ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ལྷ་ས།

——————ལྷ་ས་གྲོང་ཁྱེར།

རྒྱ་གྲོལ།

     བོད་གདོང་དམར་བ་བྱུང་ནས་དཔའ་དང་རྩལ་གྱིས་འཛམ་གླིང་གི་རྩེ་མོར་ངར་སྐད་སྒྲོག་པའི་ལོ་རྒྱུས་ལྷ་ས་ནས་མགོ་བརྩམས་པ་རེད། བཙན་པོའི་རྒྱལ་ས་ལྷ་ས་ལ་སྤོས་པ་སྐབས་དེར་པོ་ཏ་ལའི་མིང་ལ་དམར་བོའི་རི་ཟེར་ལ། ལྷ་སའི་ལུང་བ་འདིའི་མིང་ལ་ཐོག་མར་སྐྱིད་མོ་ཤོད་དང་སྐྱིད་ཤོད་ཅེས་འབོད་ཅིང་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་ར་ས་ཞེས་འབོད།

བོད་ཀྱི་ངག་རྒྱུན་ལ། ལྷ་ས་མ་ཆགས་ལྷ་ས་ཆགས།། ལྷ་ས་རྒྱ་མཚོའི་ཁ་ནས་ཆགས།། ཞེས་གྲགས་པ་ལྟར་གྲོང་ཁྱེར་ཡོད་ས་འདིར་སྔོན་ཆད་མཚོ་དང་མཚེའུས་ཁྱབ་པའི་ས་ཞིག་ཡིན་ཟེར་བ་ཚན་རིག་གིས་ཀྱང་བདེན་དཔང་བྱས་ཡོད་ཅིང༌། ལྷ་སའི་གཙུག་ལག་ཁང་བཞེངས་དུས། ར་མ་དཀར་མོས་ས་དྲངས་པའི་འོ་ཐང་བསྲུབས་པས་ར་ས་ཞེས་པ་ཐོགས་ཞེས་ཡོངས་སུ་གྲགས། ཡིན་ནའང་འདི་ལ་ད་དུང་བརྟག་རྒྱུ་ཞིག་ཡོད་པ་འདྲ།

ལྷ་ས་གྲོང་ཁྱེར་ཆགས་ས་འདི་ལྷོ་ཁ་ལས་མཐོ་ན་ཡང་སྲོང་བཙན་གྱིས་རྒྱལ་ས་འདིར་སྤོས་པ་ནི་མི་ཡི་ལུས་ལ་ལྷ་ཡི་རྣམ་དཔྱོད་ཞུགས་པའི་འབྲས་རྟགས་སུ་ངེས། ད་ལྟ་ཡང་མཚན་མོ་ཆར་བབས་ནས་ནམ་ལངས་པ་དང་གནམ་ཐང་བ་དང༌། དགུན་ཁ་ཡང་དྲོད་རླངས་དང་ལྕགས་ཐབ་མི་དགོས་པ་སོགས་གཞན་ལ་མེད་པའི་ཁྱད་ཆོས་དུ་མ་སྣང༌། ད་ལྟ་ཁོར་ཡུག་ལ་གཏོར་ཞིང་བརླགས་པས་གནམ་གཤིས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་འགྱུར་བ་ཡོང་གིན་འདུག་ཟེར།

ངས་ལྷ་ས་གྲོང་ཁྱེར་གྱི་ས་ཁྲ་ལ་བལྟས་ནས་གྲོང་ཁྱེར་གྱི་རྣམ་པའི་སྤྱི་ཁོག་དང་སྲང་ལམ་རེ་རེ་ཡིད་ལ་འཁོར་བར་བྱས་ཏེ། དངོས་སུ་མཐོང་བའི་གྲོང་ཁྱེར་ལ་ལྟ་དུས། ཅང་སུའུ་ལམ་དང་པེ་ཅིན་ལམ་སོགས་མང་བོ་ཞིག་མཐོང་དུས་ང་ལྷ་ས་ན་ཡོད་དམ་སྙམ་པའི་དོགས་པ་ཞིག་ཀྱང་སྐྱེ་འོང་ལ། དེང་རབས་ཅན་གྱི་བཟོ་བཀོད་ཀྱིས་ཁྱབ་པའི་ལྷ་ས་གྲོང་ཁྱེར་ལ་ལྟ་དུས། པོ་ཏ་ལ་དང་བར་སྐོར་ཁོ་ནས་རང་ཚུགས་བཟུང་འདུག་སྙམ་པའི་སྣང་བ་ཞིག་ཀྱང་འགོག་མེད་དུ་སྐྱེས། འདི་ནི་བདག་ཙམ་ལ་བྱུང་བའི་སྣང་བ་ཞིག་མ་ཡིན་པར་རྒྱའི་ཤེས་ཡོན་ཅན་དག་ལའང་བྱུང་ཡོད་དེ། སྐུ་ཞབས་ལིག་ཅན་ཆང་གིས། ཁྱེད་རང་ལྷ་སར་འབྱོར་བའི་ཐོག་མའི་མིང་ལ་ཅང་སུའུ་ལམ་ཞེས་འབོད། ལམ་དེའི་རྗེས་སུ་ཁྱེད་པེ་ཅིན་ལམ་ཟེར་བ་དེ་བརྒྱུད་དེ་ཧྲང་ཧེ་ཐང་ཆེན་དང་ཧྲན་ཏུང་ཁང་བརྩེགས་ཟེར་བ་སོགས་མཐོང་ཡོང༌། དེའི་སྐབས་སུ་ཁྱེད་རང་མགོ་འཐོམས་ནས་ང་རང་དོན་དངོས་སུ་གང་ཞིག་ལ་སླེབས་ཡོད་པ་ཡིན་ནམ་སྙམ་ངེས་ཞེས་གནས་ཚུལ་དེ་དག་གསལ་བོར་བྲིས་ཡོད།

ད་ལྟ་བཤད་ན། ལྷག་པར་དེང་གི་གནས་བབས་ལས་བཤད་ན་ལྷ་ས་གྲོང་ཁྱེར་གྱི་སྔོན་གྱི་བཀོད་པ་ནི་འགྲེམ་སྟོན་ཁང་གསོན་པོ་ཞིག་ཡིན་ན་འགྲིག་མོད་ཀྱང་ད་ལྟ་སྔོན་གྱི་གནས་དང་ཡུལ། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གནས་མང་བོ་ཞིག་སུ་ལ་དྲིས་ན་ཡང་མི་ཤེས་པར་གྱུར། འདི་ནི་ལྗོངས་རྒྱུ་གནས་སྐོར་བ་རྣམས་ལ་མཚོན་ན་ལྷ་ས་ནི་དེང་རབས་ཅན་གྱི་གྲོང་ཁྱེར་ཁོ་ན་ལས།བོད་ཀྱི་རིག་གནས་དང་ཆབ་སྲིད། དཔལ་འབྱོར་བཅས་ཀྱི་ལྟེ་བར་གྱུར་པའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་པ་སུས་ཀྱང་མཐོང་མི་ཐུབ།

སྐབས་འདིར་ངས་ཡིག་ཚང་ན་མངོན་པའི་ལྷ་སའི་རྣམ་པ་ལ་ཕྱིར་དྲན་བྱས་པ་ཡིན། དམར་བོ་རི་ལ་ཕོ་བྲང་བརྩིགས། བོད་ཡིག་གསར་བཏོད་མཛད་ནས་རྒྱ་གར་གྱི་རིག་གནས་དང༌། རྒྱ་བཟའ་བལ་བཟའ་བསུས་ནས་མཐའི་རིག་གནས་བོད་དུ་དྲངས། ཁྲིམས་ཡིག་མང་བོ་གཏན་ལ་ཕབ་སྟེ་མི་རྣམས་རང་དབང་དང་ལྡན་པར་བྱས། བོད་ཀྱི་ཡི་གེ་ལ་བཀས་བཅད་རྣམ་པ་གསུམ་བྱས་ནས་འཐུས་ཚང་བར་བྱས། སྤོ་ཐོས་གྲོང་ཁྱེར་བརྩིགས་པས་སྐབས་དེའི་རྒྱལ་སར་གྱུར་ཅིང་བོད་ཀྱི་རིག་གནས་དང་དཔལ་འབྱོར་ཡོད་ཚད་ཀྱི་ལྟེ་བར་གྱུར། སྲོང་བཙན་ནས་བཟུང་གླང་དར་མའི་བར་དུ་བོད་ཀྱི་རྒྱལ་ས་འདིར་བྱས་པ་རེད།

བོད་སིལ་བུར་ཐོར་ཡང་ལྷ་སའི་གྲོང་ཁྱེར་འདི་སྔར་བཞིན་བོད་ཀྱི་རིག་གནས་དང་དཔལ་འབྱོར་གྱི་ལྟེ་བར་གྱུར་པ་ལ་འགྱུར་བ་གང་ཡང་མ་སོང༌། དེ་ནི་སྲོང་བཙན་སྐབས་སུ་ལྷ་སར་ལྷ་ཁང་མང་བོ་བཙུགས་པའི་རྐྱེན་གྱིས་ཡིན་སྲིད། རྗེས་སུ་ས་སྐྱ་བ་ནས་བོད་གཅིག་གྱུར་བྱུང་ན་ཡང་ཁོང་ཚོ་ཆབ་སྲིད་ལྷ་སར་མ་བཙུགས་པར་ས་སྐྱ་དང་སྣེ་གདོང༌། རིན་སྤུངས།གཙང་སོགས་སུ་བཙུགས་པ་རེད། ཡིན་ན་ཡང༌། རྗེ་ཙོང་ཁ་བའི་སློབ་རྒྱུན་དང་བཅས་པས་ལྷ་སའི་མཐའ་སྐོར་དུ་དགོན་པ་མང་བོ་བཏབ་ཅིང༌། ལྷ་སར་སྨོན་ལམ་ཆེན་མོ་བཙུགས་པ་ལ་བརྟེན་ནས་ལྷ་ས་འདི་དངོས་ནས་ལྷ་སར་གྱུར་ཅིང་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་མཚོན་བྱེད་ཅིག་ཏུ་གྱུར། ངས་འདི་ལྟར་བསམ་དུས་རྗེ་ཙོང་ཁ་བར་བོད་ཀྱི་མདུན་ལམ་ལ་འདི་ལྟ་བུའི་ཐུགས་དགོངས་ཡོད་མེད་མི་ཤེས་ཀྱང་ཁོང་གིས་ལྷ་ས་ལ་བཞག་པའི་བྱས་རྗེས་དང་དེས་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་ཐོན་པའི་དགེ་མཚན་དེར་ཧ་ལས་སོང༌།

རྒྱལ་བ་སྐུ་ཕྲེང་ལྔ་བའི་སྐུ་དུས་སུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་སྲིད་གཞུང་གསར་བ་དེ་འབྲས་སྤུངས་དགོན་ནས་ཕོ་བྲང་པོ་ཏ་ལར་གནས་སྤོས་གནང་བར་བརྟེན། ལྷ་ས་གྲོང་ཁྱེར་དེ་ཉིད་ཆོས་སྲིད་གཉིས་ལྡན་གྱི་ལྟེ་གནས་སུ་གྱུར་པ་དང༌། ས་སྐྱ་བ་དང་སྣེ་གདོང༌། རིན་སྤུངས། གཙང་བ་རྒྱལ་བོ་བཅས་ལས་དགའ་ལྡན་ཕོ་བྲང་གི་གདམ་ཀ་དེར་གྲུབ་འབྲས་ཆེན་པོ་བྱུང་ཡོད། གལ་ཏེ་ཁོང་ཚོས་ཀྱང་ལྷ་ས་འདེམས་པ་ཡིན་ན་ད་ལྟའི་གནས་བབས་ཀྱང་གཞན་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད།

ད་ལྟ་བལྟས་ན་ལྷ་ས་ནི་དེང་རབས་ཅན་གྱི་གྲོང་ཁྱེར་ཉག་གཅིག་ཏུ་གྱུར་ཡོད་ལ། ལྷ་སའི་བར་སྐོར་དུ་སླེབས་ན་ད་བཟོད་བོད་ཀྱི་གྲོང་ཁྱེར་དུ་གྱུར། ཀླུ་སྒུག་ར་མོ་ཆེ། གཙུག་ལག་ཁང༌། རྒྱུད་སྨད་པ། རྨེ་རུ་གསར་བ། རྨེ་རུ་རྙིང་བ།ཞོལ་རྡོ་རིང༌། རྒྱ་བོད་མཇལ་འདུམ་རྡོ་རིང༌། རྫོང་རྒྱབ་ཀླུ་ཁང༌། ལྕགས་པོ་རི་སོགས་ལྷ་ཁང་མང་དུ་ཡོད་ལ། ཆབ་སྲིད་ཀྱི་གནས་འདི་དག་ལྷ་ཁང་གི་རྣམ་པར་སོང་བ་འདི་ལ་ན་གཞོན་མང་བོ་ཞིག་གིས་སྙིང་ན་བཞིན་འདུག་མོད།ངས་བསམ་ན་འདི་ནི་བོད་ཀྱི་བསམ་པ་གཅིག་ཏུ་སྡུད་པའི་དགེ་མཚན་གཞན་གྱིས་བློར་མི་ཤོང་བ་ཞིག་ཡོད།

པོ་ཏ་ལའི་ཐང་ཆེན་ནས་ཡོང་ན་ཀླུ་སྦུག་གཞུང་དུ་སླེབས། ཀླུ་སྦུག་ཅེས་པ་ཀླུ་སྒུག་གི་སྒྲ་འགྱུར་བ་ཡིན། སྔོན་ཆད་གཙུག་ལག་ཁང་ནས་བྲག་ལྷ་ཀླུ་སྒུག་བར་གྱི་ཐང་ཆེན་ལ་བརྗོད། དེ་ལ་ཀླུ་སྒུག་ཟེར་དོན་ནི་མ་འོངས་པ་ན་བྲག་ལྷ་ཀླུ་སྒུག་གི་བྲག་ལྡེབས་སུ་ཡོད་པའི་ཇོ་བོ་དེ་འབུར་གཟུགས་ཆ་ཚང་མངོན་སྐབས། ལྷ་ས་ཆུས་འཇིགས་ནས་བྲག་ལྷ་ཀླུ་སྒུག་ཏུ་ཀླུའི་གཟུགས་ལག་པ་གཡས་པའི་སྦར་མོས་མགོ་བཀབ་ནས་གཙུག་ལག་ཁང་ལ་ཁ་གཏད་ཡོད་པ་ཞིག་ཡོད་པས། ཇོ་བོ་ཤཱཀྱ་མུ་ནེ་ཀླུ་ཡུལ་དུ་གདན་འདྲེན་ཞུ་རྒྱུར་བྱ་ར་བྱས་ནས་སྒུག་ཡོད་པར་གྲགས།

ཀླུ་སྦུག་ནོར་འཛིན་སྐྱེད་ཚལ་ཞེས་པ་དེ་ནི་དུས་རབས་བཅུ་བདུན་པར་བཞེངས་ཤིང༌། པན་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་མཆོག་ལྷ་སར་ཕེབས་སྐབས་ཀྱི་བཞུགས་གནས་ཡིན། ཀླུ་སྒུག་གཞུང་རྡོ་སེང་གེ་ཡོད་ས་དེར་སྔར་བོད་གཞུང་གི་རྒྱལ་རྩེ་དམག་སྒར་ཡོད།

ཀླུ་སྦུག་གི་ལྷོ་ངོས་སུ་ཆིང་རྒྱལ་རབས་སྐབས་ཀྱི་བོད་སྡོད་ཨམ་བན་སོགས་ཞི་དྲག་དཔོན་རིགས་ཀྱི་ལས་ཁུངས་ཡ་མོན་སོགས་ཡོད། བྱང་རྒྱུད་དུ་སྨན་རྩིས་ཀྱི་སློབ་གྲྭ་འགྲོ་ཕན་གླིང་ཡོད། དེ་ཉིད་ཐོག་མར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་རྒྱལ་མཆོག་ཉིད་ཀྱི་བླ་སྨན་དངོས་གཞི་བྱམས་པ་ཐུབ་དབང་གིས་གཙོ་བོ་གནང་བ་དང༌། མཁས་དབང་མཁྱེན་རབ་ནོར་བུས་གཙོ་འགན་བཞེས་ཤིང༌། 1916ལོར་གསར་འཛུགས་མཛད། བོད་ལྗོངས་ཀྱི་དབུས་གཙང་དྭགས་ཀོང་སྟོད་སྨད་ཀྱི་རྫོང་གཞིས་དང༌། དགོན་སྡེ་ཁག་སོགས་ནས་སློབ་མ་བསྡུས་ནས་འདིར་གཙོ་བོ་སྨན་དང༌། རྩིས། སྒྲ་རིག་པ། ཀུན་སྤྱོད་ལ་སོགས་ལེགས་པར་སྦྱངས་ནས་མཐར་ཕྱིན་རྗེས་རང་གནས་སུ་ལོག་སྟེ་རྐང་འཛིན་གྱི་སྨན་པ་གནང་ཐུབ་པ་མ་ཟད། སློབ་གྲྭ་འདི་དང་ལྕགས་པོ་རི་བོད་སྨན་སློབ་གྲྭ་ཆེན་མོ་ནས་བོད་ཀྱི་གསོ་བ་རིག་པ་མཁས་པ་གྲངས་ལས་འདས་པ་ཐོན་ནས་གངས་ལྗོངས་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཐོག་མཛད་རྗེས་བླ་ན་མེད་པ་བཞག དེ་སྔ་སློབ་གྲྭ་དེར་བོད་ཁང་ཐོག་གཉིས་པ་དང༌། ཤག་ཁང་ཐོག་གཅིག་མ། སྔོ་སྨན་འདེབས་སའི་རྭ་བ། སྨན་དང༌། རྩིས། སྒྲ་རིག་པ་སོགས་ཀྱི་ཕྱག་དཔེ་དང༌། པར་ཤིང༌། སྨན་ཐང་སོགས་གསོ་བ་རིག་པའི་མཁོ་ཆས་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པ་ཡོད། སྨན་རྩིས་ཁང་གི་མདུན་དུ་བོད་ཀྱི་ལོ་རྒྱུས་ཐོག་གློག་བརྙན་ཁང་དང་བོ་བདེ་སྐྱིད་འོད་སྣང་ཟེར་བ་དེ་ཡོད།

དེ་དང་མཚུངས་པའི་སྲིད་གཞུང་དཔོན་རིགས་ཀྱི་གཟིམ་ཤག་ལས་ཤག་དང༌། གྲོང་མི་གཞིས་ཆགས་ཀྱི་ཁྱིམ་ཚང་ལ་སོགས་པ་གཞི་རྒྱ་ཇེ་ཆེར་སོང་ནས་བར་སྐོར་དང་གླིང་སྐོར་ཟེར་བའི་ཐ་སྙད་དེ་བྱུང་སྟེ། བར་སྐོར་ཚོང་ཁང་དང༌།འོང་སྟོད་ཞིང་ཁའི་ཁྲོམ་ར། རྗེ་འབུམ་སྒང་ཁྲོམ་ར། དེ་བཞིན་ཐལ་སྤུངས་སྒང་དང༌། ས་སྦོག་སྒང༌། གཡུལ་ཁ་སྒང་ཟེར་བའི་ཞིང་འབྲོག་ཐོན་ཁུངས་དང༌། གྲོང་ཁྱེར་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ཕན་ཚུན་བརྗེ་ཚོང་བྱེད་པའི་ཁྲོམ་ར་ཆགས། ཁྲོམ་གཟིགས་སྒང་གི་ནུབ་ངོས་སུ་གཏུམ་ཀོང་ཆུ་མིག་ཟེར་བ་ལོ་རེའི་སྨོན་ལམ་ཆེན་མོ་དང་ཚོགས་ཆོས་ཆེན་མོ་གཉིས་ཚུགས་སྐབས་དགེ་འདུན་ཚོའི་མང་ཇ་བཞེས་ཐུག་གི་འཐུང་ཆུ་ལེན་ཡུལ་གཙོ་བོ་ཡིན།

ལྷ་ས་གཙུག་ལག་ཁང་གི་བྱང་ངོས་སུ་ཁྲོམ་གཟིགས་ཁང་ཟེར་བ་དེ་སྔར་བོད་བཞུགས་ཨམ་བན་གྱི་ལས་ཁུངས་ཡ་མོན་ཟེར་བའི་ཁང་ཆེན་སྤེན་བད་ཡོད་པ་དེ་ཡིན་ཞིང་འཁྲུག་ཆ་ཤིན་ཏུ་ཆེ། འདིར་རྒྱལ་བོ་ལྷ་བཟང་ཁང་གི་ཕོ་བྲང་དང༌། པུ་ལི་སི(POlice)དམག་སྒར།དབང་ལྡན་དཔལ་འབར་སོགས་ཡོད་ལ། དགའ་ལྡན་ཁང་གསར་ཟེར་བ་དེ་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱི་ཕོ་བྲང་དང༌། བདེ་ཆེན་རབ་བརྟན་ནི་རྒྱལ་བོ་དགའ་ལྡན་ཚེ་དབང་གི་ཕོ་བྲང་ཡིན།

ལྷ་སའི་བར་སྐོར་ནི་གནའ་དེང་གང་དུའང་གྲགས་པ་ཆེ་སྟེ། ལྷ་སའི་བར་སྐོར་དུ་སླེབས་ན་ད་གཟོད་ལྷ་ས་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་སྣང་བ་ཞིག་སྐྱེ་ངེས། བར་སྐོར་བྱང་ཆུབ་ལམ་དུ་གཡས་སྐོར་ཕྱིན་ན། བོད་རིགས་གཙོས་རྒྱ་བལ་དང་ཁ་ཆེ་སོགས་ཀྱི་ཚོང་ཁང་འདྲ་མིན་སྣ་ཚོགས་ཡོད་ལ་ས་ཕྱོགས་ཁག་ནས་གནས་སྐོར་ལ་ཡོང་མཁན་དང༌། བར་སྐོར་ལ་འགྲོ་མཁན། ཚོང་ཟོག་ཉོ་འཚོང་བྱེད་མཁན་སོགས་ཤིན་ཏུ་མང་བས་འདུ་འཛི་ཤིན་ཏུ་ཆེ། བར་སྐོར་བྱང་ངོས་སུ་རྣམ་སྲས་རྟ་བདག་བརྒྱད་དང༌། ཛམ་བྷ་ལ། ནོར་རྒྱུན་མ་སོགས་ཀྱི་གཏེར་འབུམ་དག་བཞུགས་པའི་མཆོད་རྟེན་ཀཀྞི་སྒོ་བཞི་དང༌། ལྷོ་ཤར་དུ་འབྲུག་པ་ལོ་ཕྱག་ཞེས། འབྲུག་གཞུང་བོད་སྡོད་གཞུང་ཚབ་ཀྱི་གཟིམ་ཤག་དེང་སང་ཁྲོམ་གཟིགས་སྒང་སྒོ་རྭ་ཤར་ཟེར་བ་དེ་ཡིན། མདུན་དུ་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་བཞེངས་པའི་མ་ཎི་འཁོར་ཆེན། ཉེ་འགྲམ་དུ་ཁྲིམས་ཁང་མི་དཔོན་ལས་ཁུངས་དང་བཙོན་པ་འཇུག་སའི་སྣང་རྩེ་ཤག་ཡོད།

ལོ་རྒྱུས་སྟེང་མིང་གྲགས་ཆེ་བའི་གནའ་ཤུལ་ཁག་གཅིག་ཡོད་པ་ནི་འུ་སྡོད་སྦུག་ཅེས་པ་སྔར་འུ་ལག་སྡོད་སའི་སྦུགགསོ་ར་སྦུག་ཅེས་པ་རྒྱལ་བོ་སྲོང་བཙན་སྐབས་གསོལ་རྫོ་ར་བ། ཀླུ་སྒུག་ཇོ་བོ་རིན་པོ་ཆེ་ཀླུ་ཡུལ་དུ་གདན་ཞུར་སྒུག་བསྡད་ཡོད་པ། གཏུགས་ར་སྦུག་ཅེས་པ་གྱོད་གཞི་ཞུ་གཏུགས་བྱེད་སའི་སྦུགལྷ་སར་ད་དུང་ལོ་རྒྱུས་ལྡན་པའི་གནའ་ཤུལ་ཞི་ཁྲོ་ལྷ་ཁང༌། སྙུང་གནས་ལྷ་ཁང༌། ཚེས་བཅུ་ལྷ་ཁང༌། མ་ཎི་ལྷ་ཁང༌། དར་པོ་གླིང༌། བདེ་ཆེན་རབ་བརྟན་འབྲངས་རྒྱས་ཤག རག་ཁྱ་ཤག སྣེའུ་ཤག་སོགས་ལོ་རྒྱུས་ལྡན་པའི་ཁང་བ་མང་དག་ཞིག་དང༌། སྡེ་དཔོན་མི་དྲག་སེར་སྐྱ་དཔོན་རིགས་ཀྱི་གཟིམ་ཤག་དང༌། བླ་བྲང༌། གཞུང་ཁང༌། གྲོང་མིའི་སྡོད་ཁང་སོགས་མང་བོ་ཡོད།ཡབ་གཞིས་བསམ་གྲུབ་ཕོ་བྲང༌། ཡབ་གཞིས་ཕུན་ཁང༌། ཡབ་གཞིས་ལྷ་ཀླུ། ཡབ་གཞིས་གླང་མདུན། ཡབ་གཞིས་སྟག་འཚེར་སོགས་ཡོད་པ་རྣམས་རྒྱལ་བ་རིམ་བྱོན་གྱི་ཡབ་ཡུམ་བཞུགས་ཡུལ་ཡིན་པས་ཡབ་གཞིས་ཞེས་གྲགས།ལྷ་ས་གྲོང་ཁྱེར་ན་གོ་བ་ཁང་སེར་བཅས་པའི་ཁང་བར་ཀ་རག་སེར་བོ་གསོལ་བ་ཡོད་པ་དེ་ནི་དྲུག་པ་ཚངས་དབྱངས་རྒྱ་མཚོ་ན་ཆུང་མ་དང་མཉམ་དུ་བཞུགས་མྱོང་བའི་ཁང་བ་ཡིན་པའི་རྗོད་སྲོལ་འདུག

ད་དུང་ལྷ་ས་གྲོང་ཁྱེར་ནང་ལོ་རྒྱུས་སུ་བྲིས་མེད་པའི་སྐད་གྲགས་ཡོད་པའི་བླ་བྲང་དང༌། གཟིམ་ཤགའབྱོར་བ་ཅན་གྱི་ཁང་རྙིང་ཁག་ཅིག་ཡོད་དེ། བར་སྐོར་ནང་དུ་གཟིམ་ཤག་ཐོན་པ་དང༌། བར་སྐོར་ལྷོ་ངོས་སུ་སྤོམ་མདའ་ཚང༌།བསམ་གྲུབ་ཕོ་བྲང༌། གླིང་ཚང་བླ་བྲང༌། གཟིམ་ཤག་བཤད་སྒྲཁྲི་བྱང་བླ་བྲང་སོགས་དང༌། བར་སྐོར་བྱང་ངོས་སུ་ཡབ་གཞིས་ཕུན་ཁང་དང༌། ཡབ་གཞིས་སྟག་འཚེར། ལྷ་ཀླུ་དགའ་ཚལ་སོགས་ཀྱི་ཁང་བ་སྐོར་ཞིག་ཡོད། མང་ཆེ་བ་རལ་ནས་སྔར་གྱི་རྨང་གཞིའི་སྟེང་གསར་བ་བསྐྲུན་ཡོད།

ད་དུང་བཞི་ཚན་གྱི་རྗོད་སྟངས་ཡོད་པའི་གནའ་ཤུལ་མང་ཙམ་ཡོད་དེ་དགའ་ལྡན་དར་ཆེན། ཤར་སྐྱ་རེངས་དར་ཆེན། སྐལ་བཟང་དར་ཆེན། ཇུས་ཡག་དར་ཆེན་ཏེ་དར་ཆེན་བཞི། ཐལ་ཕུང་སྒང༌། ཕྱག་འཚལ་སྒང༌། ས་སྦོག་སྒང༌།རྗེ་འབུམ་སྒང་སྟེ་སྒང་བཞི། ཤར་དུ་རྡོ་ཀེར་ཟུར་དང༌། ལྷོ་རུ་དུང་མཚོ་ཟུར། ནུབ་ཏུ་ཤ་གསར་ཟུར། བྱང་དུ་བན་རྫ་ཟུར་ཏེ་ཟུར་བཞི། ཀུན་བདེ་གླིང༌། བསྟན་རྒྱས་གླིང༌། ཚེ་སྨོན་གླིང༌། གྲིབ་ཚེ་མཆོག་གླིང་ཏེ་གླིང་བཞི། རབ་གསལ་བཙན་ཁང༌། གཡུ་ཐོག་བཙན་ཁང༌། ར་ཁ་སྨད་བཙན་ཁང༌།  རག་རྒྱབ་བཙན་ཁང་ཏེ་བཙན་ཁང་བཞི། ཡུན་རིང་ལྷ་ཁང༌། བཞི་སྡེ་སྙུང་གནས་ལྷ་ཁང༌། སྨོན་གྲོལ་སྒྲོལ་མ་ལྷ་ཁང༌། ཞི་ཁྲོ་ལྷ་ཁང་ཏེ་ལྷ་ཁང་བཞི། སྣང་རྩེ་ཤག དགའ་རུ་ཤག སྟག་ལུང་ཤག སྒ་མཁར་ཤག་སྟེ་ཤག་བཞི། དགའ་ལྡན་ཁང་གསར། དཔལ་རབ་ཁང་གསར། རབ་བརྟན་ཁང་གསར། སྦྱར་བ་ཁང་གསར་ཏེ་ཁང་གསར་བཞི། ཕྱིས་སུ་ཧོར་ཁང་གསར་དང༌། ཡབ་གཞིས་ཕུན་ཚོགས་ཁང་གསར་ཞེས་པའང་བྱུང༌། ཡང་ཟོང་ར་སྤ་ར། གུང་སྤ་ར། བྱམས་ཁང་སྤ་ར། ལག་ཁང་སྤ་ར་སྟེ་སྤ་ར་བཞི། སྡེ་དཔོན་དགའ་བཞི་བ། སྡེ་དཔོན་ཕ་ལྷ་བ། སྡེ་དཔོན་བསམ་གྲུབ་ཕོ་བྲང༌། སྡེ་དཔོན་ང་ཕོད་དེ་སྡེ་དཔོན་བཞི།རྩེ་ཕོ་བྲང༌། སྤྱན་གསལ་ཕོ་བྲང༌། འབྲས་སྤུངས་ཕོ་བྲང༌། ཕོ་བྲང་གསར་བ་སྟེ་ཕོ་བྲང་བཞི། ཨ་ཏི་ལྕང་གསེབ། བསྟན་དགོན་ལྕང་གསེབ། མེ་ཏོག་ལྕང་གསེབ། མི་དཔོན་ལྕང་གསེབ་སྟེ་ལྕང་གསེབ་བཞི། ད་དུང་ཁྲོམ་གཟིགས་སྒང་ནུབ་ངོས་སུ་གཏུན་ཀོང་ཆུ་མིག བཤད་སྒྲའི་མདུན་གྱི་ལྐུགས་པ་ཆུ་མིག ཀླུ་སྦུག་ནུབ་ཀྱི་རྒྱ་ནག་ཆུ་མིག ཀུན་བཟང་རྩེའི་ནུབ་ཀྱི་ཁང་དཀར་ཆུ་མིག་སྟེ་ཆུ་མིག་བཞི། འདི་ལ་རྡོ་ཀོར་ཀོར་ཆུ་མིག་ཀྱང་ཟེར། ལྕགས་པོ་རིའི་མདུན་དུ་འདོད་འཇོ་ཟམ་པ། བོད་དམག་ཁུལ་ཁང་ནུབ་ངོས་སུ་སྐལ་བཟང་ཟམ་པ། གྲོང་ཁྱེར་མི་དམངས་སྨན་ཁང་གི་འགྲམ་ལ་སྨོན་གྲོལ་ཟམ་པ། ནོར་གླིང་ལམ་གྱི་ཆང་འགོ་ཟམ་པ། ཀརྨ་དགོན་གསར་ལམ་གྱི་ལྕགས་ཀྱི་ཟམ་པ། ར་མོ་ཆེའི་རྡོ་ཟམ་དང༌། གཡུ་ཐོག་ཟམ་པ་དེ་སྔ་ལྷ་ས་ནས་པོ་ཏ་ལའི་བར་གྱི་གཞུང་ལམ་གཙོ་བོ་ཡིན་ལ་ལྷ་སའི་རྫབ་ཆུ་གཙོ་བོ་ཟམ་པ་དེ་བརྒྱུད་ནས་འགྲོ་བ་དང༌། ཟམ་པ་དེའི་བཟོ་རྩལ་ནི་བོད་རྒྱའི་ལག་རྩལ་ཟུང་འབྲེལ་བྱས་པ་ཞིག་ཡིན། ཡང་ལྷ་སའི་ནུབ་ཕྱོགས་སྟོད་ལུང་ཁྲི་ཟམ་ཟེར་བར་སྔར་ནས་ཟམ་པ་ཡོད་ཀྱང་ཆུ་རྒྱུན་ཆེ་བས་ཟམ་པ་བརྟན་པོ་མེད་སྟབས། 1937ལོར་བཀའ་ཤག་སྲིད་གཞུང་གིས་ཛ་སག་ཚ་རོང་ཟླ་བཟང་དགྲ་འདུལ་དང༌། མགྲོན་གཉེར་ཐུབ་བསྟན་ངག་དབང་གཉིས་ལ་ཕྱི་ལུགས་ཀྱི་ཟམ་པ་གསར་སྐྲུན་བྱ་རྒྱུའི་ལས་འགན་སྤྲད་ནས་ཕྱི་རྒྱལ་ནས་ལྕགས་གདུང་དང༌། ཨར་འདམ་སོགས་རྟ་དྲེལ་ལ་བརྟེན་ནས་དབོར་འདྲེན་གྱིས་བོད་དུ་ཐོག་མར་སྤྱི་ཚོགས་སྔོན་ཐོན་གྱི་རྗེས་སྙེག་པའི་ཨར་འདམ་དང་ལྕགས་གདུང་ལས་གྲུབ་པའི་ལྕགས་ཟམ་ཞིག་བསྐྲུན། ཟམ་པ་དེ1916བར་འགྲུལ་བ་ཕར་འགྲོ་ཚུར་འོང་ཐད་ཕན་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཟམ་ཤུལ་ད་ལྟའང་བསྡད་ཡོད་པ་དང་ཟམ་ཤུལ་གྱི་ལྕགས་རྙིང་བ་རྣམས་སྟོད་ལུང་གི་ལུང་བ་ཟམ་པར་བེད་སྤྱད་དེ་ད་ལྟ་མཐོང་རྒྱུ་ཡོད། ད་དུང་ལྷ་སར་ཟམ་ཆུང་མང་བོ་ཡོད།

མཐའ་འཁོར་གྱི་རང་བཞིན་ཁོར་ཡུག་ཏུ་མཚོན་ན་དབྱར་དུས་སེར་སྐྱ་རྣམས་དགའ་སྤྲོ་རྩེད་འཇོའི་དཔལ་ལ་རོལ་བའི་དབྱར་སྐྱིད་གཏོང་ཡུལ་གྱི་ནོར་བུ་གླིང་ཀ  ནོར་སྟོད་གླིང་ཀ  བཞུགས་ཁྲི་གླིང་ཀ  རྩེ་དྲུང་གླིང་ཀ་སོགས་གླིང་ཀ་སུམ་ཅུ་སྐོར་ཡོད། ད་དུང་རྒྱལ་བོ་སྲོང་བཙན་དང་རྒྱ་བཟས་བཙུགས་པའི་ཇོ་ཁང་གི་མདུན་གྱི་ཇོ་བོའི་དབུ་སྐྲ་ཞེས་པའི་རྒྱ་ལྕང་ལོ་མ། སྦྲ་ནག་ཞོལ་དུ་སྡོང་བོ་ཚང་དུ་རྒྱ་ལྕང་གཅིག  ནུབ་ཞོལ་ལྕང་མ་ཁང་གསར་དུ་རྒྱ་ལྕང་སྡོང་བོ་གཅིག་སྟེ་ལྷོ་སྦོམ་མདའི་རྒྱབ་ཏུ་ཡོབ་འབོག་གི་སྡོང་བོ་གཅིག  བྱང་ར་མོ་ཆེ་ལྕང་རག་ནང་རྒྱ་ལྕང་རྐང་གཅིག་སྟེ་ལོ་རྒྱུས་ལྡན་པའི་སྡོང་བོ་ལྔ་ཡོད།

ད་ལྟ་འདི་དག་འཚོལ་དཀའ་སྟེ། ལྷ་སའི་རྣམ་པ་ངོ་མ་དེ་འཚོལ་འདོད་ཅིང་རྣམ་པ་དེ་ལས་བོད་ཀྱི་རིག་གནས་དང་ལོ་རྒྱུས། ཆབ་སྲིད་དཔལ་འབྱོར་བཅས་ལ་རྒྱུས་ལོན་བྱ་འདོད་ན་འདིའི་སྐོར་གྱི་དཔེ་ཆ་ལ་བལྟ་དགོས་པ་ཡིན། དེ་རིང་གི་ཚུལ་ལ་བལྟས་ན་ལྷ་སས་དེང་རབས་ཅན་ལ་སྙེག་པའི་ལམ་ཁར་གོ་འཛོལ་བྱུང་ནས་ཧོང་ཀང་གི་ཁྱད་ཆོས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་སྒྱུར་གྱིན་འདུག

སྐབས་འདིར་ངས་ལྷ་སས་ཀྱང་དེང་རབས་ཅན་ལ་བསྙེག་དགོས་མོད། ལྷ་སའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་བསྙེག་པ་ལས་ཧོང་ཀོང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་སྙེག་མི་རུང་ཞེས་པཎ་ཆེན་རིན་པོ་ཆེས་གསུང་རྩ་ཆེན་དེ་དྲན་བྱུང༌།  

            མུ་འགོད།

ངེད་དྲ་ཚིགས།

1 Comment on ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ལྷ་ས།

  1. བཙན་པོ། // 12/04/2014 at 4:41 pm // Reply

    རྩོམ་ཡིག་འདིས་གནའ་བོས་ལྷ་ས་གྲོང་ཁྱེར་ལ་སྐོར་ལྟ་བྱེད་རྒྱུ་བྱུང་སོང་། མུ་འགོད་ལ་མིག་གཅེར་ནས་བསྡད་ཡོད།

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s