ནོ་བྷེལ་ཞི་བདེའི་གཟེངས་རྟགས་དུས་དྲན་སྲུང་བརྩི།

༄༅། །ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་ཤོས་ཀྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་འདི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་ལོ་ངོ་ ༢༥ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུས་འདུག

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་དབུས་ཕྱག་སྦྲེལ་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་ཕྱག་སྦྲེལ་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་ཕྱག་སྦྲེལ་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་་ཝིར་བྷདྲ་སིངྒ་ (Virbhadra Singh) མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། རྒྱ་གར་དང་བོད་རིགས་གསར་འགོད་པ། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་དུ་ལྷག་པའི་བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་སོགས་ཁྱོན་མི་གྲངས་སུམ་སྟོང་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་སྐུ་མགྲོན་གཙོ་བོ་མཆོག་ལ་ཕེབས་བསུ་ཞུས་རྗེས། འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་བཞིན་པར་སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེངས་འཛུགས་གནང་ཡོད། དེ་རྗེས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས། བོད་ཀྱི་ཟློས་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་ཡོད།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་། དེ་ནས་ཧི་མཱ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས་ཉིན་གཉིས་རིང་གི་དུས་སྟོན་དབུ་འབྱེད་གསལ་བསྒྲགས་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་མཆོག་གིས་ཕྱི་དྲིལ་ལས་ཁུངས་ནས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་དུས་སྟོན་ལ་དམིགས་ཏེ་ཆེད་དུ་འདོན་སྤེལ་གནང་བའི་དཔེ་དེབ་ ༼བཙན་བྱོལ་ནང་གི་བྱུང་བ་བརྗོད་པ།༽ ཞེས་པ་དང༌། ཡང་ཨིན་ཡིག་ཐོག ༼༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ལ་བསྟོད་པ།༽ (His Holiness the Great XIV Dalai Lama and Tibetan Democracy A Tribute ) དང༌། ༼༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ལ་རྗེས་དྲན།༽ (His Holiness the XIV Dalai Lama – Souvenir) ཞེས་པ་བཅས་ཀྱི་དབུ་འབྱེད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་མངའ་སྡེའི་གྲོས་ཚོགས་སུ་ཕེབས་འཐོན་གནང་རྗེས་སྲིད་སྐྱོང་མཆོག་གིས་བཀའ་ཤག་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་། དེ་རྗེས་སྲིད་སྐྱོང་མཆོག་གིས་གཞུང་ཞབས་སྲི་ཞུ་བ་ཞབས་ལོ་ ༢༠ འཁོར་ཅིང་བགྲེལ་ཡོལ་ཐོན་པ་ཁག་གཅིག་ལ་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་དང་ཕྱག་འཁྱེར་གནང་གྲུབ་མཚམས། སྲིད་སྐྱོང་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དུས་དེབ་༼བོད་ཀྱི་སྲིད་བྱུས་དུས་དེབ།༽ ཅེས་པ་དབུ་འབྱེད་དང་། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་ལས་བྱེད་ཞབས་ལོ་ ༢༥ འཁོར་བ་དགུ་ལ་ལེགས་གསོལ་མཚོན་ཆེད་བྱ་དགའ་དང་ཕྱག་འཁྱེར་གནང་།

དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་༸རྒྱལ་བའི་གསང་གསུམ་འཕྲིན་ལས་ཀྱི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་འདི་ལོའི་རྐང་བྲོ་གླུ་གཞས་ཀྱི་༼འོད་སྡེར་དབྱར་སྐྱིད། ༢༠༡༤༽ ཞེས་པ་དང་། བོད་ཀྱི་ཆ་འཕྲིན་གསར་ཁང་གི་ཡེ་ཤེས་ཆོས་བཟང་ལགས་ཀྱིས་བརྩམས་པའི་༼བོད་མི་བཙན་བྱོལ་བ་ཞིག་གི་འབོད་སྒྲ།༽ ཞེས་པའི་དཔེ་དེབ་བཅས་དབུ་འབྱེད་གནང་། དེ་རྗེས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ཨེལ་བྷརཊ་ཨེནསྚིན་Albert Einstein Institutionབསྟི་གནས་ཁང་གི་མཁས་དབང་སྐུ་ཞབས་ཇཱིན་ཤཔ་ Gene Sharp མཆོག་གི་བརྩམས་ཞིང་པདྨ་ཚེ་དབང་ཤཱསྟྲི་ལགས་ཀྱིས་བསྒྱུར་བའི་༼ཞི་བའི་འཐབ་རྩོད་ལ་ནུས་པ་ཐོན་ཚུལ།༽ ཞེས་པའི་དཔེ་དེབ་དབུ་འབྱེད་དང་། དེ་བཞིན་སྒང་པ་བདེ་སྐྱིད་ཕ་ཕུན་ཚོགས་དང་བུ་ཟླ་བ་རིན་ཆེན་གཉིས་ཀྱི་ ༼རྒྱལ་ཁབ་ཤོར་བའི་ཕ་བུའི་བདེ་སྡུག་འབེལ་གཏམ་ལོ་རྒྱུས།༽ ཞེས་པའི་དཔེ་དེབ་དབུ་འབྱེད་གནང་རྗེས། བོད་ཀྱི་ཟློས་གར་ཚོགས་པ་ནས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད་དུ་བརྩམས་པའི་༼ཁམས་གསུམ་ཆོས་ཀྱི་རྒྱལ་པོར་བཀའ་དྲིན་བསྟོད་དབྱངས།༽ ཞེས་པ་དང་། རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་མ་རྣམས་ནས་ཧི་མཱ་ཅལ་གྷ་རྡིའི་གླུ་གཞས་༼ནི་ལི་མ།༽ ཞེས་པ། དཔེ་སྟོན་སློབ་གྲྭའི་སློབ་མ་རྣམས་ནས། ༼ཆོལ་གསུམ་མི་རིགས་ནས་དགྲ་བསྡིགས་རིགས་ཞེན།༽ ཞེས་པ། བོད་ཀྱི་ཟློས་གར་ཚོགས་པ་ནས་མདོ་སྨད་བླ་བྲང་གི་འཁྲབ་གཞས་༼བོད་ཁ་བ་ཅན་གྱི་བླ་རི།༽ ཞེས་པ། རྡ་ཤོད་བོད་ཁྱིམ་སློབ་མ་ ༢༠ ནས། ༼ཨ་མདོའི་འཁྲབ་གཞས་སེང་དཀར་མོ།༽ ཞེས་པ། ཐང་སྟོང་གླུ་གར་ཚོགས་པ་ནས་གླུ་གར་ ༼རྒྱ་གར་མཁས་པ།༽ཞེས་པ། མེག་ལོར་ཡོངས་གླིང་སློབ་ཕྲུག་ནས་༼རྟེན་འབྲེལ་ཉི་ཟླ་སྐར་གསུམ།༽ ཞེས་པ། བོད་ཀྱི་ཟློས་གར་ཚོགས་པའི་བྲོ་བ་རྣམས་ནས་༼ཀོང་གཞས་དགྲ་གཉེན་རྒྱལ་པོ།༽ ཞེས་པའི་གཞས་སྣ་ཁག་འཁྲབ་སྟོན་གནང་ཡོད། མཛད་སྒོའི་མཐའ་མར་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་གཙོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་གཞུང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།

ཡོང་ཁུངས་བོད་གཞུང་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s