དད་པའི་ཀློང་ནས་བཙལ་ན་ཡོད་པ་འདྲ།།

རིགས་པས་དཔྱད་ཅིང་བརྟག་ན་མེད་པ་འདྲ།།

དངོས་སུ་ཡོད་དང་མེད་ཀྱང་མི་ཤེས་པའི།།

དབྱངས་ཅན་མྱོས་བུམ་ཅན་ལ་མཆུ་ཁ་སྦྱོར།།

 

མཚམས་རེར་བགད་ཀྱང་འཛུམ་མདངས་མེད་པ་དང་།།

ལན་རེར་མ་ངུས་མིག་ཆུ་ཐ་ར་ར།།

སེམས་ཀྱི་འགྱུ་བ་ད་ལངས་ད་ཤི་ཅན།།

སྙན་ངག་པ་ཡི་སེམས་ཁམས་འདི་ནས་མཐོང་།།

 

སྟོང་འདང་མོད་པོའི་སྤྲིན་ནག་དགོང་ནས་དཀྲིགས།།

ཚོར་འདུ་རྣོན་པོ་གློག་དམར་མཁའ་རུ་འཁྱུག །

ཐོལ་བྱུང་ཚོར་ཡན་སྐྱིན་ཐང་བར་སྣང་གཡོ།།

བསམ་གཞིགས་སྐྱེན་པོའི་དྲག་ཆར་ས་གཞིར་ཕབ། །

 

མཛེས་དཔྱོད་ལྟ་བ་འཇའ་ཚོན་མིག་གི་དཔྱིད།།

བརྟན་བརླིང་རང་ལུགས་རི་བོ་སེམས་ཀྱི་རྒྱན།།

སྣ་མང་ཐ་སྙད་མེ་ཏོག་ངག་གི་དཔལ།།

སྙན་ངག་སྦྲང་ཆར་འཇོ་བའི་སེམས་ཁམས་ལགས།།

 

འཁྲུལ་བའི་རོ་མ་བཞུར་བའི་སྙིང་ཁམས་ཅན།།

རྟག་དང་མི་རྟག་མི་བུ་དར་མའི་གཟུགས།།

རེས་འགར་དྲན་ཙམ་བརྩེ་བའི་སེམས་གཤིས་འདིས།།

དབྱངས་ཅན་ལྷ་མོའི་ངག་རིག་མིན་ནམ་སྙམ།།

 

དོན་ལྡན་སྙིང་བོ་བརྗོད་པའི་དབྱངས་རྟ་འདི།།

མངོན་ལྐོག་ཚད་མའི་ངག་ལ་ཡང་ཡང་དྲངས།།

བལྟས་ན་རྫོགས་པ་མེད་པའི་ཡུལ་ཞིག་ཏུ།།

མྱོང་བས་འཛད་ཐབས་བྲལ་བའི་བློ་འདི་རྙེད།།

 

བདེན་པ་ལྷ་ཆེན་བཞིན་དུ་བཀུར་ན་འདོད།།

གཉུག་སེམས་མཛའ་མོ་བཞིན་དུ་བསྟེན་ན་འདོད།།

ཁོར་ཡུག་རབ་རིབ་ཡོད་ཚད་གཏོར་ན་འདོད།།

ཁེར་རྐྱང་འཁྱམ་པོའི་ལམ་ནས་བཟི་ན་འདོད།།

 

ཅོ་ཏོ་ཐོགས་ཚད་འཛུམ་གྱིས་བསུ་འདོད་མེད།།

མཁས་དབང་ཟེར་ཚད་གཅམ་བུས་བཀུར་འདོད་མེད།།

གནས་ལུགས་ཚད་མ་ཅན་པོ་བགྲང་འདོད་མེད།།

ང་ལ་རང་གི་ལྷ་དང་དད་མོས་ཡོད།།

 

ཁྲག་མེད་རྨ་ཁའི་ན་ཟུག་རུམ་ལ་བཅུག།

སྐྱིད་སྡུག་འཚོ་བའི་རོ་བཅུད་ཁེར་རྐྱང་མྱོང་།།

དགའ་སྐྱོ་འདྲེས་མའི་སེམས་ཁམས་རླུང་ཡན་མས།།

འོད་ཀྱི་གཤོག་པ་བཏེགས་ནས་གང་སར་འཕུར།།

 

ཚོར་བ་སྐྱེན་མོའི་གློག་ཞགས་འཁྱུག་ཐེངས་རེར།།

འཇིག་རྟེན་སྒྱུ་མའི་རོལ་རྩེད་ལྷིང་ལ་ཕུད།།

ཐ་སྙད་གསོན་པོའི་རྣམ་ཤེས་བསྐྲུན་ཐེངས་རེར།།

སྤྲོ་བས་བརྟས་པའི་བྱིས་བློ་དྭངས་མ་ཞིག།

 

རང་བྱུང་སེམས་པར་གླན་ཞིང་རྟོག་པས་འབྲི།།

འཆར་རྟོག་ཕྱི་རོལ་ལྗོངས་པའི་གཟུགས་སུ་བཞེངས།།

ཚོར་བའི་རྒྱུ་སྐར་རང་བྱུང་ཁམས་སུ་གཏོར།།

རང་བྱུང་མཛེས་པ་ཚོར་འདུའི་གཟུགས་སུ་གྲུབ།།

 

མཚམས་སྤྲིན་སེམས་ཀྱིས་མྱོང་དུས་དྲན་ལ་སྨྲེང་།།

གཡོར་གྲུ་ཕ་མཐར་སྙེག་དུས་དུང་ལ་འཁྲེན།

རང་བྱུང་མཛེས་པས་ཅི་འགར་བསླུས་མྱོང་བ།།

དགའ་ངུ་སྐྱེན་པའི་སེམས་ཁམས་ཅན་དེ་གང་།།

 

ཚོར་བས་སྐྱོམས་པའི་རྒྱ་མཚོའི་རླབས་སྒྲ་དང་།།

སྙུག་གུས་བདས་པའི་ཚིག་གི་ཉ་མོ་གཉིས།།

སེམས་ཀྱི་མེ་ལོང་འཆར་བའི་བརྙན་རིས་གསུམ།།

ངག་རིག་འཕྲུལ་གྱི་རྒྱལ་མོའི་མཛའ་གྲོགས་ཡིན།།

 

དྲན་ཤེས་རིག་པ་སྐྱེན་པོའི་ཉག་ཕྲན་གྱིས།།

སྲིད་པའི་རྩེ་མོ་གཏོར་བའི་སྙིང་ཁམས་ཤིག།

དགའ་སྐྱོའི་སེམས་ཀྱི་ཁ་དོག་ཚོན་རིས་ཅན།།

འགྱུར་བ་མེད་པའི་སྙིང་རུས་བསྐྱེད་སྟངས་ཡིན།།

 

བསམ་གཞིག་ལྟོགས་སྐོམ་མྱོང་བའི་མལ་ས་ནས།།

གདུང་བའི་ངུ་ངག་དབྱངས་རྟ་ཆད་རྒྱུ་མེད།།

སྟོང་འདང་བག་ཡངས་རྩེན་པའི་རྩེད་ར་ནས།།

ཚོར་སྣང་རྩེད་ཆས་སྒྲིག་ལ་ལྷག་པར་བྲེལ།།

 

དགའ་དུས་དགའ་བའི་དགའ་ཚོད་མི་ཟིན་ཅིང་།།

སྡུག་དུས་སྡུག་པའི་སྡུག་བསྔལ་མི་ཁྱོག་པར།།

གཡུར་བག་ཚིག་གི་ཅ་ཅོ་འདོན་མཁས་པའི།།

སྙན་ངག་པ་ཡི་སེམས་ཁམས་བྱིས་པ་འདྲ།།

 

སེམས་ཀྱི་དྲན་པ་མེ་ལོང་ངོས་སུ་ཕབ།།

ཚོར་བ་ཀྱ་ཀྱུ་ཚིག་གི་རྐང་ལ་འཇུས།།

སྐད་ཆའི་སྙིགས་རོ་ཤོག་དཀར་ཐང་ལ་རྒྱུ།།

སྨྱུག་རྩེའི་སྟངས་སྟབས་མངོན་པ་གཉུག་མའི་གཤིས།།

 

ངག་རིག་ལྷ་མོར་བརྩེ་བའི་འཛུམ་མདངས་རྒྱས།།

རྟུལ་ཕོད་གཞོན་ནུའི་བརྒལ་རྟགས་ང་རོ་ཅན།།

ལེན་འདོད་གཞས་ཆུང་ཕྱོགས་བཞིའི་མཚམས་སུ་གྱེར།།

སེམས་ཀྱི་གླུ་སྐད་གསོན་པོ་རྣ་བར་གཟན།།

 

སེམས་པ་སེམས་ཀྱིས་གསོ་བའི་ཐབས་ཡོད་ཀྱང་།།

བརྩེ་བ་ནོར་གྱིས་འཇལ་བའི་དཔེ་མེད་ལ།།

ཚོར་བ་བཟི་ཁས་གནོན་པའི་འཐབ་ར་ནས།།

རང་གིས་རང་ལ་མགོ་བོ་གཡོག་ནས་ཡོད།།

 

ཟུར་མིག་རྣོན་པོས་ལྐོག་གི་བརྡ་ཡོད་ཅིང་།།

སེམས་གཏམ་སེམས་ལ་འཇོག་སའི་གྲོགས་མེད་ལ།།

སྐྱེས་ནས་ད་བར་ད་ནས་མཐར་ཐུག་རུང་།།

སྐྱིད་སྡུག་རེས་མོས་འཇིག་རྟེན་སུ་ལ་སྤྲད།།

 

དཀར་ནག་དབྱེ་མཚམས་སོར་རྩེའི་པིར་རྩེེར་བཀོད།།

རྨི་ལམ་བར་ནས་སྙན་ཚིག་སྔས་མགོར་བཏབ།།

བཀྲེས་ལྟོགས་ཞིང་ཡང་སྒྱུ་རྩལ་རིས་སུ་བསྟར།།

ཚོར་འདུའི་རྦ་རླབས་བྲང་ཁོག་སྟོད་ནས་བཞུར།།

 

ཤི་གསོན་བར་ཐག་སྙན་མོའི་ངག་གིས་གཞལ།།

བདེ་སྡུག་རི་མོ་སྒྱུ་རྩལ་གྲོང་དུ་འཁྲིད།།

རྟོག་བཏགས་བར་ནས་གནས་ལུགས་འབུམ་ཕྲག་བརྗོད།།

ཚོར་འདུའི་ཧྲུབ་ནས་སྙན་ངག་དྭངས་པ་འདྲེན།།

 

དབྱར་དུས་སྤང་ལ་ཟིལ་བ་ཁྲོམ་མེར་ཆགས།།

རས་ལྷམ་ལག་ཏུ་བཟུང་ནས་འཆམ་པར་དགའ།།

ཧ་ཅང་དབེན་ན་རི་གླུ་ལེན་པར་བྲེལ།།

དེ་ཡིས་སེམས་ལ་ངལ་གསོའི་གོ་སྐབས་སྤྲོད།།

 

དྭངས་གཙང་ལྷད་མེད་སེམས་ཀྱི་གཉུག་མའི་གཤིས།།

ཚོར་འདུ་རྣོན་པོས་བསམ་གཞིག་ཟབ་ས་རུ།།

སྲིད་གསུམ་ཁ་ལོ་བསྒྱུར་བའི་རིག་པའི་བཅུད།།

ཡི་གེ་གཟུགས་རིས་འབུམ་དམག་དཔུང་དང་མཉམ།།

 

གདུག་རྩུབ་དུས་ཀྱི་འགྱུར་ལྡོག་རྒོད་ཀྱང་རུང་།།

འཇམ་པོའི་བསླུ་བྲིད་ཐབས་རྩལ་མཁས་ན་ཡང་།།

ནམ་ཡང་དྲང་བདེན་སེམས་ཀྱི་སྲོག་རྩ་བཟུང་།།

རང་ཚུགས་བརྟན་པའི་དྲང་པོའི་ལམ་སྟོན་པ།།

 

ཚོར་བའི་མེ་ལྕེ་མཆེད་པའི་བག་གླགས་དེར།།

མཛེས་པའི་སྒྱུ་རྩལ་རི་མོའི་གོས་གྱོན་ནས།།

དགའ་སྐྱོའི་ལང་ཚོ་གསལ་བའི་སྙན་ངག་བུ།།

རབ་མཛེས་མུ་ཏིག་ཕྲེང་བར་འགྲོག་འདོད་ཟབ།།

 

རྟོག་པའི་མཚོ་མོ་འཁྱིལ་བའི་དབྱར་ལྗོངས་ནས།།

སྣང་བའི་བྲོ་གར་འཁྲབ་པའི་ངང་མོ་དཀར།།

མཛེས་པའི་སྡེབ་སྦྱོར་རླབས་རིས་དང་འགྲོགས་ནས།།

སྲིད་པའི་བདེ་སྡུག་འདི་ཡི་སྣང་བརྙན་སྟོན།།

 

དུས་རྒྱུན་དགའ་སྐྱོའི་ཚོར་བ་གཟུགས་སུ་ཕབས།།

དྭངས་མོ་ཆུ་དང་མཐོན་པོའི་གནམ་ལ་ལྟ།།

རྒོད་པོ་མཁའ་རུ་བསྐྱོད་པའི་ཚུལ་མཐོང་ན།།

དབུགས་རིང་ཤུར་ཤུར་རང་གིས་རང་ལ་ལྟ།།

 

རི་བོའི་གདོས་སུ་སྨུག་པ་ཀྱ་ཀྱུ་འཐེན།།

དེ་ཡི་ནང་དུ་ལུག་ཁྱུ་སྐོར་ཞིག་ཞོགས།།

སྨྱུག་རྩེ་བཞུར་བའི་སྙན་ངག་བདེན་དུ་གྲུབ།།

དམུས་ལོང་ཡིན་པའི་རྫི་བོ་དེ་རུ་གཉིད།།

 

སེམས་ཀྱི་ཁམས་སུ་ན་བུན་ལང་ལོང་འཁྲིགས།།

རླུང་བུ་བསིལ་མོས་ཚོར་བའི་སྣང་བརྙན་ཁུར།།

སྙན་ངག་རྐང་ལ་ཟུག་པའི་གདུང་དབྱངས་དེས།།

རྨི་ལམ་ངོགས་སུ་ཁམས་ཀྱི་རི་མོ་བྲིས།།

 

ལྷོ་ནས་ནུབ་ལ་བཞུད་པའི་ཆུ་འཛིན་དང་།།

བྱང་ནས་ཤར་ལ་གཡོ་བའི་རྐང་འཐུང་སོགས།།

སྟེང་ལ་འཕུར་མིན་འོག་ལ་འཛུལ་མིན་ཡང་།།

སེམས་མེད་མྱུ་གུས་སེམས་ལྡན་ཁྲི་ལ་འགོད།།

 

དགྱེས་པའི་སྙུག་རྩེ་མཛེས་མའི་བྲང་ན་འཁྱུག།

སྐྱོ་བའི་དངན་པ་ལྷིང་འཇགས་མཁའ་ལ་འཇབ།།

མི་རྟག་འཕེལ་འགྲིབ་ཀློང་ན་འདར་ཁྱོམ་ཁྱོམ།།

ཁྱོད་ཀྱི་སེམས་ཁམས་ཟླ་དཀར་ལྷ་མོ་ཉིད།།

 

བརྩེ་བའི་རི་མོ་གཏམ་གྱིས་སེམས་ལ་བྲིས།།

དུང་བའི་སྨིན་མ་ན་ཆུང་འཛུམ་གྱིས་བཏེགས།།

གཏན་གྱི་འདུན་མ་འོ་མའི་མཚོ་བཞིན་ལྟེམས།།

སྒྱུ་མའི་ཞིང་གི་བཀོད་པ་འདི་ལྟར་འབྲི།།

 

གཏུམ་པོའི་སེམས་པ་ཞི་དུལ་མཚོན་གྱིས་བཅོམ།།

དམའ་བའི་གཞུང་ནས་མཐོ་ལ་ངལ་བ་སྟེར།།

བལ་དང་ཚེར་མ་བསྲེས་པའི་མལ་གདན་ནས།།

མ་བཅོས་འཛུམ་གྱི་གོང་བུ་མཛེས་པའི་མཆོག།

 

ཤེད་ཆེན་འབྲོང་རྒོད་དར་མའི་དཔའ་སྙིང་ལྡན།།

རང་ལྟ་མཆོག་ཏུ་བཀུར་ཚུལ་སྲ་ཞིང་མཁྲེགས།།

ཞེད་མེད་བརྟན་བརླིང་བྱ་བའི་འཇུག་ལྡོག་ངེས།།

དུས་འགྱུར་རྡུལ་རླུང་རྒོད་ཀྱང་སྒལ་ཚིགས་བདོག།

 

བློ་གྲོས་རྩལ་གྱིས་དངོས་པོའི་བདེན་ལུགས་བདར།།

དྲང་བདེན་ཚངས་ཐིག་འཚོལ་བའི་ལམ་སྣེ་ཟིན།།

དགའ་སྐྱོའི་ཚོར་སྐྱེན་མེ་ཤུགས་འཕུར་མདའི་རྗེས།།

སྟོང་བའི་མཁའ་དབྱིངས་འགྲིམ་པའི་སྙན་ངག་པ།།

 

བརྩེ་དུང་སླད་མེད་ཅིག་གི་གསང་བ་བཙལ།།

རྒྱུ་འབྲས་གནས་ལུགས་ཤིག་ལ་སེམས་པ་གླན།།

སྙན་ངག་ཐར་ཐོར་ཞིག་གིས་བློ་བསྒུལ་ནས།།

མདུན་གྱི་ཕྱོགས་ལ་ཅུང་ཙམ་ནུར་བཞིན་ཆས།།

 

གཞན་གྱིས་མི་རྟོགས་ཚོར་བ་སྒུམ་བཞིན་ཆས།།

རང་ལ་མི་དབང་རྨི་ལམ་འཐུ་བཞིན་ཉུལ།།

ཅི་ཡང་མེད་པའི་མཐའ་ཡི་སྡོམ་ཚིག་ཅིག།

ནུས་མེད་སྨྱུ་གུར་འཐམ་ནས་མི་ལ་བཞག།

 

ཚོར་བའི་དགུ་ཚིག་ཁྲག་གི་རྒྱུ་བ་ཡིན།།

ཁྲག་གི་ཁ་དོག་དོན་གྱི་སྙན་ངག་ཡིན།།

དོན་གྱི་སྙན་ངག་ཁོ་བོའི་སེམས་ཁམས་ཡིན།།

སེམས་ཁམས་འདི་ཡི་རྣམ་ཤེས་གསོན་པོ་ཡིན།།

 

གསང་བའི་ཇ་ལོ་སྣང་བའི་གསལ་རིག་ཡིན།།

ཇ་ལོ་སྦོང་ཚུལ་དབྱིངས་འདི་འཐེན་ལུགས་ཡིན།།

དབྱིངས་ཀྱི་རི་མོ་མི་ཚེའི་རྐང་ལམ་ཡིན།།

རྐང་ལམ་འདི་ན་ཁྱེད་ཀྱི་མིང་ཡིག་ཡོད།།

 

ཡོད་ན་བདེ་བའི་འདོད་པ་ཚིམས་རྒྱུ་མེད།།

མེད་ན་སྡུག་གི་མུ་གེའི་འཆི་རྒྱུ་མེད།།

སྙན་ངག་བུད་མེད་གཉིས་ཀྱི་ངོ་བོ་འདི།།

རྒྱུན་ལྡན་མི་ཡི་སེམས་ཀྱིས་གཞལ་ནུས་མིན།།

 

སྤྱད་ན་སྟོང་བསམ་ཁྲོད་ནས་མངོན་སུམ་རིག།

གོམས་ན་རྨི་ལམ་ནང་ནས་རྨི་ལམ་མཐོང་།།

སྙན་ངག་ཆང་རག་གཉིས་ཀྱི་ཉིང་བཅུད་འདི།།

བློ་མེད་བྱིས་པའི་གཏན་དུ་མྱང་ཐབས་མེད།།

 

འཇའ་མཚོན་མེ་ཏོག་མཛེས་པའི་སྙིང་དང་འགྲོགས།།

ལྷགས་རླུང་འཐབ་པའི་ཁ་བར་འདྲིས་ནས་གཡོ།།

སྨིན་ལེགས་སེམས་གཤིས་སྟོན་ཟླའི་འབྲས་བུ་བཞིན།།

སྲིད་ན་སྙན་དགུའི་རོལ་མོའི་རྒྱུ་ཚོགས་འབྱོར།།

 

བྲིས་པའི་རི་མོ་སྒྱུ་མའི་འཕྲུལ་གྱིས་བསྒུལ།།

སྤྲིན་དཀར་ཕུང་བོ་ལྷ་བུ་གཞོན་ནུར་སྤྲུལ།།

སྐྲ་སེན་རྩེ་མོ་ཚོར་བས་ཟིན་པའི་དགེས།།

འཆི་མེད་གཏམ་གྱི་མགོ་ཁུངས་ཁྱོད་ལས་སུ།།

 

མེ་ཏོག་ཅིག་ལ་བལྟས་དེ་ཡང་ཡང་ངུས།།

ཆུ་མོའི་འགྲམ་ནས་བསྡད་དེ་ཡང་ཡང་བསམ།།

བསམ་པའི་རི་མོ་རེ་རེ་ཡི་གེར་བཀོད།།

གཉེན་དང་དགྲ་ལ་རི་མོ་གཅིག་གིས་མཚོན།།

 

དགའ་བས་བཟི་ན་ར་རོ་འདི་ཡང་སྐྱུགས།།

སྡུག་པས་ངུས་ཚེ་རི་མོ་འདི་ལ་ཕབས།།

དགའ་བའི་བུ་མོ་མེ་ཏོག་མདའ་ཡང་འདི།།

འཇིག་རྟེན་བྱ་དངོས་ཅི་རིག་ཚོར་བའི་འཐུ།།

 

གཡོ་སྒྱུ་མུན་པའི་སྨག་རིམ་མཐུག་ན་ཡང་།།

བདེན་པའི་འོད་ཟེར་ཉམས་མེད་རང་ངོར་གསལ།།

ཕྲག་དོག་འགྲན་སེམས་ལྷག་རླུང་རྒོད་ན་ཡང་།།

གཡོ་མེད་བརྟན་གནས་རི་རྒྱལ་ངོ་བོར་གྲུབ།།

 

སེམས་ཀྱི་རང་མདངས་དཀར་པོ་གངས་ལ་འགྲན།།

སེམས་ཀྱི་བདེ་སྡུག་སྙན་མོ་ངག་ནས་གྱེར།།

སེམས་ཀྱི་དགའ་སྐྱོ་ཚོར་བས་ཡིག་ངོར་ཕབས།།

སེམས་ཀྱིས་འཇིག་རྟེན་དར་རྒུད་ཡིད་བརྙན་བསྐྲུན།།

 

བརྩེ་བ་འོད་ཡིན་འོད་ཀྱིས་མི་སེམས་བསྲེག །

དུངས་པ་འོད་ཡིན་འོད་ཀྱིས་གཞན་སེམས་དྲོས། །

བརྩེ་དུངས་འོད་ཀྱིས་བྱས་པ་བདག་གི་སེམས། །

སྙན་ངག་དམ་པའི་བློ་རྒྱ་ཡངས་མོ་ཡིན། །

 

བརྩེ་བ་དྲོད་ཡིན་དྲོད་ཀྱིས་ཚེ་སྲོག་བསྡུ། །

དུངས་པ་དྲོད་ཡིན་དྲོད་ཀྱིས་བློ་རིག་སྒྲིམ། །

བརྩེ་དུངས་དྲོད་ཀྱིས་ཟིན་པ་བདག་གི་སེམས། །

སྙན་ངག་དམ་པའི་བློ་ཡི་ཟུངས་ཤུགས་ཡིན།།

 

བསམ་གཞིག་རིང་མོ་སེམས་ཚོར་རྣོན་པོའི་བཟི།།

འཆར་ཡིན་ཕྲ་མོའི་རྐང་ལམ་རྡོག་པས་མནན།།

ཚིག་དོན་ཉམས་གྱུར་གསོན་པོའི་རང་གཤིས་འདི།།

མངོན་ལྐོག་མེ་ལོང་སེམས་ལ་ཡོད་ཚད་བདས།།

 

དགའ་དུས་སེམས་སོང་མཆོད་ཆང་དགུང་དུ་བཏགས།།

སྡུག་དུས་གདོང་གི་ཟེགས་མ་ས་ལ་ཐོར།།

དགའ་སྐྱོ་འདྲེས་མའི་རྣམ་ཤེས་གཉོན་པོ་ཞིག།

དཔྱོད་ལྡན་སྙན་ངག་མཁན་པོའི་སེམས་ན་རྒྱུ།།

 

རི་བོའི་སྒང་ལ་གཏམ་གྱི་རྐང་ལམ་འཐེན།།

མཛེས་པའི་བུ་མོའི་ལང་ཚོ་ཕར་ལ་ཡལ།།

ཤག་ཤག་འབབ་པའི་ཆུ་བོའི་བཞུར་སྒྲ་ཡིས།།

སེམས་ཀྱི་སྐྱོ་བ་མིག་ཆུའི་མཐའ་ལ་དེད།།

 

དགའ་སྐྱོ་གང་བྱུང་སྨྱུག་གུའི་རྩེ་ནས་བཞུར།།

ཚོར་བའི་མིག་ཟུང་ནམ་མཁའི་དབྱིངས་སུ་འཕུར།།

མཛེས་པའི་མི་ཡུལ་མཚོ་མོའི་འགྲམ་ངོགས་ནས།།

སྙན་ངག་ཅིག་གི་མེ་ཏོག་ས་ལ་བཙུགས།།

 

མིག་ཟུང་དགུང་ལ་ཅི་ཙམ་ཅེར་ན་ཡང་།།

ནམ་མཁའི་དབྱིངས་ན་ཟླ་བ་མེད་པར་སྙམ།།

འོད་ཀྱི་རྡུལ་ཕྲན་ཙམ་ཡང་མཐོང་དུ་དབེན།།

སྐར་མའི་རྐང་རྗེས་ཙམ་ཡང་མངོན་དུ་མེད།།

 

སེམས་གཞས་ཁྱོད་ལ་ཅི་ཙམ་གྱེར་ན་ཡང་།།

མི་སེམས་རྡོ་བ་ལས་ཀྱང་སྲ་བར་སྙམ།།

བརྩེ་བའི་དྲི་མ་ཙམ་ཡང་ཚོར་དུ་དབེན།།

དུངས་བའི་ཕྱི་ཤུན་ཙམ་ཡང་མངོན་དུ་མེད།།

 

ལན་རེ་སྣང་བ་སྤྲིན་པའི་ཀློང་དུ་ཉུལ།།

ལན་རེ་འཕྲུལ་བ་གཙང་བོའི་འོབས་སུ་སྤྱུགས།།

གཅིག་ཏུ་མ་ངེས་རྟོག་འགྱུ་མཚར་པོ་ཞིག།

འདི་ནི་སྙན་ངག་པ་ཡི་སེམས་ཁམས་རེད།།

 

སྐབས་རེ་མྱངས་ན་ཆགས་པའི་སྤུ་ལོང་གཡོ།།

སྐབས་རེ་རེག་ན་འདོད་པའི་སྐད་ངན་འཆོར།།

མྱོས་བུམ་གཅིག་ལ་ཚོར་ཤེས་རྣོན་པོ་རེ།།

འདི་ནི་སྙན་ངག་པ་ཡི་སེམས་ཁམས་རེད།།

 

མིག་ཟུང་དགུང་ལ་ཅི་ཙམ་ཅེར་ན་ཡང་།།

ནམ་མཁའི་དབྱིངས་ན་ཟླ་བ་མེད་པར་སྙམ།།

འོད་ཀྱི་རྡུལ་ཕྲན་ཙམ་ཡང་མཐོང་དུ་དབེན།།

སྐར་མའི་རྐང་རྗེས་ཙམ་ཡང་མངོན་དུ་མེད།།

 

སེམས་གཞས་ཁྱོད་ལ་ཅི་ཙམ་གྱེར་ན་ཡང་།།

མི་སེམས་རྡོ་བ་ལས་ཀྱང་སྲ་བར་སྙམ།།

བརྩེ་བའི་དྲི་མ་ཙམ་ཡང་ཚོར་དུ་དབེན།།

དུང་བའི་ཕྱི་ཤུན་ཙམ་ཡང་མངོན་དུ་མེད།།

 

ནམ་མཁའི་དབྱིངས་ན་ཟླ་འོད་བསིལ་མོ་ཞིག།

དེ་ཡི་མཐའ་ན་སྐར་ཚོགས་གྲངས་མེད་ཅིག།

གྲངས་མེད་དེ་ཡི་གསང་གཏམ་རེ་རེ་ལ།།

བསྡད་ཀྱིན་བསྡད་ཀྱིན་ཉན་རྒྱུ་གང་མང་ཞིག།

 

མི་ཡུལ་ཞིང་ན་བུ་མོ་མཛེས་མ་ཞིག།

མཛེས་མ་དེ་ནི་ང་ཡི་སྙན་ངག་ཡིན།།

སྙན་ངག་དེ་ཡི་གསང་བའི་སྒོ་མོ་ལ།།

དགའ་སྡུག་འདྲེས་པའི་རི་མོ་གང་མང་ཞིག།

 

སྙན་ངག་བརྩེ་བ་སེམས་ཀྱི་གཏིང་ལ་སིམ།།

རིགས་གཅིག་རྐང་འཛིན་ཁ་བའི་ལ་རྒྱ་ཞིག།

མྱོང་བའི་གྲུབ་ཅིང་རིགས་པའི་དཔྱད་དེ་འབྲི།།

དོན་ལ་བསམ་ནས་མཐར་སྡོམ་འགོད་པར་སྤྲོ།།

 

བརྗོད་བྱའི་གནད་ཟིན་ཤོག་དཀར་ངོས་ལ་ཕབས།།

རྗོད་བྱེད་ཚིག་གིས་མཛེས་མའི་ཉམས་རེ་དོད།།

ཚོར་བའི་སྣང་གསལ་འཚོ་བའི་ཁོང་ལ་འཛུལ།།

སྙན་ངག་རྣོ་སྦྲེང་དཀྲོལ་བའི་རྟོག་འགྱུ་བཞིན།།

 

དྭངས་གཙང་ལྷད་མེད་རྣམ་ཤེས་ལུས་ཕྲ་མ།།

དགའ་སྐྱོའི་ཚོར་བ་སྒྱུ་མའི་རྩལ་ངོམ་དུས།།

ཆགས་ལྡན་སྐྱེ་བོའི་སེམས་ཀྱི་རྡོ་རིང་ལ།།

མི་བརྗེད་རི་མོ་བསྐལ་བའི་བར་ན་གནས།།

 

སྐྱིད་ན་དགའ་གཏམ་སྦྲང་ཆར་ཟིམ་མ་འཇོ།།

སྡུག་ན་སྐྱོ་བའི་ཤུ་གླུ་རིང་མོ་འཐེན།།

སྙོམས་པོའི་སེམས་ན་མཛེས་པའི་མེ་ཏོག་བཀྲ།།

སྙན་ངག་སེམས་ཁམས་བྱིས་པའི་སྤྱོད་པ་འདྲ།།

 

ཚོར་བ་དམར་རྗེན་ཡིན་ཁུལ་ཡི་གེར་བཏབ།།

ཡིག་འབྲུ་རེ་རེར་ལྕགས་ཀྱི་སྲོག་ཤིང་བཙུགས།།

རུས་པའི་རྐང་ལ་འཛེར་མའི་རྒྱན་ཆ་བཏེགས།།

ན་ཟུག་དངོས་མ་ཞིག་གི་བདེན་དཔང་ཉིད།།

 

མཚམས་རེ་སྤྲིན་པར་ཞོན་ནས་འཕུར་བར་འདོད།།

ལན་རེར་འཇའ་ཚོན་བཞིན་དུ་ཡལ་ན་འདོད།།

ཉི་མའི་རྣ་ཆ་ཚོར་བའི་འགུལ་ལ་འདོགས།།

སྙན་ངག་རོལ་མོའི་ནམ་མཁའ་རང་དབང་ངོ་།།

 

དངོས་པོའི་རང་གཤིས་འཇམ་པའི་ལུས་ཕྲ་མར།།

སྡེབ་ལེགས་ཚིག་གིས་མགུལ་བར་བརྒྱན་བྱས་ཏེ།།

རིག་གཞུང་ལོ་རྒྱུས་བདོག་པའི་དངོས་པོར་བཅས།།

དོན་གཉེར་ཅན་གྱི་གནས་ལ་བརྫངས་བར་འདོད།།

 

རེ་འགའ་དགའ་བའི་བསྟོད་གླུ་དབྱངས་སུ་འཐེན།།

སྐབས་འགར་སྐྱོ་བས་གདུངས་པའི་ཆོ་ངེ་འདེབས།།

འགྱུར་ལྡོག་ཚོར་བ་སྐྱེན་པའི་སྙན་ངག་མཁན།།

སེམས་ཁམས་ཕྱུགས་རྫི་བུ་མོའི་རྗེས་སུ་སྙེགས།།

 

མཐོང་ན་ཡོད་པར་འདྲ་བའི་སྙན་ངག་པ།།

བརྒལ་ཞིང་བརྟགས་ན་རྙེད་པར་མ་མཆིས་མོད།།

རྟོག་ངོར་གང་དྲན་འབྲི་བའི་སྙན་ངག་པ།།

འཇིག་རྟེན་བདེན་སྣང་འཛིན་པའི་ཨ་ཐང་ཆད།།

 

སེམས་ཀྱི་དྭངས་མ་འཁྲུལ་སྣང་སུ་ཡིས་ཤེས།།

འཁོར་བའི་ཕུན་ཚོགས་སྒྲོ་འདོགས་ག་ལ་ཤེས།།

མཐོང་ཚད་བདེན་པར་ཞེན་པའི་སྙན་ངག་པ།།

བདག་འཛིན་དམ་དུ་བཅིངས་པ་ཨ་ཐང་ཆད།།

 

ཚོར་འདུ་སྣ་མང་སྣེ་ནས་གཉུག་གཤིས་བཙལ།།

དགའ་སྐྱོ་འཚོ་བའི་ཀློང་ནས་རྟོག་འགྱུ་རྒུམ།།

འཁོར་བའི་གྲུ་ཟུར་བར་ནས་མཛེས་སྡུག་ཉུལ།།

ཀྱག་ཀྱོག་ལམ་ཕྲན་གསེང་ནས་རྐང་རྗེས་བོར།།

 

མཚན་མོའི་ཟླ་འོད་འོག་ནས་སྐྱོ་སྣང་བཙལ།།

སྨུག་སྤྲིན་དམ་དུམ་ངོས་ནས་སེམས་གཞས་ཤོར།།

ཁུ་སིམ་ལྷིང་འཇགས་གནས་ནས་དགའ་སྡུག་གླེང་།

རང་གཤིས་གཅེར་བུར་བུད་ནས་ཁེར་རྐྱང་འཚོ།།

 

སྲིད་གསུམ་བྱིས་པའི་གར་ལ་རྩེན་ན་ཡང་།།

རྗོད་བྱེད་ཚིག་ལ་གྲུབ་པ་ཐོབ་པའི་རིགས།།

ཆོས་ཀུན་གླུ་རུ་ལེན་པའི་སྒྱུ་འཕྲུལ་ཅན།།

ཁ་ལ་རྒྱན་འཆང་སེམས་ནི་ནམ་མཁར་གྲགས།།

 

གཙང་བོ་ལས་དང་རི་བོ་རྣམས་ལ་མིན།།

ས་གཞི་དང་ནི་མཁའ་ཡིས་ཀྱང་མི་མཚོན།།

དེ་ཡི་སེམས་ནི་རབ་ཏུ་བརྗོད་འདོད་ཀྱང་།།

ཟླ་བོ་དེ་ཉིད་ཉི་ཟླ་སོགས་ཀྱང་མིན།།

 

མ་ངེས་ཀུན་རྟོག་པིར་གྱི་གར་སྟབས་ལས།།

དགའ་སྡུག་འཚོ་བའི་རི་མོ་ལམ་མེར་ཤར།།

ཚོར་འདུ་ཟབ་མོས་ཀུན་གཞིའི་ཤོག་ངོས་སུ།།

ལྡེམ་ལྡེམ་ནག་འགྲོས་གར་ཆུང་ལྷོད་ཀྱིས་བསྒྱུར།།

 

མཐོན་པོའི་རི་དང་དམའ་བ་རྒྱ་མཚོའི་འཇིང་།།

རབ་དཀར་སྤྲིན་དང་མྱུར་འཁྱུག་གློག་ཞགས་སོགས།།

སྙན་ངག་སྨྲ་བའི་འདྲེན་བྱེད་དྭངས་མོ་སྟེ།།

ནང་སེམས་ཕྱི་རུ་མཚོན་པའི་བརྡ་ཐབས་ཡིན།།

 

བསྟོད་པའི་མཐེ་བོང་རི་རྒྱལ་རྩེ་རུ་བསྒྲེངས།།

སྨད་པས་ཕས་རྒོལ་ཆུ་བོའི་གཞུང་ལ་བསྐུར།།

ཕྲ་རག་མཛེས་ཞེན་ཀུན་པོར་སྨྱུག་རྩེར་ཕབ།།

སྙན་ངག་པ་ཡི་སེམས་ཁམས་ཇི་འདྲའི་བཙན།།

 

བདེན་པའི་གནས་ལུགས་མཛུབ་མོའི་རྩེ་ནས་སྟོན།།

དྲང་མོའི་བདེན་གཏམ་འགྲིམ་པའི་གསེང་ནས་གྱེར།།

རི་ཆུ་ཁོར་ཡུག་སོར་མོའི་རྩེ་ནས་བསྟོད།།

ཨེ་མ་སྙན་ངག་ཇི་འདྲའི་ནུས་ཅན་ཞིག།

 

ཚོར་བའི་སེམས་འགྱུ་དམར་པོའི་སྟངས་སྟབས་འོག།

ཚོར་ཤེས་གསར་བའི་བདེན་པ་དབྱངས་སུ་བཀུག།

ཚོར་བ་སྣ་མང་འདུ་བའི་སེམས་ཁམས་ལ།།

ཚོར་སྣང་རབ་རིབ་ཅིག་གི་ན་བུན་འཁྲིགས།།

 

མཚན་སྨག་མུན་པའི་གཞུང་གི་བྱང་ཐང་ནས།།

དུངས་པའི་ལྷ་མོའི་ཞལ་ཁྱིམ་ཡིད་ལ་འཁོར།།

སེམས་ཀྱི་འགྱུར་བག་རྒོད་པའི་རྨི་ལམ་འདི།།

ཚོར་འདུ་སྐྱེན་པོ་ཞིག་གི་གསེང་ནས་བརྡོལ།།

 

ཡིད་ཀྱི་སྐྱོ་བ་མགོ་བོས་མ་ཐེག་པར།།

གཟུགས་ཀྱི་རོ་ཤུན་ཙམ་ལ་འཇུས་པ་ཡི།།

སྲོད་ལ་རྨི་ལམ་མོད་པའི་བར་གླགས་རེར།།

དབྱངས་ཅན་དགའ་མ་རྨིས་པས་འབོད་པ་བཏང་།།

 

སྙིང་གི་དགའ་བ་བཞིན་གྱིས་མ་བཟོད་པར།།

ལག་གི་སོར་མོ་སྨྱུ་གུར་འཇུས་པ་ཡི།།

ཚོར་ཤེས་གང་སར་གཡེང་བའི་སྐབས་རེར་ཡང་།།

དབྱངས་ཅན་ཁབ་ཏུ་བསུ་བའི་སྨོན་པ་བཏང་།།

 

ནག་ནོག་སྦགས་པ་མཁལ་ལ་འཇའ་ལྟར་ཡིབ།།

ལྷུན་གྱིས་གྲུབ་པའི་གདངས་སུ་ལྷོད་ཀྱིས་འཁྱིལ།།

ཕྱི་རོལ་ནང་དུ་བསྡུད་པའི་བཟོ་ལྟ་ཡིས།།

གཉིས་སུ་དགར་བའི་གཟུ་དཔང་གདོད་ནས་བོར།།

 

མཛེས་པའི་ཡིད་ཀྱི་གྲོང་ཁྱེར་བས་མཐའ་རུ།།

ཁེར་རྐྱང་རྐང་གླིང་འབུད་པའི་སེམས་གཞས་མཁན།།

ཚོར་འདུས་རོལ་དབྱངས་དཀྲོལ་སྟངས་རེ་རེ་ལ།།

གྱ་གྱུའི་འོད་ལམ་རི་མོའི་གསེབ་ཏུ་བཞེངས།།

 

སེམས་ཀྱི་ཚོར་བ་ནམ་མཁའི་མཐའ་ལ་དེད།།

ཀུན་རྟོག་ངོས་སུ་ངག་རིག་མཚོ་མོ་བསྐྱིལ།།

སྙུག་གུའི་སྣེ་རུ་ཨ་ཡིག་ཁད་ཀྱིས་བྲིས།།

གནའ་དེང་ཤེས་རིག་ཚལ་ན་ངང་གིས་རྒྱུ།།

 

རྟིང་མའི་ཟླ་བ་མུན་པའི་དུང་ལ་གཡུགས།།

བྱེ་ཐང་སྐྱ་བོ་སྐབས་གསུམ་ལྷ་ཡུལ་བསྒྱུར།།

བློས་གདགས་བྱས་ཚད་མཚང་ལ་མི་འགྱུར་བ།།

སྙན་ངག་འབྲི་བའི་སེམས་གཤིས་དྭངས་མ་ཉིད།།

 

དུང་བརྗོད་ཚིག་གི་ཕྲེང་བ་གཡས་སུ་འཁྱིལ།།

དུང་བའི་སྙིང་གཏམ་སོར་མོའི་རྩེ་ནས་འདྲེན།།

དུང་ཞེན་ཕྲེང་རྒྱུད་བརྩེ་བས་མདུད་པ་བརྒྱབ།།

དུང་སེམས་སྙན་མོའི་སྒྲ་དབྱངས་ཕྱི་ལ་མངོན།།

 

སྙན་ངག་རིག་པའི་གནམ་རུ་རྩལ་གྱིས་བདུང་།།

སྙན་པའི་ཚིག་ལ་དབྱངས་ཀྱི་ལྡེམ་འཕྲུ་བཙུགས།།

སྙན་འཇེབས་ངག་གིས་དཔའ་བོའི་བསྟོད་གླུ་བླངས།།

སྙན་ངག་པ་ནི་ཞུ་དུལ་བག་ཡོད་མིན།།

 

སེམས་ཀྱི་རྣག་ཁྲག་བདུད་རྩིའི་ཁུ་བར་བསྒྱུར།།

མཛེས་པའི་ཡུལ་ལྗོངས་གལ་རེར་སྡུག་ཏུ་མཐོང་།།

ད་ལྟ་གནས་ཀྱང་ད་ལྟ་འཕྱོ་བ་ཡི།།

སྙན་ངག་པ་ཡི་སེམས་ཁམས་གཅིག་ཏུ་མེད།།

 

མི་སྡུག་བརྒྱད་ཅུའི་རྒན་མོ་མཛེས་པར་བཤད།།

བཅུ་དྲུག་གཞོན་ནུ་མཛེས་པ་རྫོབ་པར་འགྲེལ།།

འཇིག་རྟེན་ལྟ་སྟངས་མཛེས་པ་འཚོལ་སྟངས་སོགས།།

གཞན་དང་མི་མཚུངས་སྙན་ངག་པ་ཡི་སེམས།།

 

ཡིད་ཀྱི་འགྱུ་བ་སྨྱུ་གུའི་རྩེ་ལ་གཏད།།

གོམས་པའི་འདེགས་འཇོག་དཀྱེལ་ཡངས་ཀློང་ལ་བསྟིམས།།

ཡན་པའི་འཆར་སྣང་བདེན་ལུགས་སྲུབས་ལ་འཁྲིལ།

གཉུག་སེམས་ལམ་ལ་བསྙབ་པའི་ཉམས་རྟོགས་པ།།

 

འཚོ་བའི་མངར་སྐྱུར་བསམ་གཞིག་ཡལ་བའི་གཤིས།།

མངོན་ལྐོག་ལྟོད་ཐག་གང་སར་བཏེགས་པའི་སེམས།།

དཔྱད་དོན་ཚུལ་མིན་སྒྲོ་བཏགས་ཆོད་པར་བཙལ།།

དངོས་ལུགས་གླུ་རུ་འཇོ་བའི་ངག་རིག་པ།།

 

རང་ཉིད་འཚོལ་སྟངས་འདི་ཡི་བཞུད་ལམ་ལས།།

ཚོར་བའི་གཙང་བོ་རྟག་ཏུ་སྐྱོམ་པ་ཡི།།

དགའ་དང་སྡུག་གི་འགྱུ་བག་གང་ཡོད་དག།

རླབས་ཀྱི་གཞས་ཆུང་སེམས་པའི་གསེང་ནས་བརྡོལ།།

 

ནང་ཉམས་སྟོང་བའི་འཛུམ་ལ་མ་ཆགས་ཤིང་།།

རྒྱུ་དང་འབྱོར་བས་སེམས་གཤིས་མ་ཐུལ་བར།།

བདེན་པའི་སྨྲ་ལྕེ་བརྡར་སའི་སྐད་ཆའི་བཅུད།།

ངག་རིག་སྒྱུ་འཕྲུལ་སེམས་ཀྱི་གྲོགས་སུ་འཁོར།།

 

སྟོང་འདང་རྨི་ལམ་ཁྲོད་ནས་བདེན་པ་བཙལ།།

སེམས་ཀྱི་བཞུར་རྒྱུན་ངོས་དང་ཟུར་ལ་བབས།།

ཚོར་བ་དམར་རྗེན་མ་ཞིག་ཁ་ལ་ལུད།།

ཟིན་དང་མ་ཟིན་བརྡ་དོན་གསལ་མ་ཡིན།།

 

ཕྱི་རོལ་ཡུལ་གྱི་བཟོ་ལྟ་སྣ་ཚོགས་ཤིག།

ནང་གི་ཚོར་འདུའི་ཀློང་དང་བརྡབ་གསིག་པས།།

རྐྱེན་གྱི་ཡིན་སྣང་ཤར་བའི་གཤིས་ལུགས་དང་།།

འཛིན་ཚུལ་ངོ་བོར་འཐབ་པའི་གར་མཁན་ཉིད།།

 

མཐོན་པོ་གངས་ཀྱི་ཟེ་ལ་འཛེག་སྐས་བཙུགས།།

རྒྱང་རིང་དབྱིངས་ཀྱི་ལྟད་མོར་རོལ་བར་སེམས།།

རི་བོའི་རྩེ་ནས་ཅི་ཡང་མཐོང་སྙིང་ཆེ།།

ཁྲོན་པའི་སྦལ་བའི་བརྟུལ་ཞུགས་དམ་ཞིང་འཆང་།།

 

ལན་རེར་རྟོགས་པའི་དབལ་ཁ་རྣོ་ཞིང་སྐྱེན།།

སྐབས་རེར་ཚོར་བར་གཟེར་རྒོད་རྒྱུག་ཅིང་བརྒྱལ།།

ཡིད་འགྱུའི་འཁྲུལ་ཤེས་སྒྱུ་འཕྲུལ་རོལ་དུ་ཁྲིད།།

སྣང་བའི་མེ་ལྕེའི་འབར་རླབས་མཆེད་ཅིང་མཆེད།།

 

མེས་པོ་རི་ལ་བྲོས་པའི་ལོ་ཟླའི་གསེང་།།

ཁྲག་ཡིག་གཅིག་ལ་འཐིམ་པའི་གཞོན་ནུ་ལ།།

སྐྱོ་དགའི་ཝུ་ཆང་འཐུང་བའི་སེམས་ངོས་སུ།།

ཚོར་ཤེས་གསོན་པོ་བརྟས་སའི་མིག་གཅིག་ཕྱེས།།

 

སྙན་པའི་དབྱངས་ལ་བསྐྱོད་པའི་བྱ་ཁྱུ་ཚོ།།

གྲེ་བ་དགུང་ལ་སྙེག་པའི་གཤོག་སྣེ་ལ།།

གངས་དཀར་ཨ་མར་ཕུལ་བའི་གླུ་གཞས་ཤིག།

རྣོན་པོ་སྨྱུག་རྩེར་འཁྱིལ་བའི་ས་གཞི་བསྐྲུན།།

 

སེམས་ཀྱི་ཁུགས་པ་རེ་རེའི་ཟབ་ས་ན།།

བདེན་པའི་གཤིས་སུ་གྲུབ་པའི་རི་མོ་ཡོད།།

ཐོགས་མེད་ཀུན་ལ་ཁྱབ་པའི་དཔྱོད་ཤེས་དེས།།

འགོག་མེད་ཐ་སྙད་ཡོངས་ལ་ཉམས་གསོག་བྱེད།།

 

སྡོད་མེད་ཕྱོགས་སོར་འཁྱམས་པའི་བདེ་སྡུག་གིས།།

བདེན་པའི་ལམ་ཞིག་འཚོལ་བའི་རྒྱུད་རིམ་ཁྲོད།།

ཐོབ་བྱ་ཅི་ཡང་མེད་པའི་ཡིད་གཞུང་ནས།།

འཆར་སྣང་དམར་པོ་གླེང་བའི་སྟ་གོན་བྲེལ།།

 

མཚམས་རེར་དྭངས་ཤིང་གཙང་བའི་བྱིས་པ་བཞིན།།

སྒྱུ་རྩལ་ཨ་མར་ངག་གི་ཀ་ར་སློང་།།

ལན་རེར་ཨ་མྱེས་སྲིད་པ་རྒན་པོ་བཞིན།།

བདེན་པའི་སྙིང་གཏམ་རིགས་ཀྱི་བུ་ལ་བཤད།།

 

སྣང་བའི་མཁའ་ལ་ཤར་བའི་རྒྱུ་སྐར་བཞིན།།

ངག་གི་མེ་ཏོག་རིག་པའི་དབྱིངས་སུ་འཐོར།།

ལྟ་བའི་འོད་ཟེར་འབུམ་དུ་འགྱེད་པ་ཡི།།

ཤེས་པའི་ཉིན་བྱེད་འཆར་ཡན་སྤྲིན་ཀློང་ཉུལ།།

 

ཚིག་གི་འོད་ཟེར་འགྱེད་པའི་ནམ་མཁའ་ལ།།

དབྱངས་ཀྱི་ང་རོའི་རི་མོ་འཕྱུར་བ་ན།།

ཚོར་བའི་འཕར་འདེགས་དྲག་ཏུ་སྐྱོམ་པ་ཡི།།

ཡིད་ཀྱི་ཕྱི་ནང་འགྲོ་བའི་ཁམས་ལ་བཏེགས།།

 

རིག་པའི་གསང་མཚོན་བསྣམས་པའི་ཕྱག་རྒྱ་ལ།།

བརྗོད་བྲལ་ཚོར་འདུའི་འགུལ་གཟུགས་སྤུངས་པ་ཡི།།

སྒྱུ་འཕྲུལ་བུ་མོའི་གཤིས་ལ་བསྐུང་བ་གང་།།

ནང་སེམས་རྟོག་པའི་གདངས་ཀྱི་ཁ་དོག་གོ།

 

བདེན་འཚོལ་སྙིང་རྩིད་གངས་ཀྱི་རལ་བར་བརྒྱུས།།

གཉུག་གཤིས་དྭངས་མའི་ནམ་མཁའ་ཤེད་ཀྱིས་བསྔོགས།།

ཚོར་འདུ་ཕྲ་མོའི་གཤོག་པར་བློ་མིག་ཐོགས།།

ན་ཟུག་ལོ་ཟླའི་ན་བུན་རླུང་ལ་སྤུར།།

 

ཐ་སྙད་ལང་ཚོའི་བསླུ་བྲིད་ཐེད་ལ་སྤྱུགས།།

སྒྱུ་རྩལ་མཛེས་མའི་གདོང་ཁེབས་རིག་པས་ཕྱེས།།

དགའ་སྐྱོའི་ལོ་མ་སྲིད་པའི་རུམ་ཁར་བཏབ།།

བསམ་གཞིགས་རི་མོས་ཐོལ་བྱུང་སྙན་ངག་བྲིས།།

 

ཚིག་ལ་སྲེད་ཀྱང་ཚིག་གིས་མ་ཁེབས་ཤིང་།།

གཏིང་ནས་འཕྱོ་ཡང་ངག་ནས་མི་ཐོན་པར།།

ཕྱེད་ཀའི་ཕྱེད་ཀ་རི་མོར་བཀོད་པའི་རླབས།།

སུ་ལ་ཕོག་ན་དབང་མེད་འདར་བར་བྱེད།།

 

སྐབས་འགར་འཛུམ་ཞིང་ལན་རེར་ཁྲོ་གཉེར་བསྡུ།།

སྐབས་འགར་བྱིས་པ་ལན་རེེར་རྒན་པ་སྟེ།།

མདོར་ན་ངོས་བཟུང་མེད་པའི་སྤྲེའུ་ཞིག།

སྙན་ངག་མཁན་ལ་མནར་གཅོད་གཏོང་བར་བྱེད།།

 

བསམ་པའི་སྣེ་མོ་ཨ་སྔོན་དབྱིངས་སུ་བསྲིངས།།

སྣང་སྲིད་ཆོས་ལ་ཚོར་རྟོག་རི་མོ་འབྲི།།

ཆགས་ཐོགས་མེད་པའི་ལྡོམ་བུ་ཁེར་འགྲོ་བ།།

མཛེས་མ་དབྱངས་ཅན་ལྷ་མོའི་བུ་ཡི་སེམས།།

 

ཧུར་སེམས་རྣལ་མ་དངོས་པོའི་གཤིས་ལ་དྲངས།།

མེས་པོའི་ཟུངས་ཁྲག་དུང་བའི་གསེང་ན་ཁོལ།།

སྨྲ་བསམ་བརྗོད་པས་ས་ནག་སྟེང་འོག་བསྒྱུར།།

སྐྱེད་མ་དབྱངས་ཅན་ལྷ་མོའི་བུ་ཡི་སེམས།།

 

རྟག་པ་རྡུལ་ཙམ་མེད་པའི་འཁོར་བ་ནས།།

དྭངས་མའི་སེམས་ལ་ནག་ནོག་དྲི་མས་གོས།།

རང་བྱུང་མཛེས་སྡུག་དང་ནི་ཚོར་འདུ་ཀུན།།

ངག་གི་ཕྲེང་བརྒྱུད་པུར་རྩལ་འགོད་ལ་མཁས།།

 

ཕྲག་དོག་འགྲན་རྩོད་ཆེ་བའི་སྤྱི་ཚོགས་ནང་།།

མཐོ་ལ་ངོ་དགའ་དབུལ་བོར་ཁྱད་གཤིས་མེད།།

ཀུན་ཕན་སེམས་དང་དྲང་བདེན་ལྟ་བ་གཉིས།།

སྲོག་བཞིན་སྲུང་འདོད་སྙན་ངག་མཁན་གྱི་སེམས།།

 

ནམ་མཁའི་རྒྱ་ཁྱོན་ཁྱོད་ཀྱིས་གཞལ་ཨེ་མྱོང་།།

ས་གཞིའི་བརྟན་བརླིང་ཁྱོད་ཀྱིས་སྒུལ་ཨེ་མྱོང་།།

ཡི་གེའི་བཙན་རྫོངས་ཁྱོད་ཀྱིས་རྩིག་ཨེ་མྱོང་།།

སྙན་ངག་པ་ཡི་སེམས་ཁམས་དེ་ན་ཡོད།།

 

མུན་པའི་འཇིག་རྟེན་ཁྱོད་ཀྱིས་དཀྲོག་ཨེ་མྱོང་།།

འོད་ཀྱི་རྒྱལ་ཁམས་ཁྱོད་ཀྱིས་བསྐྲུན་ཨེ་མྱོང་།།

འགྲོ་བའི་རྨི་ལམ་ཁྱོད་ཀྱིས་བརྟོལ་ཨེ་མྱོང་།།

སྙན་ངག་པ་ཡི་སེམས་ཁམས་དེ་ན་ཡོད།།

 

ཟླ་བས་སྤྱན་ཆབ་ཤོར་བའི་རྟོག་སྣང་བཞེངས།།

རི་ཆུར་སྐྱོ་དབྱངས་འཁོར་བའི་ཐ་སྙད་སྦྱོར།།

མཛེས་དཔྱོད་བློ་མིག་སྤྱི་བོའི་རྨུ་ཐག་ཅན།།

ཚོར་རྟོགས་ཡི་གེར་ཕབ་པའི་རྟོག་གེ་བ།།

 

བསམ་གཞིགས་ཀློང་ནས་ལོ་ཟླའི་འཁོར་སྐྱོད་བྲིས།།

དགའ་སྐྱོ་ཆགས་སྡང་སྨྱུ་གུའི་རྩེ་རུ་བཏེག།།

ཨ་མའི་ཞལ་ཆེམས་དམར་པོའི་ལྟེའི་བར་ནས།།

ཡང་སྙིང་གར་ཁུང་ཞིག་གི་རྟེན་ལ་བཞུགས།།

 

འཚོ་བའི་དགའ་སྐྱོ་ཡི་གེའི་གཟུགས་སུ་བཞེངས།།

ཡིད་ཀྱི་འགྱུ་བ་སྙན་མོའི་ཚིག་ལ་བརྒྱུས།།

སྣ་ཚོགས་གར་གྱི་མི་ཡི་ཟློས་གར་ཉིད།།

ཇི་བཞིན་ཤོག་བུར་འགོད་པའི་གཤིས་ཤིག་འཆང་།།

 

དགོད་ཀྱང་སླ་ལ་ངུ་ཡང་སྐྱེན་པ་སྟེ།།

སྒྱུ་མའི་གྲོང་གི་དགའ་སྐྱོའི་གཏམ་རྒྱུད་དང་།།

ཟང་ཟིང་འདུ་འཛིའི་འཚོ་བའི་རླབས་ཀྱིས་ནི།།

སྙན་ངག་མཁན་གྱི་བྲང་ཁར་ཡང་ཡང་རྡུང་།།

 

རྒྱ་མཚོས་བྲག་ལ་རྡེབ་ཅིང་རླབས་རིས་འབུར།།

གྲུ་གཟིངས་ཉི་མའི་རྣ་ཆ་བྱེད་དུ་འཇུག།

ཉ་མོས་རྒྱ་མཚོར་འཇུག་པའི་འཁྱུག་རྩལ་ཡང་།།

སྙན་ངག་པ་ཡི་སེམས་ཁམས་དམར་བོ་ཡིན།།

 

མིག་ཆུ་མེ་རུ་འབར་བའི་སྒྱུ་འཕྲུལ་དང་།།

དགའ་སྤྲོ་མེ་ཏོག་མཚོན་གྱི་རང་བཞིན་ཅན།།

སྡང་སྡུག་འགེམས་པའི་རླུང་གི་གཤོག་པ་ཡང་།།

སྙན་ངག་པ་ཡི་སེམས་ཁམས་ངོ་མ་ཡིན།།

 

མཚན་ཉིད་རིག་པས་གཤིས་ལ་རྡེག་པ་ན།།

གཤིས་ཀྱི་ངོ་བོ་ཚོར་བར་སྦྲེལ་བ་ན།།

ལུས་སེམས་གདུང་ཡང་ངག་ནས་འཁྲོལ་དཀའ་བ།།

སྙན་ཚིག་རིག་པས་སྤྱད་བྱ་ལྐོག་གྱུར་ཅིག།

 

བསམ་བློའི་ཡུམ་ཆེན་བུ་ལ་བརྩེ་ཚུལ་ཞིག།

ཚིག་གི་བུ་མོས་སྒེག་ཉམས་མངོན་ཚུལ་ཞིག།

སྙན་ཚིག་རིག་པའི་བསམ་སྦྱོར་འགྲུབ་ཚད་དེ།།

བརྩེ་བའི་སྟོང་བ་གཏན་ཏུ་བརྙེས་པ་འོ།།

 

སྐབས་རེར་ལྷ་ཡུལ་ཁམས་ཀྱི་སྙན་ངག་འབྲི།།

ལན་རེར་མི་ཡུལ་ལུང་བའི་འཁྲུག་རྩོད་གླེང་།།

ཁམས་གསུམ་འཁོར་བའི་གྲོང་ཁྱེར་ཆེན་པོ་ན།།

ཁྱོད་ཀྱིས་བླངས་པའི་དམངས་གླུ་ཉུང་ཉུང་མིན།།

 

སྐབས་རེར་བཤད་པའི་སྨྲ་ལྕེ་ཧ་ཅང་བདེ།།

ལན་རེར་བྲིས་པའི་ཚོར་བ་རྣ་བར་གཟན།།

ཉིན་མཚན་ཀུན་ཏུ་སྙན་མོའི་ཚིག་ལ་རེ།།

སྙན་ངག་པ་ཡི་འགན་འཁྲི་ཧ་ཅང་ལྕི།།

 

མནོ་བསམ་བརྩེགས་པས་བར་བར་ངུ་བ་དང་།།

གློ་བུར་གཅིག་པུ་མལ་དུ་ཁེར་དགོད་བྱེད།

འཚོ་བའི་གཏིང་ནས་སྐད་ངན་ཕྱུངས་པ་སོགས།།

རྩ་མི་ཚང་བའི་ལས་ཀ་རྟག་ཏུ་གཉེར།།

 

ཀུན་ལ་མེད་པའི་ཤེས་རབ་མེ་སྟག་ཙམ།།

སྙིམ་པར་བཏེགས་ཏེ་གླེན་རྟགས་བསྟན་པའི་མུར།།

གནམ་ས་འུར་འུར་ཡོམ་པའི་སྒྲ་དང་བཅས།།

ཁོ་རང་རིམ་པ་དགུ་ཡི་དོང་དུ་མནན།།

 

འདི་ལྟར་སྙན་ངག་མཁན་གྱི་སེམས་ཁམས་ལས།།

རང་བྱུང་སྙིང་ལ་བབས་པའི་ཚིག་གི་ཕྲེང་།།

ཕྱོགས་གཅིག་བཏུས་པའི་སྙན་ངག་རིང་མོ་འདི།།

ཕ་ཁྱིམ་ཚང་གི་ཚོགས་མི་མང་བོས་སྦྱར།།

 

སྤྱིར་ན་བརྗོད་བྱ་གཅིག་གི་ལུས་པོ་ལ།།

སྙན་ཚིག་ཐ་དད་རྒྱན་གྱིས་མཛེས་པ་མང་།།

མཛེས་མ་གཅིག་གི་སྒེག་ལྡན་ལུས་པོ་ལ།།

ཕོ་བརྒྱའི་ལྟ་སྟངས་གཅིག་པ་འདི་ཀོ་ཉིད།།

 

ཚིག་གི་ཆ་ཡ་བསྡེབས་སྟངས་འདྲ་ཙམ་གྱིས།།

སྙུ་གུ་གཅིག་གིས་བྲིས་པར་མི་འགྱུར་མོད།།

བརྗོད་བྱའི་དོན་གྱི་རི་མོ་དེ་ཉིད་ལ།།

ལག་པ་གཅིག་གིས་བྲིས་སྙམ་འཁྲུལ་བར་བྱེད།།

 

ཨེ་མ་འདི་ནི་རང་རའི་ཁ་བ་ཅན།།

སྔོན་ན་མེད་པའི་སྐྱ་རེངས་གཉིས་པ་སྟེ།།

འདི་ཡི་རྗེས་སུ་ཚིག་རྒྱན་རིག་པའི་མཁའ།།

སྙན་ངག་རིང་མོའི་ཉི་མས་མཛེས་པར་ཤོག།


གསལ་བཤད།

     ངེད་ ༼སྙན་ངག་གི་ཕ་ཁྱིམ་༽ ཚང་གི་སྙན་ངག་རིང་མོ་འདི་ནི་ཚོགས་མི་དྲུག་ཅུ་ལྷག་གིས་ ༼སྙན་ངག་པའི་སེམས་ཁམས་༽ ཞེས་པའི་ཁ་བྱང་ཐོག  དུས་གཅིག་ཏུ་ཚིགས་བཅད་གཉིས་རེ་བཞིན་བསྒྲིགས་པ་ཞིག་ཡིན།

       ཕར་བལྟས་ཚོད་ཀྱིས་རྩོམ་པ་པོ་གཅིག་ཏུ་སྣང་བ་ལྟ་བུ་བྱས་ཡོད་པ་ལས་འབྲི་མཁན་གྱི་མིང་ཟུར་དུ་བཀོད་མེད།  རང་ཅག་བོད་ལ་རྩོམ་པ་བོ་གཅིག་གིས་བྲིས་པའི་གཏམ་རྒྱུད་དང་འཕྲིན་ཡིག་སོགས་ཀྱིས་མཚོན་པའི་སྙན་ངག་རིང་མོ་བྱུང་མྱོང་ཡོད་མོད། བརྗོད་བྱ་གཅིག་ལ་འབྲི་སྟངས་གཅིག  འབྲི་བ་བོ་མི་དྲུག་ཅུ་ལྷག་གིས་བྲིས་པའི་སྙན་ངག་རིང་མོ་ཞིག་ད་སྔར་བྱུང་མྱོང་མེད་ཚོད་ཡིན་པས་གསར་གཏོད་ཀྱི་རྣམ་པ་ཞིག་ཀྱང་ཡིན་སྙམ། འོན་ཀྱང་དུས་ཚོད་ཆེས་ཐུང་ངུ་ཞིག་གི་ནང་བྲིས་ཚར་བར་བྱས་པ་དང་། ཚོགས་མི་འགའ་རེ་དུས་ཐོག་དྲ་ལམ་དུ་ཞུགས་མ་ཐུབ་པས་ཐོག་མའི་རེ་བ་བཞིན་ཚིགས་བཅད་ཀྱི་གྲངས་ཀ་མ་ཟིན་པ་དང་། འདིར་བཀོད་ཚིགས་བཅད་དག་ཀྱང་བྲིས་ཚར་བའི་གོ་རིམ་བཞིན་སྤེལ་བ་ལས་གོང་འོག་བསྐྱར་བསྒྲིགས་བྱས་མེད་པས། བར་བར་དུ་བློས་བསླངས་དང་འབྲི་ཉམས་གློ་བུར་དུ་འཁྱོལ་འགྲོ་བ་སོགས་ཡོང་སྲིད་པས་དེ་དོན་དགོངས་འཇགས་ཡོང་བ་ཞུ་ཞུ། །

ཐེངས་འདིའི་རྩོམ་སྒྲིག་པ་འབའ་སྲས་དང་ཁ་གྱའི་ཁྱུང་སྔོན། ༢༠༡༤/༡༢/༥/ལ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: