_____ཨ་མདོ་རྔ་པ་ནས་བུ་ཕྲུག་བཞི་ཅན་གྱི་ཨ་མ་ཞིག་མེ་ལ་འཐིམ་སོང་བ་དེའི་ཚབ་ཏུ།
གཟུངས་ཕྱུག་སྐྱིད།
ཨ་མའི་གཅེས་ཕྲུག མིག་ཟུང་ཕྱེས་སྟེ་ང་ལ་ཐེངས་ཤིག་ལྟོས་དང་། ཨ་མས་ཁྱེད་རང་གཏན་དུ་བསྐྱུར་ནས་ཐག་རིང་ཐག་རིང་ཞིག་ལ་འགྲོ་དགོས། གནས་དེ་ན་ལམ་ལམ་འབར་བཞིན་པའི་མེ་འོད་དྲོན་མོ་ཞིག་གི་བསུ་མ་ཡོད་ལ། ཕུ་ནུ་མིང་སྲིང་མང་པོ་ཞིག་གིས་ལོ་ཟླ་ངེས་མེད་དུ་བྲིས་པའི་ཁྲག་གི་ཞལ་ཆེམས་ཀྱང་ཡོད་པས། ཨ་མ་ཅིས་ཀྱང་བཞུད་དགོས། གནོན་མི་ཐུབ་པའི་སེམས་ཀྱི་ཚོར་བ་གསོན་པོ་འདི་ལྟར་མེ་ལ་སྒྲོན་བཞིན། འཇགས་དཀའ་བའི་ན་ཟུག་གི་རྨ་ཁ་ཟབ་མོ་འདི་ལྟར་རྣམ་ཤེས་ཀྱིས་འདེགས་བཞིན། ཐག་རིང་ཐག་རིང་ཞིག་ཏུ་འགྲོ་དགོས།
ཨ་མའི་གཅེས་ཕྲུག ཁྱེད་ཅིས་ཀྱང་སྐྲག་མི་ཉན། ཁྱེད་ཀྱིས་རྟག་ཏུ་རྨི་ལམ་ལས་ཨ་མའི་འཛུམ་ཞལ་ལ་སྒུག་དང་། ཨ་མས་ཁྱེད་ཀྱི་མ་འོངས་པའི་མི་ཚེ་ལ་དུས་ནམ་ཡང་མཛེས་སྡུག་གི་སྨོན་ལམ་འདེབས་ཆོག་ལ། ཁྱེད་ཀྱི་ཡིད་འོང་གི་བཞིན་རས་ལ་དུས་གཏན་དུ་བྱམས་བརྩེ་ཡིས་བྱིལ་བྱིལ་བྱ་ངེས།
དེ་བས་མིག་ཆུ་ཅིས་ཀྱང་མ་གཏོང་ཨང་། འཇིག་རྟེན་སྟེང་གི་བདེ་སྡུག་ཡོད་ཚད་ནི་མིག་ཆུ་ཁོ་ནས་ཚད་འཇལ་ཐུབ་པ་ཅིག་མིན་པ་ཨ་མས་སྔོན་ནས་ཤེས་ཡོད། སེམས་པ་མ་སྐྱོ་ཨང་། ཤི་གསོན་གྱི་གྱེས་གདུང་ནི་སྐྱོ་སྣང་གིས་ཐེག་ཐུབ་པའི་ཚོར་བ་ཞིག་དེ་བས་ཀྱང་མ་རེད་ཡ། ཞིབ་ཏུ་སོམས་དང་། འཇིག་རྟེན་སྟེང་གི་འཇིགས་སྣང་ཡོད་ཚད་འཆི་བ་ཁོ་ནས་ད་གཟོད་ཡོངས་སུ་བཟོད་ཐུབ་པ་འདྲ།
ལོ་འདི་དག་གི་ནང་དུ། ཨ་མས་དུས་རྒྱུན་མཐོང་བྱུང་བ་ནི་འཆི་བ་འོད་སྣང་ལ་བསྟིམ་བཞིན་པའི་བླ་མེད་ཀྱི་གཏོང་ཕོད་ཅིག་རེད། སྡུག་བསྔལ་ཕྱི་མར་ཁྱེར་བཞིན་པའི་རེ་འབོད་ཀྱི་དུངས་སྒྲ་ཞིག་རེད། ལ་ལས་བཤད་ན་དེ་ནི་རླབས་ཆེ་བའི་མི་རིགས་ཤིག་སྐྱོབས་བྱེད་ཀྱི་ཀི་སྒྲ་རེད་ཟེར། ཡང་ལ་ལས་བཤད་ན་དེ་ནི་གཞན་དོན་དུ་བཞུད་པའི་བླ་མེད་ཀྱི་མཛད་སྤྱོད་རེད་ཟེར། གང་ལྟར་དེ་རིང་ཨ་མས་ལམ་ཁ་འདི་འདམས་ཟིན་པས། ད་ནི་ཞེན་ཆགས་དང་ཕངས་སེམས་མེད་པར་བཞུད་འགྲོ།
ཡང་ཅིག་བཤད་ན། གནས་དེ་ན་བདག་གི་མཐོང་སྣང་ནས་ཡལ་སོང་བའི་སྙིང་ཉེ་བའི་སྤུན་ཟླ་མང་པོ་འཛུམ་མདངས་ཀྱིས་འཚོ་བཞིན་ཡོད་སྲིད་ལ། བདག་གི་སྐྱབས་གནས་ཀྱི་བླ་མ་དག་གི་གསེར་ཞལ་ཀྱང་ལྷམ་མེར་བཞུགས་ཡོད་སྲིད། ད་དུང་ངའི་སྙིང་ཉེ་བའི་ཡུལ་གྱུར་བ་ཁྲི་ཕྲག་གི་ལོ་ནས་ཟླར་མཐུད་པའི་དྲན་ཤིང་གི་འདུ་འཛོམས་ཀྱང་གནས་དེ་ན་ཡོད་ངེས། གཅིག་བྱས་ན་གནས་དེ་ནས་ཨ་མས་རྟག་བརྟན་གྱི་བདེ་དྲོད་ཅིག་རྙེད་ཀྱང་སྲིད།
གཅིག་བྱས་ན་ལོ་ངོ་དུ་མར་སེམས་སུ་བཅངས་པའི་དྲན་གདུང་དང་སྡུག་བསྔལ་གྱི་རྨ་ཁ་ཡང་གནས་དེ་ནས་དྲག་སྲིད། ལོ་འདི་དག་གི་རིང་ལ། འུ་ཚང་གི་མཐའ་འཁོར་ཧྲིལ་པོ་འཇིགས་སྣང་རྐྱང་རྐྱང་རེད། ཉིན་མཚན་དུས་དྲུག་ཏུ་མེ་མདའ་དང་དྲག་གནོན་རྐྱང་རྐྱང་གིས་བཏུམས་ཟིན་པའི་འུ་ཚང་ལ་མཚོན་ན། དངོས་ནས་ཚེ་སྲོག་གི་གཏོང་ཕོད་ནི་ཅིས་ཀྱང་འདེམ་ཆོག་ཆོག་གི་ཐོ་ཡིག་དམར་པོ་དེ་ཡིན།
གཤིན་རྗེ་བཤས་ར་ལྟ་བའི་བདག་གི་ཕ་ཡུལ་ཨ། ཏག་ཏག་ང་རང་ཐེ་བའི་རང་ལུས་མར་མེ་རུ་སྒྲོན་མཁན་དེ་དག་གིས་ཁྱེད་ཀྱི་སྐྱོ་ངལ་དང་འཇིགས་སྣང་ཁྱེར་ནས་བཞུད་སོང་། ཁྱེད་ཀྱི་འབོད་སྒྲ་དང་རྨི་ལམ་བསུས་ནས་བུད་སོང་། བུད་སོང་བའི་གནས་ལུགས་འདི་ཁྱེད་ཀྱིས་ཀྱང་ཤེས་སྲིད།
ཉིན་མ་རེ་རེ་བཞིན་མདའ་མཚོན་དང་གནར་གཅོད་འོག་འདུག་དགོས་པའི་སྡུག་བསྔལ་ནི་འཆི་བ་ལས་ཀྱང་སྐྱི་ཡ་བའི་དངངས་སྐྲག་ཞིག་རེད་ལ། དུས་ཚིགས་རེ་རེ་བཞིན་དྲན་གདུང་གིས་བསྐྱལ་དགོས་པའི་ཚོར་བ་ནི་མེ་ལྕེས་སྲེག་པ་ལས་ཀྱང་བཟོད་དཀའ་བའི་མནར་གཅོད་ཅིག་ཡིན་པས། ང་རང་འདི་ལྟར་འཆི་བ་ལ་འཇིགས་སྣང་མེད་པར་མེ་ལྕེ་ཁྲོད་འཐིམ་་པའང་ནོར་འཁྲུལ་ཞིག་གཏན་ནས་ཡིན་མི་སྲིད།
རྒྱུ་མཚན་ཚེ་སྲོག་ནི་ནམ་ཡང་མར་མེ་གཅིག་དང་འདྲ་བར་དུས་ཀྱི་སྔ་ཕྱི་ཙམ་ལས་འདི་ལྟར་གཟིམ་དགོས་པས་དེ་ལ་ཕངས་སེམས་སྐྱེས་དགོས་དོན་མེད། འོན་ཀྱང་ཆེས་རླབས་ཆེ་བ་ཞིག་ནི་རང་ལུས་མེ་ལ་སྒྲོན་པའི་མར་མེ་དེའི་འོད་སྣང་གིས་ཡོད་ཚད་གསལ་བར་མཛད་ཐུབ་པའི་བདེན་པ་ལ་བདག་གིས་ནམ་ཡང་ཡིད་ཆེས་རྙེད་ཡོད། དེ་ནི་ང་དང་ཁྲག་རྒྱུད་གཅིག་པའི་སྤུན་ཟླ་ཡོངས་ལ་ཆེད་དུ་བསྐྲུན་པའི་རྟུལ་ཕོད་དང་འོད་སྣང་གི་ཞིང་བཀོད་ཅིག་ཡིན་པ་ངས་རྟག་ཏུ་དྲན་ཀྱིན་ཡོད།
བདག་གི་མི་ཚེའི་སྐྱིད་སྡུག་གི་འདུ་ར་ནས་འདྲིས་མྱོང་བའི་རི་ཆུ་དང་ཐང་གསུམ་ཡ། བདག་གིས་གྱེས་གདུང་གི་ཉིན་ཞག་ཁྲོད་ཁུར་མྱོང་བའི་ཡུལ་མི་སྤུན་ཟླ་ཚོ། ད་དུང་བདག་གིས་དད་འདུན་གྱི་མཐོ་ས་ནས་སྒོམ་བཞིན་པའི་རྩ་བའི་བླ་མ་ཡ། ཡོད་ཚད་ཀྱིས་བདག་གི་ཚེ་སྲོག་གི་ལེགས་སྐྱེས་ལ་དཔང་པོ་མཛོད་དང་། བདག་གི་སྙིང་དབུས་ཀྱི་འབོད་སྒྲ་ལ་རབ་འདེགས་མཛོད་དང་། ངའི་རྣམ་ཤེས་ནི་དུས་གཏན་དུ་ཁྱེད་ཅག་དང་ལྷན་དུ་ཡོད།
༢༠༡༢ལོའི་ཟླ་༣པའི་ཚེས་༩ཉིན་རྡ་སར་བྲིས། ༢༠༡༤ ༡༠ ༢༩ཉིན་བསྐྱར་བཅོས་བྱས།
ངེད་དྲ་ཚིགས།