གཙུག་གཡུ།
སྨུག་པ་དཀྲིས་ཤིང་སྨུག་པའི་གསེབ་ཏུ་འཇབ།།
ལོ་འདི་ས་སྟོང་ཞིག་གི་ཡི་གེར་གྱུར།།
ལྗོན་པའི་རྩེ་རུ་ལན་ཞིག་སྣང་བ་གཡེང་།།
བདག་གི་རྨི་ལམ་རས་ཀྱིས་བཏུམ་སྟེ་རྨིས།།
བྱེའུ་གློ་བུར་འཕུར་བའི་ས་སྲོད་ཅིག།
དོན་དུ་མ་འོངས་ཟེར་བའི་ནམ་མཁར་ཅེར།།
ངག་གི་གཙང་བོ་འཕྱོ་ཞིང་བྱང་དུ་བབས།།
མཚོ་མཐའི་རླབས་ངོགས་མི་སེམས་བློང་བློང་འགྱུར།།
མེ་ཏོག་མཛེས་པ་སུ་ཡིས་མ་མཐོང་སྔོན།།
མིག་མདའ་རྣོ་བའི་སྡེ་ལ་ཨ་མཚར་སྐྱེ།།
ཡི་གེ་དག་ཀྱང་མུན་པ་འཇུས་ཐེངས་རེར།།
ཁ་བརྡ་སྐབས་རེ་ཆད་པའི་སེམས་འདི་བསད།།
ཁྱེད་ཀྱི་རྣ་བ་གཏམ་གྱི་ཕྱི་ལ་ཤུད།།
ཕན་ཚུན་ངོ་ཡང་གཤིས་ཀས་རྒྱང་ལ་དེད།།
ང་ཡི་མིད་པ་ད་ནི་འགག་ཚོད་མེད།།
སྐེ་ལ་སྲུང་མདུད་འདོགས་པར་མ་སྤྲོ་ཐལ།།
ཡིད་ཀྱི་གཏིང་རིམ་ཉུལ་བའི་ལས་འཕྲོ་ཡིས།།
གནའ་བོའི་ཞགས་པ་ཡ་ཡོའི་ཨ་ལོང་བྲེགས།།
ས་ཡི་རལ་བ་ཡར་ལ་འཕྱར་ཚུལ་ལོ།།
2014 11 30 ཉིན།
ངེད་དྲ་ཚིགས།