པུ་ཧྲངས་ཀྱི་རྒྱལ་པོ་ལྷ་བླ་མའི་ཞལ་མངའ་(སྔ) ནས་། བོད་དབུས་ཀྱི་སྔགས་པ་རྣམས་ལ་བརྫངས་པ་གཉན་པོ་མཛད་ཅིང་ལྟ་བ་བསྲང་བར་ཞུའོ།

གཅིག

འོ་སྐོལ་མི་མཇེད་ལྷོ་ཡི་འཛམ་གླིང་འདིར།།

སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་ཏེ།།

བརྒྱད་ཁྲི་བཞི་སྟོང་ཉོན་མོངས་གཉེན་པོ་རུ།།

སྡེ་སྣོད་གསུམ་དང་བརྒྱད་ཁྲི་བཞི་སྟོང་གསུང་(གསུངས)།།

རྒྱུད་དང་གཉེན་པོ་དོན་དུ་གསུངས་པ་ནི།།

མི་དགེ་བཅུ་དང་མཚམས་མེད་རྣམ་པ་ལྔ།།

དེ་ལས་བཟློགས་པའི་ཆོས་ཀྱི་རྒྱུ་འབྲས་ནི།།

བདེན་བཞིའི་སྒོར་ཞུགས་ཉིས་བརྒྱ་ལྔ་བཅུ་གསུང་(གསུངས)།།

མཐོང་དང་གོམས་པས་ཉོན་མོངས་བརྒྱད་ཅུ་གཉིས།།

ཉན་ཐོས་ཐེག་པ་ཉི་མའི་གཉེན་གྱིས་གསུང་(གསུངས)།།

ཕྱི་ནང་ཆོས་རྣམས་རྟེན་འབྲེལ་བཅུ་གཉིས་སུ།།

རྟོགས་ནས་རང་གི་བྱང་ཆུབ་རིམ་གྱི་(གྱིས)སྒྲུབ།།

ཡ་མ་ཟུང་གི་རྫུ་འཕྲུལ་མཐུ་ལྡན་པ།།

རང་རྒྱལ་ཐེག་པ་(ཡིག་འབྲུ་གཉིས་ཆད)མགོན་པོས་བཙན།།

བདེན་པ་གཉིས་ཀྱིས་འགྲོ་བའི་དོན་མཛད་ཅིང་།།

ཕྱི་ནང་ཆོས་རྣམས་སྟོང་པའི་ངོ་བོར་མཁྱེན།།

ཕ་རོལ་ཕྱིན་རྣམས་རིམ་གྱིས་རྫོགས་མཛད་པ།།

བླ་མ་མེད་པའི་ཐེག་པར་སྟོན་པས་གསུང་(གསུངས)།།

གཉིས་པ།

གྲོང་ན་གནས་པའི་མཁན་པོ་སྔགས་པ་རྣམས།།

ཐེག་པ་དེ་གསུམ་གང་དང་འབྲེལ་མེད་པར།།

ངེད་ཅག་ཐེག་ཆེན་ཡིན་ཞེས་ཟེར་བ་ནི་(དང་)།།

ཐེག་པ་ཆེན་པོའི་ཚུལ་སྤྱོད་གཏན་མེད་པར།།

ཐེག་པ་ཆེན་པོ་ཡིན་ཞེས་ཟེར་བ་ནི།།

སྤྲང་པོ་(པོས)རྒྱལ་པོ་ཡིན་ཞེས་ཟེར་བ་འདྲ།།

ཐེག་ཆེན་མིན་པ་ཐེག་ཆེན་མཁས་ཆེ་བ།།

བོང་བུ་(བུས)སེང་གེའི་ཕགས་(པགས)པ་གྱོན་པ་འདྲ།།

བཞུང་(གཞུང་)འཛིན་གཉིས་སྤང་(སྤངས)ཚོགས་ཆེན་གཉིས་རྫོགས་པ།།

ས་བཅུའི་རྒྱལ་ཚབ་འཕགས་པ་བྱམས་པ་ཡང་།།

ཤེས་བྱའི་སྒྲིབ་པ་ད་དུང་མ་བྱང་ན།།

དེ་བས་སྙིགས་མའི་སེམས་ཅན་འཕགས་སམ་ཅི།།

འདོད་ལྔ་བུ་མད་(བུད་མེད) རྫབ་ལས་མ་ཐར་བར།།

ཆོས་ཀྱི་སྐུ་ཡིན་ཟེར་བ་ཡ་མཚན་ཆེ།།

མི་དགེ་བཅུ་སྤྱོད་ཁྱི་ཕག་བརྟུལ་ཞུགས་ཅན།།

མི་སྟེགས་འབའ་འཇི་བ་ཡི་ཆོས་སྤྱོད་ཁྱེད།།

ངེད་ཅག་སངས་རྒྱས་ཡིན་ཞེས་ཟེར་བ་ནི།།

བདུད་ཀྱིས་བསླུས་སམ་ཡང་ན་སྨྱོ་བར་ངེས།།

མནའ་(གནའ)སྔོན་བོད་ཡུལ་དབུས་སུ་ཆོས་བྱུང་བ།།

ངན་སོང་སྒོ་གཅོད་ཐར་པའི་ལམ་སྟོན་པ།།

སྡེ་སྣོད་རིན་ཆེན་གསུམ་པོ་དར་ཞིང་རྒྱས།།

སྔོན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིས།།

བཀའ་དང་བསྟུན་ནས་ཆོས་ལོག་འདི་བཀག་སྟེ།།

ཀུན་གྱི་ལྟ་བསྲང་མཐོ་རིས་སྒོ་ཕྱེ་བས།།

སེམས་ཅན་མང་པོ་བླ་མེད་ལམ་དུ་ཆུད།།

ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས།།

རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར།།

ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ།།

ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར།།

དེ་ཡིས་རྒྱལ་ཁམས་ཕུང་སྟེ་འདི་ལྟར་གྱུར།།

སྒྲོལ་བ་དར་བས་ར་ལུག་ཉལ་ཐག་བཅད།།

སྦྱོར་བ་དར་བས་མི་རིགས་འཆོལ་བ་འདྲེས།།

སྲིང་པོ་ཤ་ཟ་མཆོད་པས་མི་ནད་ཕྱུག་ནད་བྱུང་།།

སྨན་སྒྲུབ་དར་བས་ནད་པས་གསོ་རྐྱེན་ཆད།།

བམ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་།།

མཆོད་སྒྲུབ་དར་བས་མི་ལ་གསོན་སྒྲོལ་བྱུང་།།

མེ་བསུར་དུད་པ་བཏང་བས་ཡུལ་གྱི་ལྷ་ཀླུ་འཕངས།།

དེ་ལྟར་སྤྱོད་པ་ཐེག་ཆེན་ཡིན་ནམ་ཅི།།

ཁྱེད་ཅག་གྲོང་གི་མཁན་པོ་སྔགས་པའི་སྤྱོད་ཚུལ་འདི།།

རྒྱལ་ཁམས་གཞན་དུ་ཐོས་ན་གཞན་དག་ངོ་མཚར་རྒྱུ།།

ངེད་ཅག་སངས་རྒྱས་ཡིན་ནོ་ཟེར་བའི་སྤྱོད་པ་ནི།།

ལས་ཀྱི་སྲིན་པོ་བས་ནི་སྙིང་རྗེ་ཆུང་།།

ཁྲ་དང་སྤྱང་ཀུ་བས་ནི་ཤ་དད་ཆེ།།

བོང་རེང་གླང་རེང་བས་ནི་འདོད་ཆགས་ཆེ།།

ཁང་རུལ་སྤུར་ཁོག་བས་ནི་སྐྱུར་དད་ཆེ།།

ཁྱི་དང་ཕག་པ་བས་ནི་གཙང་བཙོག་ཆུང་།།

གཙང་མ་ལྷའི་རིགས་ལ་དྲི་ཆེན་དང་།།

དྲི་ཆུ་ཁུ་ཁྲག་དག་གིས་མཆོད་འབུལ་བས།།

རོ་ཉག་འདམ་དུ་སྐྱེ་བ་སྙིང་རེ་རྗེ།།

སྡེ་སྣོད་གསུམ་གྱི་ཆོས་ལ་བསྐུར་བཏབ་པས།།

མནར་མེད་དམྱལ་བར་སྐྱེ་བ་སྙིང་རེ་རྗེ།།

སྒྲོལ་བས་སྲོག་ཆགས་བསད་པའི་རྣམ་སྨིན་གྱིས།།

ལས་ཀྱིས་(ཀྱི) སྲིན་པོར་སྐྱེ་བ་སྙིང་རེ་རྗེ།།

སྦྱོར་བས་འདོད་ཆགས་དར་བའི་རྣམ་སྨིན་གྱིས།།

མངལ་གྱི་སྲིན་བུར་སྐྱེ་བ་སྙིང་རེ་རྗེ།།

ཤ་ཁྲག་གཅིན་གྱིས་དཀོན་མཆོག་གསུམ་མཆོད་ཅིང་།།

ལྡེམ་དགོངས་མི་ཤེས་དྲང་ཐད་ཆོས་སྤྱོད་པ།།

གནོད་སྦྱིན་སྲིན་པོར་སྐྱེ་བ་ཐེག་ཆེན་པ།།

དེ་ལྟར་སྤྱོད་པའི་སངས་རྒྱས་ཨེ་མ་མཚར།།

ཁྱེད་ཀྱི་སྤྱོད་པ་འདི་ཀས་སངས་རྒྱ་ན།།

བརྔོན་(རྔོན) པ་ཉ་པ་གཤན་(ཤན) པ་སྨད་འཚོང་མ།།

གཅིག་ཀྱང་མ་ལུས་བྱང་ཆུབ་ཐོབ་པར་ངེས།།

གསུམ།

ཁྱེད་ཅག་གྲོང་གི་མཁན་པོ་སྔགས་པ་ཀུན།།

ངེད་ཅག་ཐེག་ཆེན་ཡིན་ཞེས་མ་ཟེར་བར།།

ཕྱིན་ཅི་ལོག་གི་ལྟ་བ་འདི་སྤོང་ལ།།

མ་ནོར་དྲི་མེད་སྡེ་སྣོད་གསུམ་ལ་སྤྱོད།།

སྔ་ཕྱོགས་མི་དགེ་བཅུ་སྤྱད་མཐོལ་བཤགས་ཀྱིས།།

དེ་ལྟར་མ་སྤྱད་ཆོས་ལོག་འདི་སྤྱད་ན།།

ལས་ཀྱི་རྣམ་པར་སྨིན་པས་མི་བསླུ་སྟེ།།

སྟོན་པའི་ཞལ་ནས་གསུང་པའི་བཀའ་དག་ལས།།

ཆོས་ཉིད་སྟོང་པར་གསུང་(གསུངས་)པ་བདེན་མོད་ཀྱི།།

ལས་ཀྱི་རྣམ་པར་སྨིན་པ་ཡིད་ཆེས་བྱོས།།

ལས་རྣམས་མི་བསླུ་རང་གི་ཕྱི་བཞིན་འབྲངས།།

འབྱུང་བ་བཞི་ལ་རྣམ་སྨིན་མི་འགྱུར་བར།།

ངན་སོང་གསུམ་གྱི་སྡུག་བསྔལ་མི་བཟོད་པས།།

སྤྱོད་ངན་འདི་སྤོང་སྡེ་སྣོད་གསུམ་པོ་སྤྱོད།།

ཐེག་པ་ཆེན་པོར་སྨོན་ཅིང་འདོད་པ་རྣམས།།

ཚོགས་གཉིས་བསོག་ཅིང་བཟུང་(གསུང་)འཛིན་རྣམ་གཉིས་སྤོང་།།

སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་བཅུ་སྤྱོད།།

བྱང་ཆུབ་སེམས་པའི་སྤྱོད་པ་མཐའ་དག་སྒྲུབས།།

བྱམས་དང་སྙིང་རྗེས་འགྲོ་དོན་རྫོགས་པར་གྱིས།།

དེ་ལྟར་སྤྱོད་པ་ཐེག་པ་ཆེན་པོ་ཡིན།།

ཁྱེད་ཆག་འབའ་འཇི་རྣམས་ལ་སྐུར་(བསྐུར)བ་འདིས།།

ཐེག་ཆེན་སྤྱོད་པ་མ་བོར་བསྙེན་པར་གྱིས།།

གཏི་མུག་མུན་པའི་ཚོགས་ཀྱིས་ཤེས་རབ་རྨོངས།།

འདོད་ཆགས་རྒྱ་མཚོའི་འདམ་དུ་རྣམ་ཤེས་བྱིངས།།

ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན།།

ཕྲག་དོགས་རླུངས་དམར་འཚུབ་མས་འཁོར་བར་གཡེངས།།

བདག་ཏུ་འཛིན་པའི་མདུད་པ་དམ་པོས་བཅིངས།།

ཐར་པ་ཐོབ་པ་དཀའ་མོར་མི་འཆིའམ།།

པུ་ཧྲངས་ཀྱི་རྒྱལ་པོ་ལྷ་བླ་མས་བོད་ཀྱི་སྔགས་པ་རྣམས་ལ་བརྫངས་པ་རྫོགས་སོ།།

ངེད་དྲ་ཚིགས་ཀྱིས་ཡི་གེར་ཕབ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading