འོད་དཀར།
བོད་དགྱ་ཞི་མོལ་ཐེངས་དགུ་ལ་བྱུང་ཡོད་ཀྱང་ད་བར་ཏུ་གྲུབ་འབྲས་འདི་ཞེས་པ་ཞིག་སྟོན་དཀའ་བའི་དེ་རིང་། འདས་ཟིན་པའི་མྱི་ལོ་སུམ་ཅུར་ཕྱིར་འདང་ཞིག་ཅིས་ཀྱང་རྒྱག་དགོས་བྱུང་། ༸གོང་ས་སྐྱབས་མགོན་མཆོག་གི་བྱམས་སེམས་ཀྱིས་ཀུན་ནས་གཟིགས་པའི་ཞི་བདེའི་དབུ་མའི་ལམ་དེ་ཉིད་དགྱ་ནག་ལ་དགོས་པའི་ལམ་ཁ་ཞིག་ཡིན་ནམ་ཞེས་པ་དང་། ད་བར་ཏུ་དགྱ་དམར་གཞུང་གིས་ཁོང་གི་ལམ་ཁ་འདི་ལ་བརྩི་འཇོག་དང་ཡིད་ཆེས་ག་ཚོད་ཅིག་གནང་ཡོད་ཅེས་པའི་དྲི་བ་འདིར་དེང་གི་ཆར་ང་ཚོས་བསམ་བློ་གཏོང་དགོས་པ་གལ་ཆེན་དུ་མཐོང་། ༸གོང་ས་མཆོག་སྐྱབས་བཅོལ་ནས་སྐུ་ཚེ་རྫོགས་མིན་དེ་བོད་མི་རིགས་ཀྱི་ལག་དུ་ཡོད་པ་ལས་ཁོང་ཉིད་ཁོ་ནར་རག་ལས་མེད་པ་འུ་ཅག་གིས་ཤེས་དགོས་པ་གལ་ཆེན་རེད། སེམས་པ་ཁོང་ལ་དུངས་པའི་རྒྱང་རིང་གི་འུ་ཅག་གི་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་ལ་མིག་ལྟ་དང་རེ་འདོད་སྐོང་བར་འབད་བརྩོན་ཅིས་ཀྱང་བྱེད་དགོས་པར་འདོད། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སྐྱབས་བཅོལ་ལ་ཐེངས་གསུམ་ཕེབས་ནས་སྐབས་དེ་དུས་ཀྱི་གནས་ཚུལ་གང་མང་ཞིག་རྒྱུས་ལོན་དང་མཁྱེན་རྟོགས་བྱུང་སྟེ། དགྱ་མི་རིགས་བོད་ས་ཡོངས་ནས་མཐར་བསྐྲད་བཏང་པ་མ་ཟད་བོད་འདི་ཉིད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཡོངས་ཁྱབ་བཀའ་སློབ་བསྩལ་གནང་ཡོད། སྐབས་དེར་བོད་ལ་ཕྱི་གླིང་བའི་རྒྱབ་སྐྱོར་མེད་ཀྱང་ཁོང་གི་ཞུམ་མེད་སྙིང་སྟོབས་ཀྱི་གཟི་བྱིན་མ་ཉམས་པར་བོད་ཡོངས་ལ་སྟོབས་ཤུགས་དང་སྙིང་སྟོབས་བསྩལ་གནང་སྟེ། བོད་མི་ཡོངས་ཀྱིས་རང་གི་རྒྱལ་ཁབ་རང་གིས་སྐྱོང་བར་ནུས་ཤུགས་ཕུལ་བ་སོགས་ནི་ང་ཚོས་ཕྱིར་ལྟོས་ཀྱིས་སེམས་ནས་ནམ་ཡང་བརྗེད་མི་ཉན་པའི་ལོ་རྒྱུས་ཀྱི་བསླབ་བྱ་གལ་ཆེན་དུ་མཐོང་།
དེང་གི་ཆར་ཡང་ང་ཚོས་དགྱ་དམར་གཞུང་ལ་གུས་ཞབས་དང་ཡིད་ཆེས་ཀྱིས་ ༸གོང་ས་མཆོག་གིས་མྱི་ལོ་སུམ་ཅུ་ལྷག་ལ་དཀའ་ངལ་ཁྱད་གསོད་ཀྱིས་ལམ་དབུ་མ་ལས་རྒྱལ་ཁབ་གཉིས་ཀྱི་གནད་དོན་འདི་འཁོན་འཛིན་དང་དམར་གསོད་མེད་པར་ཞི་བདེ་ངང་སེལ་བར་འབད་བརྩོན་གནང་ཡང་དགྱ་དམར་གཞུང་དེ་ལས་ལྡོག་སྟེ་ ༸གོང་ས་མཆོག་གི་ལྷག་བསམ་དེ་དག་ལ་གུས་བརྩི་དང་བསམ་ཤེས་མེད་པར་ནམ་ཡང་ཁོང་ལ་དམའ་འབེབས་དང་མཚན་སྨད་གཏོང་བཞིན་པ་ནི་བོད་མིའི་སེམས་ཀྱི་རྨ་ཁར་འགྱུར་བཞིན་ཡོད། དེའི་ཕྱིར་བོད་མི་ཚོ་མུ་མཐུད་ནས་བརྙས་བཅོས་དང་བཙན་གནོན་དེ་དག་ལས་རྒྱལ་བར་མི་འདོད་མཁན་སུ་ཞིག་ཡོད། རྒྱུ་རྐྱེན་འདིའི་དབང་གིས་བོད་པ་ཚང་དོན་དངོས་ཀྱི་ལོ་རྒྱུས་ཡིག་ཚང་ལ་ཕྱི་བྱོལ་བྱེད་པ་ནི་འུ་ཐུག་ཐབས་ཟད་ཀྱིས་རང་གི་རྒྱལ་ཁབ་དང་། དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བའི་༸གོང་ས་སྐྱབས་མགོན་ཆེན་པོར་གང་མགྱོགས་མཇལ་ཕྱིར་མི་རིགས་འདི་ཉིད་ཀྱིས་རང་གི་ཚེ་སྲོག་དཔང་དུ་བཞག་ནས་རང་བཙན་གྱིས་ལམ་ཁར་བསྐྱོད་དགོས་པ་དེ་ཡང་། དགྱ་ནག་དམར་པོ་གཞུང་གིས་བསམ་བཞིན་དུ་འདམ་ཀ་མེད་པའི་ལམ་ཞིག་ལ་བཙན་གྱིས་དེད་པའི་དབང་གིས་རེད། ང་ཚོ་༸གོང་ས་མཆོག་གིས་ནམ་ཡང་བསླུ་མི་སྲིད་ཀྱང་བྱམས་བརྩེ་དང་སྙིང་རྗེའི་བདག་ཉིད་དུ་གྱུར་པ་ཁོང་གིས་རང་ཉིད་ཀྱིས་རྫུན་གཏམ་མི་སྨྲ་བའི་ངང་ཚུལ་དེ་བཞིན་དགྱ་དམར་གཞུང་ལ་ཡིད་ཆེས་བྱས་ཀྱང་། དེ་ནི་གཡོ་སྒྱུ་ཁྲམ་གསུམ་གྱིས་ཁེངས་པའི་གཞུང་དེ་ལ་འགྲོ་མི་སྲིད། དེ་ལྟར་བྱམས་བརྩེའི་བདག་ཉིད་ཅན་ཁོང་ལ་དབུ་སྐོར་གཏོང་བཞིན་ཁོང་གི་སྐུ་ཚེའི་རྫོགས་པར་རེ་སྒུག་བྱེད་པའི་དགྱ་དམར་གཞུང་གི་གཡོ་ཐབས་མཐོང་བའི་བོད་ཀྱི་མི་རབས་གསར་བ་འདི་ཉིད་ཀྱིས་ད་དུང་ངང་སྒུག་དང་ཡིད་ཆེས་བྱེད་འདོད་མེད་པར་ཡ་ང་བའི་བཙན་གནོན་དང་བརྗོད་དཀའ་བའི་སེམས་ཀྱི་རྨ་ཁ་ཁྲག་གིས་བསུ་འདོད་ཡོད།
བོད་མི་དག་གིས་ཚེ་སྲོག་རེ་རེ་དགྱ་དམར་གྱི་མདེའུ་རེ་རེའི་མདུན་དུ་བསྐྱལ་བཞིན་པའི་ཁ་སང་དང་དེ་རིང་ནི་བོད་ཀྱི་མི་རབས་གསར་བའི་ངར་ཤུགས་དང་སྙིང་སྟོབས་དུས་རབས་ཀྱི་མདུན་ནས་མངོན་པ་རེད་ལ། ཡབ་མེས་རྣམས་ཀྱི་ལོ་རྒྱུས་ཀྱིས་ཁ་གྲགས་པའི་བདེན་དོན་ཡང་རེད། གོ་ལ་ཧྲིལ་བོའི་གསར་འགོད་པའི་མིག་མདུན་ན་མདེའུ་རེ་རེའི་སྐད་སྒྲ་དང་མཉམ་དུ་ཚེ་སྲོག་གི་ཁྲག་དམར་དེ་ཞི་བདེ་དང་ལྷིང་འཇགས་ཀྱི་འཁོར་ཡུག་སྲུང་སྐྱོབ་ཁོ་ནའི་ཆེད་འབུལ་བཞིན་ཡོད་པའི་མི་རིགས་འདི་ཉིད་ལ་འཛམ་གླིང་མི་མང་རྣམས་ཀྱིས་ལྟད་མོ་ཞིག་གི་འདུ་ཤེས་མེད་པར། བདེན་པའི་འཐབ་རྩོད་འདི་ལ་རྒྱབ་སྐྱོར་དང་མཉམ་རུབ་བྱེད་པར་ང་ཚོས་ཡིད་ཆེས་བྱེད་ཀྱིན་ཡོད། དེ་བཞིན་དགྱ་མི་རིགས་ཀྱང་ཞི་བདེ་དང་ལྷིང་འཇགས་ཀྱི་འཁོར་ཡུག་སྲུང་སྐྱོབ་བྱེད་པར་ང་ཚོ་དང་མཉམ་དུ་ཡོད་པར་རེ་བའི་སྨོན་འདུན་བརྟན་པོ་ཡོད།
བོད་པ་ཚང་གི་མི་རབས་འདི་མ་རྫོགས་བར་དུ་མདུན་སྐྱོད་བྱེད་ངེས་ཡིན།
རྒྱང་རིང་གི་འོད་ཟེར་དེ་ནི་ང་ཚོའི་རེ་བའི་མྱུ་གུ་ཡིན།
རྒྱང་བཞུད་ལས་ཁ་འཐོར་དུ་ཕྱིན་པའི་མི་རིགས་འདི་གཅིག་ཏུ་སྤྲེལ་རྒྱུ་ནི་ང་ཚོའི་ལས་འགན་ཡིན།
མེས་པོ་རྣམས་ཀྱི་རྨུ་ཐག་མེད་ཀྱང་བདེན་པའི་ལོ་རྒྱུས་ན་གསལ་བའི་མི་རིགས་འདི་ཉིད་ནམ་ཡང་ཕམ་མི་སྲིད།
༢༠༡༠ ཟླ་༣ ཚེས་༡ ཉིན་ཨི་ཊ་ལས་གྲོང་ཁྱེར་རོ་མ་(Roma)ནས་བྲིས།
ངེད་དྲ་ཚིགས།