རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི།

              མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༡༩༤༨ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན། <<རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས>> གཏན་འབེབས་དང་།  ༡༩༥༠ ལོ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནི།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ངོས་འཛིན་བྱས་ཐོག  ས་སྒང་རིལ་མོ་འདིའི་སྟེང་གི་སྐྱེས་བོ་མི་སྒེར་རེ་རེའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད། འཛམ་གླིང་གི་རྒྱལ་ཁབ་དང་མི་མང་བྱིངས་ཀྱིས་ཐུགས་ཁུར་དང་དོན་སྣང་ཡོང་ཐབས་སུ།  ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འབོད་ཚིག་བྱེ་བྲག་པ་རེ་དམིགས་འདོན་གྱི་སྒོ་ནས་དུས་དྲན་སྲུང་བརྩི་གནང་བཞིན་ཡོད་པ་ལྟར།  འདི་ལོར་འགྲོ་བ་མིའི་ཐོབ་ཐང་ ༣༦༥ཞེས་པའི་འབོད་ཚིག་འོག  འདི་ལོའི་ལོ་ཧྲི་པོའི་ཉི་མ་རེ་རེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཡིན་པའི་ངོས་འཛིན་གྱི་སྒོ་ནས།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་གནང་བཞིན་ཡོད།

འགྲོ་བ་མིའི་ཐོབ་ཐང་གི་གཞི་འཛིན་ས་སྟེ། <<རྒྱལ་སྤྱིའི་འགྲོ་བ་མིའི་ཡོངས་ཁྱབ་གསལ་བསྒྲགས>> ནང་དུ། སྐྱེ་བོ་མི་སྒེར་རེ་རེར་དད་མོས་དང་བསམ་བློ། སྨྲ་བརྗོད།  རྩོམ་འབྲི། པར་འགྲེམས། འདུ་འཛོམས་བཅས་ཀྱི་རང་དབང་འདྲ་མཉམ་དུ་འཐོབ་དགོས་པ་བཀོད་ཡོད་པ་ལྟར། མ་གཞི་འགྲོ་བ་མི་རྣམས་ཀྱིས་སྨྲ་བརྗོད་ལ་བརྟེན་ནས་ཕན་ཚུན་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བཅས་གནང་བཞིན་ཡོད་པས།  གཞི་རྩའི་ཐོབ་ཐང་དེ་དག་ཁྲོད་ནས་ཀྱང་སྨྲ་བརྗོད་རང་དབང་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གལ་སྲིད་འགྲོ་བ་མིའི་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱས་ཚེ།  གཞི་རྩའི་ཐོབ་ཐང་གཞན་དག་རང་བཞིན་གྱིས་ལོངས་སུ་སྤྱོད་ཐབས་མེད་པར་འགྱུར་ངེས་ཡིན།     

ཉེ་བའི་ལོ་འགའི་རིང་རྒྱ་གཞུང་གིས་སྔར་ལས་ལྷག་པར། བོད་ནང་གི་རྩོམ་པ་པོ་མང་པོ་སྔ་ཕྱིར་འཇུ་བཟུང་བཀག་ཉར་དང་ཁྲིམས་གཅོད་བཙོན་འཇུག་སོགས་བྱས་ཏེ། ཁོང་ཚོའི་རྩོམ་འབྲི་རང་དབང་བཙན་འཕྲོག་བྱེད་བཞིན་ཡོད། རྩོམ་པ་པོ་དེ་དག་གིས་རྩོམ་ཡིག་གི་ལམ་ནས་བོད་ནང་གི་དངོས་ཡོད་དཀའ་སྡུག་གནས་སྟངས་དང་། བོད་མིའི་བསམ་འདུན་མཐའ་དག་གསལ་འདོན་བྱེད་བཞིན་ཡོད་སྟབས། དེ་ནི་རྩོམ་པ་པོ་མི་སྒེར་གྱི་རྩོམ་འབྲིའི་རང་དབང་བཙན་འཕྲོག་བྱས་པ་ཙམ་མ་ཡིན་པར། བོད་མི་ས་ཡ་དྲུག་གི་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱས་པ་དང་གཅིག་མཚུངས་ཆགས་ཡོད། དེར་བརྟེན། འདི་ག་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་དང་འབྲེལ། བོད་ནང་གི་རྩོམ་པ་པོ་རྣམས་ལ་འཕྲད་བཞིན་པའི་ཛ་དྲག་གནས་སྟངས་ཐད། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག  རྒྱ་ཆེའི་མང་ཚོགས་བཅས་ཀྱིས་དོ་སྣང་དང་རྒྱབ་སྐྱོར་ཡོང་ཐབས་སུ། ཕྱི་ཚེས་ ༡༢ ཉིན་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱིས་བོད་ནང་གི་གནས་སྟངས་སྐོར་ལ་བྲིས་པའི་ <<བསྟུན་རྒོལ་ཁྲིམས་གཏུགས>> ཞེས་པའི་དེབ་ཀྱི་བརྗོད་དོན་ཐད་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་བྱེད་བཞིན་ཡོད།   

<<བསྟུན་རྒོལ་ཁྲིམས་གཏུགས>> ཞེས་པའི་དེབ་ནང་། རྩོམ་པ་པོ་ཁོང་གིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་ཁྲིམས་ལུགས། རྒྱ་གཞུང་གི་རྩ་ཁྲིམས་བཅས་ཀྱི་གཏན་འབེབས་དང་ཡོངས་སུ་བསྟུན་པའི་སྒོ་ནས། རྒྱ་གཞུང་གི་སྒེར་གཅོད་སྲིད་ཇུས་ཀྱི་ལོག་སྤྱོད་ཐེར་འདོན་བྱས་ཡོད་པ་མ་ཟད། ཞི་བདེ་དང་རང་དབང་། འདྲ་མཉམ། མང་གཙོ་བཅས་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་གཞི་རྩར་བཟུང་སྟེ། རྒྱ་གཞུང་གི་མི་སེར་སྤེལ་བའི་དབང་སྒྱུར་འོག་གནས་པའི་ད་ལྟའི་བོད་ནང་ཛ་དྲག་གནས་སྟངས་སྐོར་གསལ་འདོན་བྱས་ཡོད་སྟབས།  ཐེངས་འདིའི་བགྲོ་གླེང་ཐོག་ཐེ་ཝན་དོན་གཅོད་ཟུར་པ་ཟླ་བ་ཚེ་རིང་ལགས་དང་། ཏཱ་ལའི་བླ་མ་མཐོ་སློབ་ཁང་གི་བོད་ཀྱི་རྩོམ་རིག་དགེ་རྒན་ཨ་འབྲུག་དཀོན་མཆོག་ལགས། འདི་ག་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་གསུམ་གདན་ཞུས་ཐོག ད་ལྟའི་བོད་ནང་གི་ཆབ་སྲིད་དང་རྩོམ་རིག  འགྲོ་བ་མིའི་ཐོབ་ཐང་བཅས་ཕྱོགས་གསུམ་གྱི་ངོས་ནས་དེབ་ཀྱི་བརྗོད་དོན་ཐད་བགྲོ་གླེང་གནང་རྒྱུ་ཡིན། དེབ་འདིའི་ཐད་བགྲོ་གླེང་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། རྩོམ་པ་པོ་དྷི་ལྷ་ལྡན་གཅིག་པུ་གནས་སྟངས་གསལ་འདོན་ཙམ་མ་ཡིན་པར།  བོད་ནང་གི་རྩོམ་པ་པོ་ཡོངས་ལ་འཕྲད་བཞིན་པའི་རྩོམ་འབྲི་དང་སྨྲ་བརྗོད་རང་དབང་བཙན་འཕྲོག་གི་གནས་སྟངས་རྣམས་རྒྱལ་སྤྱིའི་སྒང་གསལ་འདོན་ཡོང་ཆེད་ཡིན།

དྷི་ལྷ་ལྡན་ལགས་ནི་བོད་ནང་གནས་སྡོད་རྩོམ་པ་པོ་ཞིག་ཡིན་ལ།  ད་ལྟའི་ཆར་རྒྱ་གཞུང་གི་སུན་གཙེར་ལྟ་རྟོགས་འོག་བྲོས་ཡུབ་ཀྱིས་འཚོ་དགོས་ཆགས་ཡོད། དེ་སྔོན་ཁོང་གིས་བོད་ནང་གི་གནས་སྟངས་སྐོར་ལ་བྲིས་པའི་བརྩམས་དེབ་ཐོག་མ <<ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ>> ཞེས་པ་དེ། ཕྱི་ལོ་ ༢༠༡༢ ལོར་འདི་ག་ལྟེ་གནས་ཁང་གིས་པར་འགྲེམས་ཞུས་པ་དང་།  ཉེ་སྔོན་ཁོང་གི་བརྩམས་དེབ་གཉིས་པ་ <<བསྟུན་རྒོལ་ཁྲིམས་གཏུགས>> ཞེས་པ་དེ། འདི་ག་ལྟེ་གནས་ཁང་ལ་བཏང་འབྱོར་གྱིས་སྤྱི་ཚོགས་ཁྲོད་པར་འགྲེམས་ཡོང་བའི་ཐུགས་རེ་གནང་བ་ལྟར། ད་ལྟའི་ཆར་དེབ་དེ་དབྱིན་བསྒྱུར་བྱེད་བཞིན་ཡོད་ལ། མི་འགྱང་པར་བོད་དབྱིན་དེབ་གཉིས་སྤྱི་ཚོགས་ཁྲོད་པར་འགྲེམས་བྱ་རྒྱུ་ཡིན་ལ། དེབ་འདི་བརྒྱུད་ནས་ཀློག་པ་པོ་མང་པོས་བོད་ནང་གི་ཛ་དྲག་གནས་སྟངས་མཐའ་དག་མཁྱེན་རྟོགས་ཡོང་བའི་རེ་བ་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས། འདི་ལོའི་ཉི་མ་རེ་རེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ངོས་འཛིན་གྱིས་སྒོ་ནས། ཧ་ཅང་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་སྲུང་བརྩི་བྱེད་བཞིན་པ་ལྟར།  འདི་ག་ལྟེ་གནས་ཁང་གི་ངོས་ནས་ཀྱང་གལ་ཆེའི་དུས་དྲན་ཉིན་མོ་འདི་སྲུང་བརྩི་དང་འབྲེལ་ནས། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། གསར་འགོད་པ་དང་ཤེས་ལྡན་པ། རྒྱ་ཆེའི་མང་ཚོགས་བཅས་ཀྱི་ངོས་ནས། རྒྱ་གཞུང་གིས་བོད་ནང་གི་རྩོམ་པ་པོའི་རྩོམ་འབྲིའི་རང་དབང་དང་། བོད་མིའི་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ཐད།  སྔར་བས་དོ་སྣང་དང་རྒྱབ་སྐྱོར་གནང་སྟེ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།   

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།      ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s