རྭ་རྒྱ་འཇིག་མེད་རྒྱལ་མཚན།

འཇིགས་མེད་སྙིང་སྟོངས་དཔུང་ཤུགས་བཙན་པོ་ཡིས།།

ཤེས་རིག་ནོར་བུའི་སློབ་གླིང་རྒྱལ་མཚན་ཆེར་བསྒྲེང་ནས།། 

གངས་ལྗོངས་ཞིང་ལ་དགེ་བའི་སློབ་གླིང་ཞིག།

སྐྲུན་མཛད་རིག་པའི་དཔའ་བོ་གཙུག་གིས་བསྟེན།།

  ཅེས་ཤིས་པར་བརྗོད་པའི་མདུན་བསུས་ཏེ། གླེང་བར་བྱ་བ་ནི་སྙིང་སྟོབས་དང་ལ་རྒྱའི་ཐུགས་རྒྱུད་རབ་ཏུ་ཕྱུག་པའི་ལྷག་བསམ་ཆེན་པོ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གི་མཛད་རྣམ་ཉུང་བསྡུས། ཁོང་གི་འཁྲུངས་ཡུལ་ནི་བོད་སྲིད་པ་ཆགས་པའི་ལྷ་འགུའི་ཡ་གྱལ་དང་། རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་ནང་ཚན། བོད་ཁ་བ་ཅན་གྱི་བླ་རི། བན་བོན་གཉིས་ཀྱི་སྲུང་མ། འཛམ་གླིང་གེ་སར་རྒྱལ་བོའི་བཀའ་སྲུང་། རིན་ཆེན་མཛོད་ཀྱི་གཏེར་སྲུང་། གྲུབ་མཐའ་རིས་མེད་ཀྱི་དགྲ་ལྷ་ཆེན་པོ་རྨ་ཆེན་གངས་ཀྱི་རི་བོ་མཛེས་ཤིང་བརྗིད་ཆགས་པ་ངོ་མཚར་དཔལ་གྱིས་ཕྱུག་པའི་ཡུལ་གྲུ། རྨ་ཀླུང་དལ་འབབ་རིང་མོའི་སྟོད་རྒྱུད་ཀྱི་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོར་ཡུལ་ཚོའི་ཡབ་ཧྭ་སྐོར་བསོད་ནམས་རྒྱལ་དང་ཡུམ་ཆུ་བ་ཚེ་རིང་འཚོ་གཉིས་ཀྱི་སྲས་སུ་རབ་རྒྱལ་ཆུ་ཡོས་ ༡༩༦༣ ལོར་འཁྲུངས་ཤིང་། དགུང་ལོ་བཅུ་གཅིག་སྟེང་མགོ་ལོག་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་ཆུང་འཛིན་གྲྭར་ཞུགས་ཏེ་ཤེས་རིག་གི་བདུད་རྩི་བཏུང་འགོ་བརྩམས། སྐྱེས་སྟོབས་ཀྱི་ཤེས་རབ་མྱུར་བས་བོད་རྒྱ་གཉིས་ཀྱི་སྐད་ཡིག་དང་རྩིས་རིག་སོགས་ལ་སྦྱངས་འབྲས་ཆེས་བཟང་བས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲ་སྒྲིག་འཛིན་གྲྭར་རྒྱུགས་འཕྲོད། སྔར་བཞིན་གཤིས་འཇམ་སྤྱོད་བཟང་སྒོས་བརྩོན་པ་ལྷོད་མེད་གནང་བས་དགེ་སློབ་ཡོངས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་སའི་གཞི་གཅིག་པུར་གྱུར་བར་མ་ཟད། དོན་གྱིས་ཤེས་རིག་གི་ཐུགས་རྒྱུད་རབ་ཏུ་ཕྱུག་ཏེ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་པར་བྲེལ་བའི་སྐབས། སྔོན་གོམས་བག་ཆགས་བཟང་བོ་ཡོངས་སུ་སད་དེ་ཁོང་གསང་སྟབས་ཀྱིས་སྐུ་འབུམ་དགོན་པར་ཕེབས་ཏེ་སྐུ་ཕྱོགས་སྐེ་ཀྱཱ་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་བགྲང་བྱ་གསུམ་གྱི་རིང་ངེས་དོན་རིགས་པའི་དབང་ཕྱུག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧ རྗེ་དགེ་འདུན་རྒྱ་མཚོ་སོགས་མཁས་དབང་དུ་མའི་ཞལ་གྱི་བུམ་བཟང་ལས་ལེགས་བཤད་སྦྲང་རྩི་མངར་མོ་ངོམས་མེད་དུ་བཞེས། དྲིན་ལྡན་ཕ་མ་གཉིས་དང་ཞང་བོ་སོགས་ཀྱི་རེ་བ་བཞིན། དགུང་གྲངས་ཉེར་གསུམ་པ་ཤིང་གླང་ ༡༩༨༥ རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་གླིང་གི་ཚོགས་གྲལ་དུ་ཞུགས་ཏེ། དགེ་བའི་བཤེས་གཉེན་ཆེན་མོ་མཁན་འོད་ཟེར་བཟང་བོ་དང་། མཁན་བཟོད་པ་རྒྱ་མཚོ། བློ་གྲོས་བཟང་བོ་སོགས་ཀྱི་ཞབས་པད་གཙུག་གིས་བསྟེན་ཏེ་བསྡུས་གྲྭ་ནས་བཟུང་དཔེ་ཁྲིད་དང་ཆོས་གྲྭར་ཆག་མེད་མཛད་ནས་རྟོག་གེ་རིག་པའི་གསང་ཚིག་ལ་ཞིབ་ཏུ་སྦྱངས། ཕྱི་ལོ་  ༡༩༨༦ ལོའི་ཟླ་ ༩ པར་མཚོ་སྔོན་ནང་བསྟན་སློབ་གླིང་དུ་རྒྱུགས་འཕྲོད་དེ། དགེ་བའི་བཤེས་གཉེན་ཆེན་མོ༧ ལྡི་ཚ་ཡེ་ཤེས་རྒྱ་མཚོ་ཚང་དང་། དགེ་བློ་བཟང་རྡོ་རྗེ་སོགས་ངེས་དོན་མཁས་པའི་ཁྱུ་མཆོག་དུ་མའི་མདུན་ནས་ལོ་ངོ་གསུམ་གྱི་རིང་ནང་དོན་རིག་པ་གཙོ་བོར་གྱུར་བའི་སྒྲ་ཚད་སྙན་ངག་སོགས་ལ་དཔྱིས་ཕྱིན་པར་སྦྱངས་ནས་སློབ་མཐར་ཕྱིན་པའི་འཛིན་ཡིག་གཟེངས་བསྟོད་དང་བཅས་ཏེ་བླངས། རིང་བོར་མ་ལོན་པར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོའི་རྨད་བྱུང་ཐུགས་རྗེ་ལས་འཁྲུངས་པའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་རྒྱུགས་འཕྲོད། མཁས་པའི་དབང་བོ་དུང་དཀར་བློ་བཟང་འཕྲིན་ལས། དགེ་ཡེ་ཤེས་དབང་ཕྱུག ཨ་ལགས་ཤར་གདུང་ཚང་། རྩིས་རམས་པ་ཆེན་མོ་ཨ་ཁུ་བསམ་གྲུབ་རྒྱ་མཚོ། མཁན་པོ་རྩ་ར་ཆོས་གྲགས། ས་སྐྱའི་མཁན་པོ་དགེན་ཀླུ་སྒུབ་རྒྱ་མཚོ་སོགས་མདོ་དབུས་ཁམས་གསུམ་ནས་བྱོན་པའི་མཁས་དབང་མང་བོའི་ཞལ་སྔ་ནས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་རྒྱ་བོད་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་གཏིང་ཐུག་པ་བྱས་ནས། ཕུལ་བྱུང་སློབ་མའི་མཚན་སྙན་དང་བཅས་ཏེ་ ༡༩༩༠ ལོའི་ཟླ་བརྒྱད་པར་སློབ་མཐར་ཕྱིན། སྐབས་དེར་སློབ་གླིང་རང་དང་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱིས་ཁོང་པེ་ཅིན་དུ་བཞུགས་རྒྱུའི་རེ་བ་ནན་གྱིས་བཏོན་མོད། སྤྱིར་ཁོང་སྙན་གྲགས་དང་གོ་ས་དོན་དུ་གཉེར་བར་མི་དགའ་ཞིང་། ལྷག་པར་དུ་རྭ་རྒྱ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨ་ལགས་གཙོ་རི་ཚང་སོགས་ཆེད་གཉེར་གྱིས་བསུ་རུ་ཕེབས་ནས་རང་དགོན་དུ་འགྲོ་དགོས་པར་བསྐུལ། ཁོས་ཕྱིར་རང་དགོན་དུ་འགྲོ་བའི་ཆ་རྐྱེན་ལ་དགོན་པ་ནས་སློབ་གྲྭ་སྒྲུབ་རྒྱུ་དེ་ཡིན་པས། ཨ་ལགས་གཙོ་རི་ཚང་ནས་ཁས་བླངས་ཏེ། རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་ཕེབས། རང་གི་གྲྭ་ཤག་ཏུ་རིག་གནས་ཟབ་སྦྱོང་འཛིན་གྲྭ་གཉིས་བཙུགས་ཏེ་བགྲང་བྱ་གཉིས་ཀྱི་རིང་ལ་སློབ་བུ་མང་བོར་སུམ་རྟགས་དག་གསུམ་དང་། སྙན་ངག བསྡུས་གྲྭ་བཅས་ཀྱི་དཔེ་ཁྲིད་གནང་ནས་རིག་གནས་ཀྱི་རྒྱུན་འཛིན་མང་བོ་སྐྱེད་བསྲིང་བྱས།

  ཕྱི་ལོ་ ༡༩༩༢ ལོར། མགོ་ལོག་ཁུལ་བོད་ཡིག་སློབ་འབྲིང་གི་དགེ་རྒན་དུ་གདན་འདྲེན་ཞུས་ནས། སློབ་གྲྭའི་དགེ་རྒན་རྣམས་ལ་གནའ་དེང་རིག་པའི་གཞུང་ལུགས་མང་བོའི་དཔེ་ཁྲིད་ཀྱི་ཁུར་བླངས། ཁོང་སློབ་མཐར་ཕྱིན་པ་ནས་བཟུང་ཕྱི་རབས་པ་བརྒྱ་ཕྲག་མང་བོར་ཤེས་རིག་བདུད་རྩིའི་ཉིང་ཁུ་སྩོལ་བཞིན་བགྲང་བྱ་བཞི་ཙམ་ཡུད་ཀྱིས་འདས། དགེ་འཇིགས་མེད་རྒྱལ་མཚན་ལ་གསར་གཏོད་པ་དང་། ཕུལ་བྱུང་བྱས་རྗེས་པ་སོགས་ཀྱི་མཚན་སྙན་སྐམ་པོ་དེ་མེད་ནའང་། ཁོང་གིས་བོད་མི་རིགས་འདི་སྔོན་ཐོན་རྒྱལ་ཁབ་དང་སྔོན་ཐོན་མི་རིགས་རྣམས་ཀྱི་གྲལ་དུ་ཇི་ལྟར་བགྲོད་དགོས་པའི་ཐབས་ལམ་ལ་མིག་རྒྱང་རིང་བོས་མནོ་བསམ་ཡང་ཡང་བཏང་བ་ན། མི་རིགས་གང་ཡིན་རུང་འཕེལ་རྒྱས་སུ་འགྲོ་བའི་རྒྱུ་ཉག་གཅིག་ནི་སློབ་གསོ་སྣ་ཚོགས་ལ་བརྟེན་ཏེ་མིའི་བསམ་བློ་བསྒྱུར་བཅོས་བྱེད་དགོས་ཤིང་། དེ་ཡང་མི་རབས་རྗེས་མ་རྣམས་ཤེས་ཡོན་ཅན་དུ་གཏོང་རྒྱུ་ཁོ་ན་ལ་རག་ལས་མོད། ཡུལ་གངས་རིའི་ལྗོངས་ཀྱི་ས་གནས་སོ་སོའི་ཞིང་འབྲོག་གི་བྱིས་པ་དང་ན་གཞོན་ཕལ་ཆེར་སློབ་གྲྭར་འགྲོ་མི་ཐུབ་པ་མི་བསྡུ་བ་སོགས་རྐྱེན་སྣ་ཚོགས་ཀྱིས་བོད་རིགས་ཞིང་འབྲོག་མང་ཚོགས་ཁྲོད་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཡིག་རྨོངས་པ་ཤིན་ཏུ་མང་ལ། རྒྱལ་གཉེར་སློབ་གྲྭ་ཆེ་ཆུང་རྣམས་སུ་ཡང་བོད་ཀྱི་རིག་གནས་ཆ་ཚང་ཞིག་སློབ་མི་ཐུབ་པས། སྒེར་བསྒྲུབ་སློབ་གྲྭ་ཞིག་བཙུགས་ནས་རྒྱ་ཆེའི་སློབ་འདོད་མཁན་རྣམས་ལ་གོ་སྐབས་བཟང་བོ་སྐྲུན་ཏེ་བོད་མི་རིགས་ཀྱི་རིག་གནས་ཉམས་པ་གསོ་བ་དང་དར་བ་སྤེལ་བའི་མི་འགྱུར་དམ་བཅའི་རི་མོ་སྙིང་ལ་བཀོད། དེ་ནས་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཕེབས་ཏེ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ལུས་ཡོངས་ལ་གསེར་ཆབ་ཕུལ་ཞིང་བསམ་དོན་ཐམས་ཅད་ལྷུན་འགྲུབ་ཡོང་བའི་སྨོན་ལམ་དང་། སྐྱབས་འཇུག་ནན་གྱིས་ཞུས། དེ་རྗེས་ཡོངས་རྫོགས་བསྟན་པའི་མངའ་བདག་ཁྲི་ཆེན་གུང་ཐང་དྲུག་པ་༧རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་སོགས་སྐྱེས་ཆེན་དམ་པ་མང་བོར་ལུང་བསྟན་དང་བརྟག་པ་ཞུས་པར་རླབས་ཆེན་གྱི་བྱ་བ་འདི་ལ་ཐུགས་ཧ་ཅང་དགྱེས་ཏེ་བསྔགས་བརྗོད་ཚད་མེད་དང་། ལེགས་འགྲུབ་ཡོང་བའི་བཀའ་གསུང་གི་མེ་ཏོག་སྤྱི་བོར་བསྩལ་བས་ཁོང་ལའང་ཡིད་ཆེས་དང་སྙིང་སྟོབས་སྔར་ལས་ལྷག་པ་སྐྱེས་ཏེ། ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༡༢ ཚེས་ ༡༥ ཉིན། མགོ་ལོག་ཁུལ་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་ལ་སྒེར་བསྒྲུབ་སློབ་གྲྭ་འཛུགས་འདུན་གྱི་ཡར་ཞུའི་ཡེ་གེ་ཕུལ་མོད་རྐྱེན་སྣ་ཚོགས་ཀྱི་དབང་གིས་ ༡༩༩༤ ལོའི་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན་ཁུལ་མི་དམངས་སྲིད་གཞུང་གིས་ཡིག་ཆ་ཨང་ ༥༥ བ་བཀྲམ་ནས་འཇིགས་མེད་རྒྱལམཚན་གྱིས་སྒེར་བསྒྲུབ་སློབ་གྲྭ་འཛུགས་པར་ཆོག་མཆན་བཀོད་དེ་སློབ་གྲྭའི་མིང་ལ་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་ཞེས་བཏགས་པར་མ་ཟད། སློབ་གྲྭའི་ཁ་ཕྱོགས་དང་སློབ་མ་བསྡུ་ལེན་བྱེད་སྟངས་བཅས་ལ་སློབ་སྟོན་རྒྱ་ཆེན་གནང་། དགེ་འཇིགས་མེད་རྒྱལ་མཚན་ཁོང་དགའ་བ་འབུམ་གྱིས་མྱོས་ཏེ། རང་སྒེར་ལ་ཡོད་པའི་དམངས་སྒོར་སྟོང་གསུམ་ལས་མེད་ཀྱང་གཞན་ལ་གཡར་བ་དང་དངུལ་བུན་ལེན་པ་སོགས་ལ་བརྟེན་ནས་སློབ་གྲྭའི་ཁོར་ཡུག་དང་སློབ་ཁང་། དགེ་རྒན་རྣམས་ཀྱི་བཞུགས་གནས། ཟ་ཁང་བཅས་སྤྱིལ་བུ་ཆེ་ཆུང་བཅུ་བཞི་འཛུགས་བསྐྲུན་བྱས་ཤིང་། དགེ་རྒན་གདན་ཞུ་དང་སློབ་གྲྭའི་མཁོ་ཆས་ཉོ་བ། སློབ་མ་བསྡུ་ལེན་སོགས་ཀྱང་ཡོངས་སུ་གྲུབ། དེ་ལྟར་ཁོང་གིས་གཉིད་བཅག་ཟས་བརྗེད་ཀྱི་འབད་བརྩོན་དང་། ཞུམ་པ་མེད་འི་སྙིང་སྟོབས་ཀྱིས་ཁེ་འདོད་གྲགས་འདོད་ཅན་མང་བོའི་ཕྲག་དོག་སོགས་འགལ་རྐྱེན་དུ་མ་ལས་རྣམ་པ་རྒྱལ་ཏེ།
  རབ་གནས་ཤིང་ཁྱི་ ༡༩༩༤ ལོའི་ཟླ་ ༡༢ ཚེས་ ༡༥ ཉིན་སློབ་མགོ་རྩོམ་པའི་འཚོགས་འདུ་དངོས་སུ་བསྡུས། མཛད་སྒོའི་སྟེང་དུ་ཁུལ་མ་དམངས་སྲིད་གཞུང་དང་། ཁུལ་སློབ་གསོ་ཅུའུ། རྫོང་མི་དམངས་སྲིད་གཞུང་། རྫོང་སློབ་གསོ་ཅུའུ་སོགས་ལས་ཁུངས་མང་བོའི་མགོ་ཁྲིད་མི་སྣ་དངོས་སུ་ཕེབས་ཏེ་གལ་ཆེའི་གསུང་བཤད་གནང་བ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་གཙོ་གཞོན་པ་པད་མ། ཞིང་ཆེན་སློབ་གསོ་ཐེན། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དགེ་རྒན་སློབ་གྲྭ་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་སོགས་ལས་ཁུངས་དང་མི་སྒེར་མང་བོས་གློག་འཕྲིན་བཏང་སྟེ་སློབ་མགོ་བརྩམས་པའི་དགའ་སྟོན་ལ་དྲི་མེད་ཁ་ཏགས་དཀར་བོ་མཚོན་བྱེད་དུ་ཤིས་ཚིག་ཅི་མང་འབྱོར། དགེ་སློབ་མང་བོའི་དགའ་སྤྲོའི་དགོད་སྒྲ་དང་ཐལ་མོ་རྡེབ་སྒྲས་མཐོ་སྒང་གི་ལྷིང་འཇགས་ཡོངས་སུ་དཀྲོགས་ནས། བོད་མི་རིགས་ཀྱི་ལོ་རྒྱུས་སྟེང་སྔར་མེད་གཟི་བརྗིད་གསར་བ་ཞིག་གི་མིང་རྟགས་བཀོད། རབ་གནས་ལྕགས་སྦྲུལ་ ༢༠༠༠ ལོའི་ཟླ་ ༡༠ བར། རྨ་ཆེན་རྫོང་རྭ་རྒྱ་གྲོང་བརྡལ་དུ་གངས་ལྗོངས་ཤེས་རིག་བུའི་སློབ་གླིང་སློབ་སྒྲུབ་ཁེ་ལས་གངས་ལྗོངས་གཅེས་ནོར་ཚད་ཡོད་མཐུན་གཉེརབཙུགས་ཤིང་། དེས་དམིགས་ཡུལ་གཙོ་བོ་ནི་ཕུན་སུམ་ཚོགས་པའི་འོ་མའི་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། འབྲོག་པ་མང་ཚོགས་ཕྱུག་པོའི་ལམ་དུ་སྙེག་པ། ཁྱད་པར་ཕན་བདེ་སློབ་གྲྭར་སློབ་གསོའི་མ་དངུལ་ཁ་གསབ་བཅས་ཀྱི་གནས་ཚུལ་ལ་གཞིགས་ནས་བཙུགས་པ་ཡིན། ལོ་མང་གི་ཉམས་མྱོང་དང་འབྲོག་པ་མང་ཚོགས་ཀྱི་ད་ལྟའི་གནས་ཚུལ་འདིས་སློབ་ལོ་རན་པའི་འབྲོག་ཁུལ་གྱི་བུ་མོའི་སློབ་ཆུང་ཞིག་འཛུགས་དགོས་པའི་དགོས་པ་དང་དོན་སྙིང་ཆེས་ཆེར་མངོན་འདུག་ལ། དོན་དངོས་ཀྱི་གནས་ཚུལ་འདིས་སློབ་ལོ་རན་པའི་འབྲོག་ཁུལ་གྱི་བུ་མོ་ཚོར་སློབ་གྲྭར་འགྲོ་ཐུབ་པའི་སྐལ་བ་རེ་བསྐྲུན་འདུག དེ་བས་དཀའ་སྤྱད་འབད་བརྩོན་བརྒྱུད། མ་དངུལ་དམངས་སྒོར་ཁྲི་ ༢༦༠ ལྷག་བཙལ་ཏེ། ཕྱི་ལོ་ ༢༠༠༥ ལོའི་ཟླ་ བར་རྨ་ཆེན་རྫོང་རྭ་རྒྱ་གྲོང་བརྡལ་ཨ་མྱེས་གེ་ཐོའི་འདབས་རོལ་དུ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་ཏེ། ཡང་བསྐྱར་རོང་འབྲོག་ས་ཁུལ་གྱི་སློབ་གསོ་ལ་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསར་བ་ཞིག་སྐྲུན་པ་རེད། ཁོང་ནི་སྐྱ་སེར་མང་ཚོགས་ཀུན་གྱི་སྐྱབས་གནས་བཅོལ་སའི་བླ་སྤྲུལ་དང་དཔོན་ཆེན་མིན་ལ། རྒྱུ་ནོར་མཛོད་ན་འཕྱུར་བའི་ཚོང་ཆེན་གཏེར་བདག་ཅིག་ཀྱང་མིན་མོད། ལྷག་བསམ་གྱི་རྩ་བ་བརྟན་ཅིང་ཤེས་རིག་གི་མེ་ཏོག་རྒྱས་པ། སློབ་གསོ་ཡི་དགོས་མཁོ་རྟོགས་ཤིང་སྙིང་སྟོབས་ཀྱི་ངར་ཤུགས་རྫོགས་པའི་བོད་རིགས་གྲྭ་རྐྱང་དཀྱུས་མ་ཞིག་ཡིན། ཁོང་གིས་དུས་རྟག་ཏུ་གསུང་རྒྱུར། ཡང་རོང་འབྲོག་དབུལ་བོ་འབུམ་གྱི་བྱིས་པའི་བགོ་སྐལ་དུ་བྱེད་འདོད། ཅེས་གསུང་བ་ནང་བཞིན་དོན་ལའང་དེ་ལྟར་བསྒྲུབས་པས་རླངས་ཆེན་གྱི་ལས་འགན་འདི་ཉིད་བདེ་ལེགས་སུ་གྲུབ་པ་ཡིན་ནོ།།
  ད་ལྟའི་ཁོང་གི་ལས་གནས་དང་ཐོབ་ཐང་ནི། འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭའི་སློབ་གཙོ། རྨ་ཆེན་རྫོང་རྭ་རྒྱའི་བུ་མོའི་སློབ་ཆུང་གི་སློབ་གཙོ། ཀྲུང་གོ་མ་འོངས་ཞིབ་འཇུགས་ཚོགས་པའི་ཚོགས་མི། ཀྲུང་གོ་ཚན་རིག་དོ་དམ་ཞིབ་འཇུག་ཁང་རིག་གཞུང་ཆེད་འདེམ་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ཚོགས་ཆེན་སྐབས་བདུན་པ་དང་བརྒྱད་པའི་འཐུས་མི་། མཚོ་སྔོན་ཞིང་ཆེན་ཚོང་འབྲེལ་གྱི་འཐུས་མི། མགོ་ལོག་ཁུལ་གྱི་སྐབས་དགུ་བ་དང་བཅུ་གཅིག་པའི་དམངས་ཆེན་འཐུས་མི། རྨ་ཆེན་རྫོང་གི་སྐབས་བཅུ་བ་དང་། བཅུ་གཅིག་པའི་དམངས་ཆེན་འཐུས་མི་བཅས་ཡིན། ཐེངས་མང་བོར་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་རིམ་པ་བཅས་ནས། སྔོན་ཐོན་མི་སྣ་དང་ཕུལ་བྱུང་བ་ན་གཞོན་གྱི་མིང་རྟགས་ཐོབ་མྱོང་ལ། ཀྲུང་ཧྭ་སྙིང་རྗེའི་མི་སྣ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་འགྱུར་མི་སྣ་བརྒྱའི་ནང་དུ་བདམས་ནས་བྱ་དགའ་དང་མཚན་སྙན་གནང་། ཞིང་ཆེན་གྱི་ན་གཞོན་ཕུལ་བྱུང་བཅུའི་ཁྲོད་དུ་བདམས། གཞན་ཀྲུང་གོའི་དུས་རབས་ཀྱི་རྨི་ལམ་དང་ཀྲུང་གོའི་ཕུལ་བྱུང་མི་སྣ་སོགས་ཀྱི་ནང་དུ་བདམས་ཐོན་བྱུང་ནས། ཁོང་གིས་བོད་རིགས་ཁྲི་མ་འབུམ་ལ་བཞག་པའི་རླབས་ཆེན་གྱི་ཕྱག་རྗེས་སམ་མཛད་རྗེས་འདི་ལྟ་བུ་ཞིག་མཚན་སྙན་སྐམ་པོ་དོན་དུ་གཉེར་བའི་བླ་མ་མི་ཆེན་སུས་ཀྱང་འཇོག་མི་ཐུབ་ཅེས་ཁ་ཚོད་བཅད་ནས་སྨྲ་བར་ནས་སོ།།

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s