མ་རྩོམ:ཀོ་བུན་ཆན།   འབྲོག་མྱིའི་བསྒྱུར། 

        ཞི་ཅིན་ཕེང་ནི་རྒྱ་ནག་གི་དཔོན་རབས་ལྔ་བ་དེ་ཡིན་ཞིང་། ཟིང་པོའི་དུས་རབས་ཤིག་དང་ཁེལ་སྟབས། ཁུར་དུ་མ་བླངས་རང་བླངས་ཆགས་པ་ནི་ཕྱི་ནང་གཉིས་ཀར་དཀའ་སྡུག་གིས་ཁེངས་ཤིང་། ཕྱོགས་བཞིར་ཉེན་ཁར་ཐུག་ཅིང་རྒྱ་འུབས་མི་འདུས་པའི་གོག་ཧྲུལ་དུ་སོང་པའི་སྤྱི་ཚོགས་ཤིག་རེད།

      ཁོང་ལ་མའོ་ཙེ་ཏུང་དང་ཏུན་ཞོ་ཕེང་ལྟ་བུའི་དབང་གྲགས་མི་འཛོམས་ལ། ཅང་ཙེ་མེ་དང་ཧོའུ་ཅིན་ཐའོ་ལྟ་བུ་ལས་ཆེན་བསོད་བདེ་ཞིག་ཀྱང་མིན། ཐ་ན་རྟ་རྒྱུགས་མདའ་འཕེན་གླུ་ལེན་གར་རྩེད་ཀྱི་ལྷོད་གཡེང་ཙམ་ལ་རོལ་རྒྱུའི་ཁོམ་པའང་བྱུང་མེད།
ཞི་ཅིན་ཕེང་དམར་ཤོག་ཚོགས་པ་རྩ་མེད་དུ་འཇིག་པའི་རྒྱལ་པོ་དེ་བྱེད་མི་འདོད་ན་བྱས་རྗེས་གང་འཚམ་ཞིག་འཇོག་ཐུབ་དགོས་པས་ངེས་པར་དུ་རང་ཉིད་སྐྱོབ་ནུས་པའི་ལམ་ཁ་ཞིག་འཚོལ་དགོས། དབང་ཆའི་སྟེགས་བུ་རེག་མ་ཐག་རྒྱ་ནག་གི་རྨི་ལམཞེས་པའི་གསལ་ལ་མི་གསལ་བའི་སྒྲུང་ཞིག་བཤད་ཞོར། ར་བཟི་བ་ལྟ་བུའི་འཁྱར་འཁྱོར་གྱི་གོམ་སྟབས་ཤིག་སྤོས་ནས། མའོ་ཙེ་ཏུང་དང་ཏུན་ཞོ་ཕེང་གཉིས་ཀའི་ཁྱད་ཆོས་ལྡན་པའི་ལྟ་བ་དང་ལངས་ཕྱོགས་ཤིག་བཟུང་ནས། གཡས་གཡོན་ལ་བསམ་བློ་མི་གཏོང་། རྒན་གཞོན་ལ་གུས་བཀུར་མི་བྱེད། ཕྱི་ནང་ལ་འཛེམ་བག་མེད་པར་སྟག་ལ་ཐུག་ན་སྟག་འཛིན་ཞིང་། སྦྲང་མར་ཐུག་ན་སྦྲང་མ་གསོད་པའི་གླང་ཆེན་སྨྱོན་པའི་ངང་ཚུལ་དེ།  མི་རྣམས་ལ་སྨུག་ཞག་ནང་ནས་མེ་ཏོག་ལ་ལྟ་བ་ནང་བཞིན་རབ་བི་རིབ་བི་ཞིག་གི་ཚོར་བ་བྱིན་ཡོད།
རྒྱ་ནག་གི་སྲིད་དབང་ཡོད་ཚད་ཉིན་གཅིག་ལ་བཟུང་ནས་ལོ་གཉིས་ཀྱི་རྗེས་སུ། ཞི་ཅིན་ཕེང་གི་བསམ་བཞིན་དུ་མག་མོག་ཅན་ཏུ་བསྒྱུར་བའི་སྣང་བརྙན་དེ་ཇེ་གསལ་ནས་ཅུང་གསལ་བོར་གྱུར་ཡོད་པས་ད་ནས་བཟུང་མི་རྣམས་ཀྱིས་འོལ་ཚོད་དང་སེམས་ཁུར་བྱེད་མི་དགོས།
ཞི་ཅིན་ཕེང་གི་བསམ་བློ་ན་ཞི་བར་འཇགས་པ་དེ་མདོར་བསྡུས་ན་ཚིག་གཅིག་སྟེ། དམར་ཤོག་ཚོགས་པ་སྐྱོབ་སྐྱོང་དང་རང་ཉིད་ཀྱི་དབང་ཆ་དམ་འཛིན་བྱེད་རྒྱུ་དེ་རེད།
ཞི་ཅིན་ཕེང་གི་འགན་ཁུར་གཉིས་ནི། ཏང་གི་གནམ་འོག་ཡིན་པའི་གནས་སྟངས་དང་དམར་པོའི་རྒྱལ་སྲིད་སྲུང་སྐྱོབ་། དེ་དང་དུས་མཉམ་དུ་རུས་པའི་ཧ་གསེང་དུ་འཐིམ་པའི་དམར་ཚོགས་ནང་ཁུལ་གྱི་རུལ་སུངས་རིགས་དག་ཏེར་བྱས་པ་བརྒྱུད་མི་སེམས་འགུག་རྒྱུ་བཅས་རེད།
སྟགམོད་པོ་བསད་པ་ནི་ཞི་ཅིན་ཕེང་ལ་མི་སེམས་རེག་པའི་རྐྱེན་ཆེ་ཤོས་དེ་རེད་ཅེས་བཤད་ན་མི་འགྲིག་པ་མེད། ཤེད་ཤུགས་ཀྱི་ཚད་དང་། རྒྱ་ཆེ་ཆུང་གི་ཚད། གཏིང་ཟབ་ཚད་སོགས་ཕྱོགས་གང་ནས་བལྟས་ཀྱང་ཅང་ཙེ་མེན་དང་ཧོའུ་ཅིན་ཐའོ་ཡི་དུས་རབས་དང་བསྡུར་ན་རྦད་དེ་དྲག་པས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་དེ་ནི་བསྟོད་རིན་ཡོད་པའི་གཞི་རུ་འོས།
ཡིན་ན་ཡང་། ཚོགས་པ་གཅིག་གིས་སྒེར་འཛིན་བྱས་པ་ནི་རུལ་སུངས་བྱུང་རྐྱེན་གྱི་ལམ་ལུགས་འབྱུང་ཁུངས་དེ་ཡིན། སྐྱག་དོང་གཙང་བཟོ་མ་བྱས་ཚེ། དབང་ཆ་ཆེ་ཆུང་ཚང་མར་བཏང་འཛིན་བྱས་པའི་དམར་ཚོགས་ནང་ཁུལ་གྱི་རུལ་སུངས་བ་རྣམས་ཀྱིས་སྦྲང་མས་སྐྱག་དྲི་བདའ་བ་བཞིན་གཅིག་ལས་གཅིག་མགྱོགས་ཁེ་ཕན་ཕྱོགས་སུ་རྒྱུགས་ངེས་ཡིན། རྒྱལ་པོ་ཞི་ཅིན་ཕེང་ལ་དབུ་གསུམ་ཕྱག་དྲུག་ལྡན་པའི་དབང་དུ་བཏང་ཡང་གཙང་སེལ་བྱེད་རྒྱུའི་ནུས་པ་ཨེ་འཛོམས་སམ། ད་ལྟ་ཞི་ཅིན་ཕེང་ཅི་བྱ་རྟོལ་མེད་ཀྱི་སྣ་བྲག་ལ་ཐུག་ཡོད་པས་མདུན་བསྐྱོན་མི་ནུས་ལ་ཕྱི་ནུར་དེ་བས་ཀྱང་མི་ཕོད། རུལ་སུངས་ལ་རྡུང་རྡེག་མ་བྱས་ན། རྒྱ་ཆེའི་མི་དམངས་ཀྱིས་དམར་ཤོག་ཚོགས་པ་མཆིལ་མ་བཞིན་འདོར་ངེས་ཡིན། རུལ་སུངས་ལ་མི་མཐུད་ནས་རྡུང་རྡེག་བྱས་ཚེ། དམར་ཤོག་ཚོགས་པའི་དབང་ཆའི་རྨང་གཞི་ལ་གནོད་པ་མ་ཟད། རྒྱལ་ཁབ་ཀྱི་གཞི་རྟེན་ལ་གཡོ་འགུལ་ཐེབས་ཀྱང་སྲིད།
ཉིན་ཤས་སྔོན་འབྲེལ་ཡོད་མི་སྣ་ཞིག་གིས་ཝང་ཆས་ཧྲན་གྱི་སྐད་ཆ་ཁྱེར་ནས་ནིའུ་ཡོག་ཏུ་བསླེབས་པ་དང་། དེ་ཡིསརྩ་བ་ནས་བཅོས་སྐྱོང་བྱེད་རྒྱུ་དེ་ང་ཚོ་མི་རབས་འདིའི་ཐེག་པ་ཞིག་མིནཟེར། དེ་ནི་ཚིག་གཅིག་གིས་གསང་བ་ཕྱིར་གྱར་བའི་དཔེ་རེད།  ཝང་ཆས་ཧྲན་གྱི་ཕྱི་ལྤགས་བཅོས་སྐྱོང་བྱེད་སྲོལ་དེ  “རྩ་བ་བཅོས་སྐྱོང་བྱེད་རྒྱུར་དུས་ཚོད་རྩོད་ལེན་བྱས་པཙམ་རེད། དོན་དངོས་སུ་དེ་ནི་དམར་ཤོག་ཚོགས་པས་མུ་ནས་མུ་རུ་དབང་བསྒྱུར་བྱེད་རྒྱུར་ཁག་ཐེག་ཡོང་ཆེད་དམིགས་པའི་ཁ་གཡར་ས་ཙམ་ལས་མ་འདས།
ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ལས་གཞན། ཞི་ཅིན་ཕེང་གི་དབང་བསྒྱུར་བའི་འདས་པའི་ལོ་གཉིས་ཀྱི་ནང་དུ། མཛའ་མཐུན་བྱམས་སྐྱོང་དང་བྲལ་བར་ངོས་འཛིན་བྱས་ཆོག་པར་སྙམ། ཁོང་གིས་མའོ་ཙེ་ཏུང་གི་དར་ཆ་དགུང་དུ་འཕྱར་ནས་ལམ་རྙིང་དེ་དེད་པ་མ་ཟད། དབང་ཆ་ཧམ་འཛིན་དང་། མི་སྒེར་ལ་དད་གུས་ཀྱི་ལས་དག་སྤེལ་བ་དང་། སྨྲ་བརྗོད་ཀྱི་ལམ་ཁ་བཀག་པ། ལྟ་སྤྱོད་མི་མཐུན་མཁན་ཚོར་རྡུང་རྡེག་ཚ་ནན་བྱེད་པ་སོགས། ཆོས་ཉིད་ལས་ལྡོག་ཅིང་དམངས་སེམས་དང་འགལ་ཡོད། ཞི་ཅིན་ཕེང་གིས་དབང་ཆ་བཟུང་བའི་ལོ་གཉིས་ཀྱི་ནང་དུ་འཛིན་བཟུང་བྱས་པའི་ཉེས་མེད་ཉེས་ཅན་གྱི་གྲངས་ཀ་དེ་ཧོའུ་ཅིན་ཐའོ་དང་བུན་ཐ་པོའོ་ཡིས་ལོ་བཅུ་ལས་ཀྱང་བརྒལ་ཡོད་པ་དང་། མི་རྣམས་ཀྱིས་ཧོའུ་ཅིན་ཐའོ་ཡི་འཆམ་མཐུན་ལ་ཡི་རང་དང་སེམས་པ་འཕྲེང་གིན་ཡོད།
ཞི་ཅིན་ཕེང་དབང་ཆའི་གར་སྟེགས་སྟེང་བུད་མ་ཐགསྟོང་གཏམ་རྒྱལ་ཁབ་ཕུང་པའི་སྔ་ལྟས། ལག་ལེན་རྒྱལ་ཁབ་རྒྱས་པའི་གཞི་མཞེས་བཤད་པར་མི་རྣམས་པའི་དགའ་བསུ་བྱས་ཡོད། ཡིན་མོད་ཀྱང་། འདས་པའི་ལོ་གཉིས་ནང་གི་ཅི་བྱས་ཅི་བསྒྲུབས་ལས་སྐད་ཆ་དེ་ཁ་སྟོང་ནང་གི་ཚིག་སྟོང་དུ་གྱུར་ཡོད་ལ། ཞི་ཅིན་ཕེང་གི་ཁས་བླངས་པའིཀྲུང་གོའི་རྨི་ལམདང་།རྒྱལ་ཁབ་ཁྲིམས་ཀྱིས་སྐྱོངདབང་ཆ་བཙོན་ལ་ཆུགསསོགས་ནི་མིང་དོན་མཚུངས་པའི་སྟོང་བཤད་དང་། མི་དམངས་ལ་མགོ་གཡོག་མགོ་སྐོར་བཏང་བ་རང་མ་ཡིན་ནམ།
ཞི་ཅིན་ཕེང་མི་གཅིག་གིས་འགན་མོད་པོ་གཅིག་ལྕོགས་བྱས་པའི་གཡོ་ཐབས་ལ་བརྟེན་ནས་དབང་ཆ་ཡོད་ཚད་སྒེར་གཅོད་བྱས་ཡོད་པ་དང་། ཧོའུ་ཅིན་ཐའོ་ཡིས་ལོ་བཅུའི་རིང་ཡང་དེ་ལྟ་བུའི་དབང་ཆ་འཛིན་ཐུབ་མེད། ཡིན་ན་ཡང་། ཞི་ཅིན་ཕེང་ནི་ཏུན་ཞོ་ཕེང་གི་རྗེས་སུ་རྒྱ་དམར་ཚང་གི་དབང་ཤུགས་ཅན་གྱི་དབུ་ཁྲིད་ཡིན་ཟེར་ན། གཅིག་བགྱིས་ན་དེ་ཅུང་སྔ་ཡོད་པར་སེམས། དེ་ནི་རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཀྱི་བསམ་བཞིན་དུ་བསྐྲུན་པའི་གླེང་ཕྱོགས་ཤིག་རེད། དོན་དངོས་སུ་ཞི་ཅིན་ཕེང་གིས་ཅང་ཙེ་མེན་གྱི་དབང་ཆ་འདྲ་བོ་ཞིག་ཀྱང་ད་དུང་བཏང་འཛིན་ཐུབ་མེད། ཉེ་ཆར་བསྐོངས་པའི་ཚོགས་ཆེན་བཞི་བའི་སྔོན་ཀྲང་ཡིག་ཞཱ་དང་ལིག་ཡོན་གཉིས་དམག་དོན་ལྷན་ཁང་གི་རྒྱུན་ལས་སུ་སྤར་སྲིད་པའི་གླེང་ཕྱོགས་ཤིག་ཐོན་པ་ལས། ཞི་ཅིན་ཕེང་གིས་ད་དུང་ཡང་དམག་ཁུལ་དུ་དབང་ཆ་ཡོངས་སུ་ཟིན་མེད་པ་མཚོན་ཡོད་ལ། ད་དུང་ཡང་དམར་རབས་གཉིས་པའི་སྤུན་གྲོགས་ཚོའི་དཔུང་རོགས་མཁོ་གལ་ཆེ་བ་མཚོན་ཡོད་ལ། མཐར་མཇུག་གོང་ཞུས་འཆར་བཀོད་དེ་མངལ་དུ་ཤི་བ་རེད།
ཉེ་ཆར། རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཀྱིས་རྩོམ་ཡིག་སྤེལ་ཏེ།ཇུས་འགོད་པ་གསར་བཞེས་པའི་གཟི་བརྗིད་ཅོད་པན་ཞིག་ཞི་ཅིན་ཕེང་ལ་གནང་ཡོད། དོན་དངོས་སུ་དེ་ནི་ཚོགས་ཆེན་གསུམ་པའི་སྐབས་བཏོན་པའི་དཔལ་འབྱོར་བཅོས་བསྒྱུར་ཞེས་པ་ཁེ་དབང་ཤོག་ཁག་གི་ནུས་ཤུགས་ཆེན་པོས་བཀག་འགོག་བྱས་ཏེ་དང་ཐོག་གི་འཆར་གཞི་ལྟར་སྤེལ་མ་ཐུབ་པའི་སེམས་ཁྲལ་གྱི་སེམས་ཁམས་དེ་མཚོན་ཡོད། དེ་དང་དུས་མཉམ་དུ། ཞི་ཅིན་ཕེང་རང་ཉིད་ཀྱི་དབང་ཤེད་ཁོ་ནས་མི་འདང་བར་མའོ་དང་ཏུན་གྱི་གཟི་བརྗིད་དབང་ཤེད་ལ་བརྟེན་ནས་ད་གཟོད་འགོག་རྡོ་གཏོར་ཏེ་ཚོགས་ཆེན་གསུམ་པའི་དགོངས་དོན་ལག་ལེན་དུ་བསྟར་ནས། ད་ལྟའི་དཔལ་འབྱོར་ཉམས་རྒུད་ཀྱི་ཁ་ལོ་བསྒྱུར་དགོས་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡང་མཚོན་ཡོད། རྒྱ་ཆེ་སའི་བརྟན་བརླིང་ཡོང་རྒྱུའི་ཆ་ནས་བཤད་ན། དེ་ནི་གལ་ཆེན་ནང་གི་འགངས་ཆེན་དེ་ཡིན།
གནད་དོན་ནི། ད་ལྟའི་རྒྱ་ནག་གི་འགལ་ཟླ་ཡོད་དོ་ཅོག་གི་འབྱུང་རྩ་ནི་ཚོགས་ཁག་གཅིག་གིས་སྲིད་དབང་སྒེར་སྡོམ་བྱས་པའི་ཆབ་སྲིད་སྒྲིག་གཞི་དེར་ཐུག་ཡོད།
རྒྱ་ནག་གི་ད་ལྟའི་གནས་སྟངས་དེ་ཚིག་གཉིས་ཀྱིས་གསལ་བཤད་བྱེད་ཐུབ་ལ། དེ་ནི། ལམ་དང་ལུགས་སྲོལ་སྔར་མུས་བཞིན། འབངས་ཀྱི་རྟོགས་པ་སྔར་ལས་སད།
དེ་རིང་གི་མི་སེར་གྱི་དགོས་འདུན་དང་འདོད་བློ་དེ་སྔོན་ཆད་དང་རྦད་དེ་མི་འདྲ། ཁོང་ཚོའི་དགོས་འདུན་ནི་ཕྱ་ལ་ཕྱེད་ལེའི་དཔལ་འབྱུར་བཅོས་བསྒྱུར་ཙམ་མིན་པར། ཆབ་སྲིད་བཅོས་བསྒྱུར་གྱི་ལས་ལ་ཞུགས་ཏེ། ཆབ་སྲིད་ཀྱི་དབང་ཆ་ཕྱིར་མི་དམངས་ལ་སྤྲད་ནས། དམངས་གཙོའི་ཁྲིམས་སྲིད་མངོན་པར་གྱུར་རྒྱུ་དེ་རེད། དེའི་ཐད། ཞི་ཅིན་ཕེང་དུས་ཀྱི་འཁོར་ཕྱོགས་ལ་རྨོངས་ཡོད་པས། དུས་རབས་ཀྱི་འགྲན་སློང་ལ་གདོང་ལེན་བྱེད་ཕོད་མེད། ཆག་སྲུང་ཞན་བསྐྱོར། རྙིང་ཞེན་བག་འཁུམ། དེ་སྔོན་གྱི་ལའེ་ཧོན་ཀྲང་ནང་བཞིན་ཕྱི་ལྤགས་ཞིག་གསོ་མཁན་ཞིག་བྱེད་རྒྱུ་ལས་མ་འདས། ཁང་རྙིང་ཀླད་རྡིབ་ཅིག་ལ་ཞིག་གསོ་ག་ཚོད་བྱས་ཀྱང་ངལ་བ་འབྲས་མེད་རང་ཡིན།
ཞི་ཅིན་ཕེང་གི་སྲིད་དབང་བཟུང་རྗེས། བསམ་བཞིན་དུ་མའོ་ཙེ་ཏུང་དང་ཏུན་ཞོ་ཕེང་གི་ལད་མོ་བྱས་ཏེ་ཆབ་སྲིད་མི་དྲག་གི་བཟོ་རྟ་འདོན་གྱིན་ཡོད། ལས་རྒྱུ་འབྲས་ཅན་གྱི་སྐད་ཆ་ཞིག་བཤད་ན། ཞི་ཡིས་བསླབ་པ་ནི་ཕྱི་ལྤགས་བ་སྤུ་ཙམ་རེད། ཁོང་ལ་མའོ་དང་ཏུན་ལ་ལྡན་པའི་དུས་རབས་ཤིག་གསར་དུ་འབྱེད་རྒྱུའི་སྤོབས་པ་དང་སྙིང་སྟོབས་མི་འཛོམས་ཤིང་། མའོ་དང་ཏུན་གྱི་གཟི་བརྗིད་དང་དབང་ཤེད་དེ་གནམ་ནས་ལྷུང་སོང་བ་མ་ཡིན་པར། དོན་དངོས་ལག་ལེན་ཁྲོད་འཐབ་ཅིང་རྩོད་པ་ལས་ཐོབ་པ་ཤར་སྟག་རེད། མའོ་ཡི་དེ་སྔོན་མོའུ་སི་ཁཱོ་ཡི་བཀའ་རྒྱ་གྱེན་ལྡོག་བྱེད་ཕོད་ལ། སོའུ་ལེན་གོང་མའི་བཀའ་ལུང་ལྟར་མི་བྱེད་པར་རང་ཉིད་ལ་གཏོགས་པའི་དམར་པོའི་རྒྱལ་སྲིད་བཟུང་བ་རེད། ཏུན་གྱིས་མའོ་ཙེ་ཏུང་གི་ཤུལ་བཞག་རིག་གནས་གསར་བརྗེ་ཆེན་མོ་བདུན་གསུམ་གྱི་བགོས་ནས་བསྒགས་ཡོད་པ་མ་ཟད། མའོ་ཡི་ལམ་ལུགས་ལས་ཤུན་ཏུ་གཡོན་པའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལམ་ལུགས་བཏོན་ནས་རང་ཉིད་ལ་གཏོགས་པའི་དུས་རབས་གསར་བ་ཞིག་འབྱེད་པ་རེད། ཞི་ཅིན་ཕེང་དུས་དེ་རིང་ད་དུང་ཡང་མའོ་དང་ཏུན་གྱི་གྲིབ་ནག་ནང་ནས་ཕྱིར་མ་བུད་པར་བསྡད་ཡོད་ལ། ལོ་རྒྱུས་རང་བཞིན་ཅན་གྱི་གོམ་པ་གང་མདུན་དུ་སྤོ་རྒྱུའི་དཔའ་དང་སྤོབས་པ་ཡེ་ནས་མེད།
ཞི་ཅིན་ཕེང་གིས་དངོས་གནས་མའོ་དང་ཏུན་ལ་སློབ་སྦྱོང་བྱེད་འདོད་ཡོད་ན། ལོ་རྒྱུས་ཀྱི་མཐོང་རྒྱ་ཆེ་ས་ནས་དགོངས་པ་བཞེས་ཏེ་རང་ཉིད་ལ་གཏོགས་པའི་དུས་རབས་གསར་བ་ཞིག་གཏན་ལ་འབེབ་རྒྱུར་གྲ་སྒྲིག་བྱེད་དགོས། དེ་སྔོན་སོན་ཀྲོན་ཧྲིན་གྱིས་མི་རིགས་རིང་ལུགས་དང་། མི་སེར་དབང་འཛིན་རིང་ལུགས། མི་སེར་འཚོ་གནས་རིང་ལུགས་ཏེ་མི་སེར་དོན་གསུམ་རིང་ལུགས་བཏོན་པ་རེད། དམར་ཤོག་ཚོགས་པ་རང་ཉིད་གྱི་སྐད་ཆ་མ་ལག་ལྟར་བྱས་ཀྱང་། ཞི་ཅིན་ཕེང་ལ་སྒྲུབ་འོས་པའི་ལས་དོན་གང་མང་ཞིག་ཡོད། གལ་སྲིད། མའོ་ཙེ་ཏུང་གིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ཏུན་ཞོ་ཕེང་གིས་མི་སེར་གྱི་འཚོ་གནས་ཐག་གཅོད་བྱས་པའི་དབང་དུ་བཏང་ན། ད་ལྟ་ཤུལ་ན་ལྷག་ཡོད་པ་ནི་མི་སེར་གྱི་དབང་འཛིན་གནད་དོན་དེ་ཡིན་པས། གལ་ཏེ་ཞི་ཅིན་ཕེང་གིས་ལོ་རྒྱུས་ཀྱི་འགྲོས་དང་མི་དམངས་ཀྱི་འདོད་བློ་དང་བསྟུན་ནས་ཆབ་སྲིད་བཅོས་བསྒྱུར་བྱ་རྒྱུའི་ལས་ལ་ཞུགས་ནས་ཚོགས་པ་གཅིག་གི་སྲིད་དབང་སྒེར་གཅོད་ལམ་ལུགས་མཆིལ་ཞག་བཞིན་འདོར་ནས་སྲིད་དབང་མི་སེར་ལ་སྤྲད་ཚེ། ཞི་ཅིན་ཕེང་མའོ་དང་ཏུན་ལས་བརྒལ་བ་མ་ཟད། རང་ཉིད་ལ་གཏོགས་པའི་དུས་རབས་གསར་བ་ཞིག་གསར་དུ་འབྱེད་པ་རེད་ལ། འོད་སྟོང་འབར་བའི་བྱས་རྗེས་དེ་ལོ་རྒྱུས་སུ་འགོད་ངེས་ཡིན། དེ་ལས་ལྡོག་ན་ལོ་རྒྱུས་ཀྱི་རྟབ་རྟོབ་མགྲོན་པོ་ཞིག་ལས་མ་འདས།

   [1] རྒྱ་ནག་དབུས་ཡིག་ཚང་གི་ཆེད་མཁས་ཞིབ་འཇུག་པ་ཟུར་བ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: