དེ་ལྷོ་ཕྱོགས་དེར་ལྷོ་ཕྱོགས་ཀྱི་མི་རྣམས་ཀྱི་ནང་དུ་རྣམ་པར་འཕྲུལ་པ་ཆེན་པོས་རྣམ་པར་འཕྲུལ་ཞིང་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར་འགྱུར་རོ།།  ཞེས་གསུངས་པ་ལྟར།  རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས་པའི་ཚུལ་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་ཏོ།།

ཀུན་མཁྱེན་དུས་གསུམ་སངས་རྒྱས་མ་འོངས་སངས་རྒྱས་གང་གི་ངོ་བོ་འཚང་རྒྱ་བའི་ཚུལ་ཡང་མདོ་དེ་ཉིད་ལས། [124b]དེས་[125a]དེ་ལྟར་བྱས་ནས་ལོ་བརྒྱར་ཆོས་ཀྱི་ཆར་ཕབ། ཆོས་ཆེན་པོའི་རྔ་བོ་ཆེ་བརྡུངས། ཆོས་ཀྱི་དུང་བུས། ཆོས་ཀྱི་མཆོད་སྦྱིན་བྱས། ཆོས་ཀྱི་རྒྱལ་མཚན་བཙུགས་ནས་རྣམ་པར་འཕྲུལ་པ་ཆེན་པོས་དུས་བྱེད་པར་འགྱུར་རོ།།  དེ་ནས་ཕྱིས་སངས་རྒྱས་སུ་འགྱུར་ཏེ། སངས་རྒྱས་སྟོང་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་དྲུག་ཅུ་རྩ་གཉིས་འདས་ནས་རང་སངས་རྒྱས་འབུམ་ཡོངས་སུ་མྱ་ངན་ལས་འདས་ཤིང་གཞན་ཡང་མགོན་པོ་བརྒྱད་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་ངའི་མིང་འཆང་བའི་དགེ་སློང་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་འདི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ།།  ཞེས་གསུངས་པ་ལྟར་རོ།།

དེ་ལྟར་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས།  ངེས་དོན་མདོ་སྡེ་འདི་གསུངས་སྐབས།  དང་པོ།  མདོ་སྡེ་དེའི་ཐུན་མིན་ཟབ་ཁྱད་དང་།  དེའི་སྣོད་ཀྱི་ཁྱད་པར་གསལ་བར་བསྟན།  གཉིས་པ།  ངེས་དོན་མདོ་སྡེ་དེའི་བརྗོད་བྱ་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོའི་ཡིན་ལུགས་རྒྱས་པར་གསུངས།  གསུམ་པ།  མ་འོངས་པར་མདོ་སྡེ་དེ་འཆད་སྤེལ་མཛད་པའི་སྐྱེས་བུ་མཆོག་དེ་དུས་ནམ་ཞིག་ལ་ཡུལ་གང་དུ་འཁྲུངས་བ་དང་།  དེའི་མཚན་གྱི་ཁྱད་པར་སོགས་གསལ་བོར་ལུང་གིས་བསྟན།  བཞི་བ།  དེ་ལྟ་བུའི་སྐྱེས་བུ་མཆོག་དེའི་སྐུ་ཚེའི་ཚད་དང་།  མཛད་པ་འཕྲིན་ལས་བཅས་གསལ་ཞིང་རྒྱས་པར་གསུངས་པ་ཙམ་དུ་མ་ཟད།  མ་འོངས་པར་སངས་རྒྱས་གང་གི་ངོ་བོར་འཚང་རྒྱ་བའི་ཚུལ་བཅས་གོ་རིམ་ལྡན་ལ་ཞིབ་ཅིང་རྒྱས་པར་གསུངས་ཡོད་པས།  ངེས་དོན་མདོ་སྡེ་དེའི་རྩ་བའི་བརྗོད་བྱ་ཀུན་མཁྱེན་དོལ་པོ་སངས་རྒྱས་དང་།  ཁོང་གི་ཐུན་མིན་ལྟ་གྲུབ་གཞན་སྟོང་དབུ་མ་ཆེན་པོ།   གནས་ཆེན་ཀ་ཡོ་རི་བཅས་རེད་ཅེས་བཤད་ཀྱང་དོན་ལ་གནས་པར་སེམས་སོ།།

དེར་བརྟེན་གནའ་དེང་གི་སྐྱེ་བོ་མི་ཉུང་བ་ཞིག་གིས།  གང་ཟག་གང་ཡང་རུང་བ་ཞིག་གི་མིང་གི་ཟུར་ཙམ་རེ་མདོ་རྒྱུད་ཁག་ནས་བཙལ་ཏེ།  འདི་དང་འདིས་དེ་དང་དེ་ལུང་གིས་བསྟན་པ་རེད་ཅེས་ལུང་དོན་བཙན་འགྲེལ་དང་།  ཐབས་ཟད་ཨུ་ཚུགས་ཀྱིས་ངལ་བ་ལྷུར་ལེན་པ་དེ་དག་དང་ནམ་ཡང་མི་མཚུངས་སོ།།

ཀུན་མཁྱེན་དོལ་པོ་སངས་རྒྱས་དགུང་ལོ་ཉེར་གསུམ་བཞེས་སྐབས་ཕྱིར་དོལ་པོར་ཕེབས་ཏེ།  སྤོས་དགོན་པ་དང་།  མཆོད་རྟེན་བཀྲ་ཤིས་སྒོ་མང་སོགས་སྐུ་དངོས་ཀྱིས་ཕྱག་འདེབས་མཛད་པ་ད་ལྟའི་ཆར་ཡང་མཇལ་རྒྱུ་ཡོད་ལ།  མཆོད་རྟེན་བཀྲ་ཤིས་སྒོ་མང་དོལ་པོ་བླ་མ་བསྟན་འཛིན་ཚེ་འཕེལ་མཆོག་གིས་ཞིག་གསོ་མཛད་ཡོད།  སྤོས་དགོན་པ་ཕྱིས་སུ་སྔ་འགྱུར་རྙིང་མའི་བླ་མ་ཞིག་གིས་བསྐྱར་བཞེངས་མཛད་འདུག  དགོན་པ་དེར་ཡོད་པའི་སྐུ་གཟུགས་མཆོད་རྟེན་ཞུ་བ་དེ་ནི།  དོལ་པོ་སངས་རྒྱས་ཀྱི་སྐུ་ཚད་ཙམ་ཡིན་པས་དེ་ལྟར་གྲགས།  

དོལ་པོའི་ཡུལ་མི་རྣམས་ཀྱིས།  དོལ་པོ་སངས་རྒྱས་ཞེས་སངས་རྒྱས་དངོས་ཀྱི་འདུ་ཤེས་འཇོག་པ་མ་ཟད།  ཁོང་སྐུ་བལྟམས་པའི་གནས་སོགས་ཀྱང་བྱིན་རླབས་གཞན་ལས་ཆེ་བའི་གནས་ཆེན་དུ་རྩི་བཞིན་འདུག

དོལ་པོ་བླ་མ་ཤཱཀྱ་རིན་པོ་ཆེ་དང་།  བླ་མ་བསྟན་འཛིན་ཚེ་འཕེལ་རྣམ་གཉིས་ཀྱིས།  དོལ་པོ་སངས་རྒྱས་འཁྲུངས་ཡུལ་དངོས་ནི་སྤོས་མདོའམ་ཀ་ཡོ་རི་རེད།  སངས་རྒྱས་བཅོམ་ལྡན་འདས་ཀྱིས།  ཀ་ཡོ་རི་ཞེས་ཕྱག་མཛུབ་བཙུགས་ཏེ་ལུང་བསྟན་པའི་གནས་དང་།  དོལ་པོ་སངས་རྒྱས་ཀྱིས།  ངའི་ཕ་ཡུལ་དོལ་པོར་གཡུ་ཡི་རི་ལ་དུང་གིས་འཕྲ་བཏབ་པ་ཡོད།  ཆུ་ལ་ཆུའི་ཟམ་པ་ཡོད་ཅེས་སོགས་གསུངས་པའི་ཡུལ་དོལ་པོ་པན་ཚང་ཀ་ཡོ་རི་རེད།  དོན་ངོ་མར་རིའི་ངོས་སུ་ས་རྡོ་དཀར་པོ་འདྲེས་མ་གངས་རིའི་དབྱིབས་ལྟར་ཡོད་པས་ཀ་ཡོ་རི་ཟེར་བ་རེད།  དེང་སྐབས་སྒྲ་ཅུང་ཟད་འགྱུར་ནས་དོལ་པོའི་ཡུལ་མི་རྣམས་ཀྱིས་སྤོས་ཀ་ཡོ་ཟེར་བཞིན་ཡོད།  འོན་ཀྱང་ཀ་ཡོ་རི་ལབ་ན་དོལ་པོའི་མི་ཞིག་ཡིན་ཕྱིན་མི་ཤེས་མཁན་སུ་ཡང་མེད་ཅེས་གསུངས།

དེས་ན་འདི་ལ་ཅུང་ཙམ་དཔྱད་ན།  སྤོས་ཀ་ཡོ་ཟེར་བ་དེ་སྒྲ་འགྱུར་བ་མ་ཡིན་པར་སྤོས་མདོ་དང་ཀ་ཡོ་རི་གཉིས་ཀྱི་བསྡུས་མིང་ཡིན་པ་འདྲ་ལ།  ད་དུང་རྔ་བོ་ཆེའི་མདོ་སོགས་སུ་ཀ་ཡོ་རི་ཟེར་བ་ནི་ལོ་པཎ་རྣམས་ཀྱིས་འགྱུར་གྱི་ཁྱད་པར་ཙམ་ལས།  དོན་ལ་དཀར་པོ་ཡོད་པའི་རི་ཞེས་པ་ཚིག་བསྡུས་ཏེ་དཀར་ཡོད་རི་ཟེར་བ་མིན་ནམ་སྙམ་མོ།།

ད་ནི་མཇུག་སྡོམ་བྱ་བར་འདོད་དེ།  དེ་ཡང་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས།

རྔ་བོ་ཆེའི་མདོར་རྒྱལ་བའི་མཚན་འཛིན་ཅིང་།།
རྒྱལ་བའི་དགོངས་པ་མཐའ་དག་ཚུལ་བཞིན་དུ།།
མཁྱེན་པའི་སྐྱེས་བུར་མཆོག་ཏུ་ལུང་གིས་བསྔགས།།
མཐར་ཐུག་དབུ་མ་ཆེན་པོའི་ཤིང་རྟ་ཆེ།།
གངས་ཅན་མཁས་དང་གྲུབ་པ་ཡོངས་ཀྱི་དབུས།།
སྒྱུ་སྐར་དབུས་ན་ཉ་རྒྱས་ཟླ་བཞིན་འཕགས།།
རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི།།
བསྟན་པ་ཕྱོགས་ཀུན་ཡུན་རིང་འབར་གྱུར་ཅིག།

ཅེས་གསུངས་པ་ནི་ཟོལ་བསྟོད་དང་།  འུད་བརྗོད་ཙམ་མ་ཡིན་པར་དངོས་ཡོད་གནས་ཚུལ་དང་མཐུན་པའི་བདེན་གཏམ་ཁོ་ན་ཡིན་ནོ།།

བེ་རི་རིག་རྡོར་གྱིས།  ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༡ ཉིན་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: