__བོད་ཀྱི་སྐྱེས་མ་རྣམ་པར་བྲིས།

མཛོད་དགེ་དོན་འགྲུབ།

གངས་ཅན་སྐྱེས་མ།
ལས་ཀྱི་རྨི་ལམ། ཚེ་ཡི་གཤོག་ཡ།
རྩྭ་ཐང་གི་གཞི་དཀྱིལ་ན་རླུང་གིས་འཐག་པའི་གཡུ་སྦྲ་སྨུག་པོའི་ཆོན་ཐག་རིང་བོ་དེ།
ཁྱེད་ཚོའི་ལག་རྩལ་ཡིན་འདུག
རྣང་ཞིང་གི་ཚིགས་མལ་ན་རླབས་ཀྱིས་སྐྱོམ་པའི་སྙེ་མ་རི་བོའི་བང་རིམ་གཏོས་ཆེན་དེ།
ཁྱེད་ཚོའི་དཀའ་སྤྱད་ཡིན་འདུག

གངས་ཅན་སྐྱེས་མ།
གནམ་འོག་གི་གཞིས་ཀ འཛམ་གླིང་གི་གཙུག་རྒྱན།
ཁྱེད་ཚོ་ནི་མངར་ལ་ཞིམ་པའི་ཚོར་བ་ཉག་ཅིག་ཏུ་རྒྱུ།
ཁྱེད་ཚོ་ནི་འོད་དུ་འཚེར་བའི་ཁ་དོག་སྣ་ཚོགས་སུ་གྲུབ།
འཛམ་གླིང་རྒྱན་བྱེད་ཀྱི་དངུལ་གྱི་ཏོག་ཆེན་དེ་ཁྱེད་ཚོ་ཡིན་འདུག
འཁོར་བ་འཁོར་བྱེད་ཀྱི་མུ་ཁྱུད་ཟླུམ་པོ་དེའང་ཁྱེད་ཚོ་ཡིན་འདུག

གངས་ཅན་སྐྱེས་མ།
མཐོ་སྒང་གི་འོད་ཀོར། གངས་འདབས་ཀྱི་མུ་ཏིག
ཕོ་སྐྱེས་ཚོའི་ཚོར་བའི་འཕར་རྒྱུན་སྐྱེན་པོ་ཨ་ཅག་ཁྱེད་ཚོ་དང་འབྲེལ་ཡོད།
ཕོ་སྐྱེས་ཚོའི་རུས་རྐང་གི་གཉུག་གཤིས་དྭངས་མ་ཨ་ཅག་ཁྱེད་ཚོ་དང་བསྲེས་ཡོད།
གངས་ཅན་སྐྱེས་མ།
ཁྱེད་ཚོ་ཡོད་པས། སྐྱེས་པ་ཚོར་དགའ་སྐྱོ་དུབ་གསུམ་གྱི་སྒང་གཤོང་མང་པོ་ཡོད།
ཁྱེད་ཚོ་ཡོད་པས། སྐྱེས་པ་ཚོར་ངུ་ངག་དབྱངས་གསུམ་གྱི་འགྱུར་ཁུགས་ཟད་མཐའ་མེད།
ཁྱེད་ཚོ་ཡོད་པས། སྐྱེས་པ་ཚོར་ཐོབ་ཤོར་བརྒྱལ་གཟེར་གྱི་ཚོར་བ་གཏོས་སུ་གྲུབ།

གངས་ཅན་སྐྱེས་མ།
གནའ་བོའི་སྒམ་ཆུང་དུ་གཅུད་པའི་ཤོག་དྲིལ་བལྟབས་མ།
དེ་རིང་ས་ནག་སྟེང་བྲིས་པའི་ཡི་གེ་སྒྲོན་ལྗང་།

གངས་ཅན་སྐྱེས་མ།
སྲིད་པའི་མེ་སོན། འཚོ་བའི་སྙིང་བོ།
མི་ཡུལ་ན་ཁྱེད་ལ་འགན་འཁྲི་ཞིག་ཡོད་དེ།
ས་ཆེན་གྱི་ཨ་མ་སྲིན་མོའི་སྐྱེ་རབས་ཀྱི་ཆུ་གཏེར་ཀློང་ནས་ཁྱེད་ཀྱི་མིང་ཡིག་ལ་ཐམ་ག་རྡུང་དགོས།
འཇིག་རྟེན་ན་ཁྱེད་ལ་བགོ་སྐལ་ཞིག་ཡོད་དེ།
གནམ་འོག་གི་སྲིད་པ་ཆེན་པོའི་རང་བྱུང་གི་གངས་རིའི་གཤམ་ནས་ཁྱེད་ཀྱི་རང་རྣམ་ལ་བླ་རུས་མགར་དགོས།

གངས་ཅན་སྐྱེས་མ།
ཉི་འོད། ཁྱེད་ཚོའི་བྲང་གཞུང་དྲོད་པོ་ན་འོད་དུ་ལྟེམས།
འཁོར་བ།
ཁྱེད་ཚོའི་ཁྲེལ་གཞུང་རིང་མོ་ན་མུ་མེད་འཁོར།

མགོ་བོ་ཡར་ལ་དགྱེ་དང་གངས་ཅན་སྐྱེས་མ།
ཁྱེད་ཚོ་ལ་རང་གི་སྒལ་རུས་ཐོགས་ཡོད།
རང་ལ་རྩིས་ཐང་སྤྲོད་དང་གངས་ཅན་སྐྱེས་མ།
ཁྱེད་ཚོ་ལ་རང་གི་མཇིང་བ་གྲུབ་ཡོད།
གངས་ཅན་སྐྱེས་མ།
ཨ་རིའི་སྐྱེས་མ་ཁི་ལོན་ཀྲོན་ཧོ་ལི་རོད་བཞིན་རང་སེམས་ཀྱི་ཕོད་པས་འཛམ་གླིང་སྒུལ་དང་།
ཕཱ་ཀི་སི་ཐན་གྱི་མཛངས་མ་མཱ་ལཱ་ལཱ་བཞིན་རྒྱལ་སྤྱིའི་ཁྲི་སྟེགས་ལ་ཟིན་ཐོ་ཞིག་བྲི་དང་།

2013.12.18 ཉིན་བྲིས། 2014.12.9 ཉིན་སྣོན་ཅུང་བརྒྱབ།

ངེད་དྲ་ཚིགས། 

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading