ཨ་ཕ་ལགས། ན་ནིང་སྟེ་ཡོ་རོབ་ཀྱི་གྲོང་ཁྱེར་ཞིག་ནས། དེང་རབས་བརྡ་འཕྲིན་ལམ་ནས། ཁྱེད་ལ་ཐེངས་ཤིག་མཇལ། འདི་ནི་མི་ལོ་བཅུ་དྲུག་རྗེས་སུ་ཁྱེད་ཀྱི་ཞལ་རས་མཇལ་པ་དང་པོ་ཡིན། སྐབས་དེར་གཉེར་མས་བསྡུས་པའི་ཞལ་རས་དེས། ངའི་སེམས་སུ་བཟོད་དཀའ་བའི་དྲན་གདུང་ལྕི་མོ་ཞིག་བཞག དུས་དེར་མིག་ཀོང་མཆི་མས་བརླན་པའི་ཁྱེད་ཀྱི་འཛུམ་ཞལ་ལས། ཅི་ཞིག་ལ་རེ་སྒུག་བྱེད་བཞིན་པ་ལྟར་བདག་གི་གདོང་ལ་ཅེར་འདུག ངས་ཅི་ཡང་མི་བསམ་ཁུལ་གྱིས་དགོད་གཏམ་རེ་བཤད་པར་འབད། བར་ལམ་ཞིག་ནས། དགའ་སྤྲོའི་དགོད་སྒྲས་ཁང་ཆུང་དེ་དྲོད་ཁོལ་གྱིས་བཀང་། ནང་མི་དངོས་མཇལ་ལྟ་བུའི་ཚོར་སྣང་དེ། ད་དུང་ངའི་སེམས་སུ་དྲོད་ལམ་མེར་འདུག

     ཨ་ཕ་ལགས། ང་ལ་སྤྲུལ་སྐུ་ཞེས་པའི་མིང་བྱང་འདི་སྦྱར་བ་ནས། ཁྱེད་ཀྱིས་ང་ལ་ལགས་སོ་དང་ཡ་ཡ་གཉིས་ཀྱིས་བཀུར་བསྟི་བྱས། ད་དུང་ངའི་མདུན་དུ་ཉེས་ཅན་ཞིག་དང་འདྲ་བར་མགོ་བོ་སྒུར་ནས་འགྲོ། མྱི་ཚོགས་ཀྱི་དཀྱིལ་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་གསོལ་འདེབས་བྱེད། རང་ཉིད་ཀྱི་བུ་ཆུང་ཡིན་པའི་སྣང་བ་ཡོངས་སུ་དོར་ཏེ། སྐྱབས་གནས་སུ་རེ་བཞིན་སྨོན་ལམ་འདེབས། འདི་ནི་ཁྱེད་ཉིད་སྲོལ་རྒྱན་ལ་དུང་ཞེན་ཆེ་བས་ཡིན་ནམ། ཡང་ན་རྒྱུ་མཚན་གཞན་ཞིག་ཡོད།
གང་ལྟར་ཤ་ཁྲག་གདོས་བཅས་ཀྱིས་གྲུབ་པའི་བདག་གི་ལུས་རྟེན། དྲིན་ཆེན་ཕ་ལོ་ཁྱེད་ཀྱིས་གནང་། རང་རིགས་ལ་དུང་ཞེན་ཆེ་ཞིང་ཕ་སྐད་ལ་འབྲལ་མི་ཐུབ་པའི་རང་གཤིས་འདི་ཡང་ཁྱེད་ཀྱིས་སྦྱིན།

     ཨ་ཕ་ལགས། མདུན་ཅོག་སྟེང་གི་སྒྲོན་འོད་ལ་བརྟེན་ནས། བྱིས་པ་ཚོའི་འབྲི་དེབ་ལ་ཞིབ་བཤེར་བྱེད་པའི་རྣམ་པ། ད་དུང་། ངའི་སེམས་ངོགས་ན་འོད་དུ་འཚེར་འདུག
ནག་པང་མདུན་གྱི་ས་སྨྱུག་ཐོགས་པའི་དགེ་རྒན། སློབ་མ་མང་པོར་ཤེས་རིག་གི་འོད་སྣང་སྦྱིན་པའི་དེད་དཔོན། བདག་ལ་ཤེས་རིག་གི་ལམ་དུ་བསྙེག་པར་སྐུལ་མ་དང་ལམ་སྟོན་གནང་བའི་སློབ་དཔོན།

     ཨ་ཕ་ལགས། བུ་ཆུང་ང་ཁྱེད་ཀྱི་མིག་མདུན་གྱི་ཡོད་ཚད་ཡིན་ལ། ཉིད་ཀྱི་རེ་བ་སྟོང་ཕྲག་གི་མིག་ཟུང་ངའི་ཕྱོགས་སུ་ཅེར་ཡོད་པ་ནམ་ཡང་བརྗེད་མྱོང་མེད། གནས་དེ་ནས། མྱི་མང་པོ་ཞིག་གིས་ཁྱེད་ལ་ཡིད་སྨོན་བྱེད་བཞིན། བུ་ཆུང་འདི་འདྲ་ཞིག་ཡོད་པ་བསོད་ནམས་རེད་ཅེས་བརྗོད་སྲིད། འོན་ཀྱང་། ངས་དེ་ལས་ལྡོག་སྟེ་ང་ནི་ཁྱེད་ཀྱི་ལན་ཆགས་སུ་འདོད། རྒྱུ་མཚན་ངས་འཇིག་རྟེན་འདིར་ཁྱེད་ལ་ཅི་ཡང་འབུལ་ཐུབ་མ་སོང་།

   ཨ་ཕ་ལགས ཁྱེད་ལོ་ན་རྒས་དུས། ང་ས་མཐར་འགྲིམས། ཁྱེད་ཉིད་ནད་ཀྱིས་མནར་དུས། ང་རྒྱ་མཚོའི་ཕ་མཐའ་ནས་ལྷག ཁྱེད་དང་མཇལ་འདོད་ཀྱི་འདུན་པ་དྲག་ཏུ་འཕྱུར་ན་ཡང་། དུས་ཀྱི་འགྱུར་ལྡོག་གི་བདུད་རླུང་འདི་ཅིས་ཀྱང་སེལ་ཐུབ་མ་སོང་།

    ཨ་ཕ་ལགས། སྐད་རིགས་དང་ཡུལ་སྲོལ་མི་གཅིག་པའི་ས་མཐའ་འདི་ནས། རང་མི་རིགས་ཀྱི་སྐད་ཡིག་ལ་ཤི་འཐམ་བྱེད་བཞིན། བཙན་པོའི་བུ་རྒྱུད་ཡིན་པ་ནམ་ཡང་བརྗེད་ཀྱིན་མེད་ལ། ཁྱེད་ཀྱི་བསྩལ་བའི་ཤེས་རིག་གི་འོད་སྣང་རུས་རྐང་ལ་འཐིམ་ཡོད། འདི་ནི་ཁྱེད་ལ་ཕུལ་བའི་ལག་རྟགས་ཡིན།

  གཞན། གནས་འདི་ནས། ངས་ལག་གཉིས་བྲང་ཁར་སྦྱར་ནས་དཀོན་མཆོག་ལ་སྐྱབས་འཇུག་ཞུ་རྒྱུ་ལས། ཅི་ཡང་བྱེད་ཐུབ་མ་སོང་། བཟོད་པར་གསོལ་དང་བདག་གི་ཕ་ལོ།

༢༠༡༤ ཟླ ༡༢ ཚེས༦ ཉིན་ཤིང་བཟའ་སྤྲུལ་མིང་བ་ནས་ཕུལ།

བདག་དབང་ངེད་དྲ་ཚིགས་ལ་ཡོད།

One thought on “དྲིན་ཆེན་ཕ་ལོར་འཕྲིན་དུ་ཕུལ།

  1. འོད་བུ། ཕྱི་ལོ། ༢༠༡༤ ཟླ། ༡༢ ཚེས། ༡༣ at ༢:༤༠ pm

    དྲིན་ཆེན་ལོར་བསྐུར་བའི་སྙན་དངགས་བཀླགས་ཟིན། ཚིག་དོན་གྱི་ཡིད་དབང་བཀུག་ཐ། མིག་ཆུ་རྡོག་མ་རེ་དྲུད་ནས་བུད་སོང་ང་།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading