མགར་བཟའ།

ཕྱི་རོལ་ནམ་མཁའ་ཆེ་ཙམ་གདའ།།

རླུང་བུ་བསིལ་མོ་ཤུར་ཤུར་རྒྱུ།།

མཛེས་པའི་རང་བྱུང་འཁོར་ཡུག་ནི།།

རྨི་ལམ་ཁྲོད་ན་ཡོམ་ཡོམ་འགུལ།།

 

མུན་པས་ལྷང་འཇགས་འཐུང་བ་བཞིན།།

ནགས་ཚལ་མགོ་སྐྲ་གཟེང་བ་འདྲ།།

ཆུ་ཡིས་རོལ་མོ་བཀྲོལ་བ་ལ།།

དབྱངས་ཀྱི་རམ་འདེགས་ཡོངས་སུ་ལྷོད།།

 

མི་རྣམས་གཉིད་པའི་རྗེས་ཤུལ་ནས།།

དགའ་སྡུག་རི་མོ་ཡལ་ལམ་ཅི།།

སྤྲིན་དང་ནམ་མཁའ་ཉི་མ་སོགས།།

མི་མཐོང་གང་ལ་བཞུད་པ་བཞིན།།

 

སེམས་ཀྱི་བུ་མོ་དལ་མེད་མ།།

གཉིད་ཀྱི་བདག་པོས་བོར་བ་འདྲ།།

མུན་པ་བཞུར་བའི་གོམ་འགྲོས་ལས།།

འཆར་སྤྲིན་ཁ་བ་སྔར་བཞིན་ལུད།།

 

ལུས་པོར་བཏེགས་པའི་རྣམ་ཤེས་ལ།།

འཁྲུལ་བའི་རྨི་ལམ་འཇིགས་ཤིང་རྔམ།།

མཚན་གུང་ངལ་བའི་རྔུལ་ཆུ་ཡང་།།

མི་འདོད་ནད་ཀྱིས་བཟུང་བ་འདྲ།།

 

སྒྲ་ཀུན་འཇགས་པའི་རྗེས་ཤུལ་ན།།

གཉིད་ཀྱི་རྐུན་པོ་བྲོས་པ་འདྲ།།

རྣམ་རྟོག་སྒྱུ་མའི་གར་མཁན་མས།།

ལུས་ཀྱི་ཕྱི་ནང་ཡང་ཡང་སློག།

 

ནམ་ཟླ་འཁྱག་པའི་འཇིག་རྟེན་ནི།།

ཁང་ཆུང་ཞིག་གི་བར་སྣང་བཞིན།།

བལྟས་ན་སྣང་བར་ཡོད་ཡོད་འདྲ།།

བཟུང་ན་རེག་པའི་སྐབས་ཀྱིས་དབེན།།

 

སྐྱིད་སྡུག་འཚོ་བའི་ཟློས་གར་ལས།།

དུང་སེམས་འཇའ་ཡི་རི་མོ་ཡང་།།

འཆར་སྣང་སྤྲིན་གྱི་རོལ་རྩེད་བཞིན།།

སྟོང་བའི་ཁམས་ན་ལྡིང་སྐོར་རྒྱག།

 

མཚན་མོ་འདི་ཡང་རིང་བ་འདྲ།།

གཉིད་ཀྱི་ཀླད་རྒྱ་འཐོར་བ་འདྲ།།

འཆར་སྣང་སྟོང་གི་ཕྱི་ནང་ནས།།

ལས་ཀྱི་བྲན་མོ་གང་དུ་འདུར།།

 

རྨི་ལམ་མང་བའི་མཚན་མོ་ནི།།

འཁོར་བའི་ནང་གི་སྙིང་བོ་འདྲ།།

ཤིན་ཏུ་རིང་བའི་ལམ་ཕྲན་ཡང་།།

དེ་ལ་བསྙེག་པའི་ཐེམ་སྐས་བཞིན།

༢༠༡༤ ༡༢ ༤མཚན་དཀྱིལ་དུ་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: