ཆབ་སྲིད་ཚོགས་པ་གཉིས་ཀྱི་རྩེད་མོ།

     ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གིས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དོགས་ཡོད་ཉེས་ཅན་ཚོར་མནར་གཅོད་གཏོང་སྟངས་ཀྱི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་པའི་ཐོག་རྩོད་གླེང་བྱུང་ཡོད་འདུག་ཟླ་འདིའི་ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གིས་དེ་སྔོན་སྲིད་འཛིན་བྷོ་ཤིའི་སྐབས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨ་སྒོར་ས་ཡ་ ༤༠ ཡི་འགྲོ་གྲོན་བཏང་སྟེ། འཇིགས་སྐུལ་རིང་ལུགས་པ་དང་དོགས་ཡོད་ཉེས་ཅན་མང་པོ་འཛིན་བཟུང་བྱས་ཏེ། འཇིགས་སྐུལ་ཚོགས་པ་ (Al-Qaida) ཡི་མགོ་ཁྲིད་ཨོ་ས་མ་བྷིན་ལ་ཌིན་(Osama Bin ladin) སོགས་འཇིགས་སྐུལ་བའི་གསང་གནས་རྩད་གཅོད་གཏོང་ཆེད། དོགས་ཡོད་ཉེས་ཅན་ཚོར་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་ཤོག་ངོས་ ༥༢༠ ཅན་གྱི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་ཡོད་འདུག

སྙན་ཐོ་དེའི་ནང་བཙོན་པ་ཚོའི་རྐང་ལག་བསྡམས་ཤིང་ཁ་ལ་རས་བཀབ་ནས་ཆུ་བླུགས་པ་དང་། ཆུ་ཚོད་ ༡༨༠ ལྷག་ལ་གཉིད་དུ་མ་བཅུག་པ། ས་འོག་མུན་དོང་དང་ཤིང་སྒམ་ནང་ཡུན་རིང་བཙོན་འཇུག ལུས་དམར་རྗེན་ཕུད་དེ་འཁྱག་དར་སྒང་རྒྱུན་རིང་ལངས་བཅུག་པ་སོགས་ཀྱི་མནར་གཅོད་བཏང་ཡོད་པའི་གནས་ཚུལ་འཁོད་ཡོད་འདུག

གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ཧྥེན་སི་ཊིན་ (Dianne Feinstein) ལགས་ཀྱིས་སྙན་ཐོ་དེ་དང་འབྲེལ་ནས་གྲོས་ཚོགས་གོང་མའི་ནང་གཏམ་བཤད་གནང་དོན། སྲིད་འཛིན་བྷོ་ཤིའི་སྐབས་གསང་བའི་ལས་ཁུངས་ཀྱིས་འཇིགས་སྐུལ་དོགས་ཡོད་ཉེས་ཅན་ཚོར་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བ་དེས་འཇིགས་སྐུལ་པས་ཨ་རིར་འཇབ་རྒོལ་བྱེད་པ་འགོག་ཐུབ་མེད་པ་དང་། དེ་ནི་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཛིན་སྐྱོང་ལ་འགན་འཁུར་ཡག་པོ་བླངས་མེད་པའི་གནས་སྟངས་འོག དམིགས་བསལ་མནར་གཅོད་གཏོང་སྟངས་དེར་གྲུབ་འབྲས་ཡག་པོ་ཐོན་ཡོད་ཚུལ་གྲོས་ཚོགས་དང་ཕོ་བྲང་དཀར་པོ་གཉིས་ལ་རྫུན་སྒྲིག་བྱས་པ་ནག་ཉེས་ཆེས་ཤོས་ཤིག་ཆགས་ཡོད་ཅེས་བརྗོད་འདུག

སྙན་ཐོ་ཕྱིར་བསྒྲགས་བྱེད་དགོས་དོན་སྐོར་ལ་ལྕམ་ཧྥེན་སི་ཊིན་གྱིས། ༩༡༡ གི་དོན་རྐྱེན་བྱུང་རྗེས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་བྱེད་སྟངས་དེས་ཨ་རིའི་དམངས་གཙོའི་རིན་ཐང་དང་ལོ་རྒྱུས་ནང་ནག་ཐིག་བཟོས་ཡོད་ཅིང་། ད་རེབ་ཕྱིར་བསྒྲགས་པའི་སྙན་ཐོ་དེས་ལོ་རྒྱུས་ཐོག་གི་ནག་ཐིག་གསུབ་ཐབས་མེད་སྟབས། ཨ་རིའི་གཞུང་གི་ནོར་འཁྲུལ་གང་བྱས་མི་མང་གིས་ཤེས་རྒྱུ་གལ་ཆེན་ཆགས་ཡོད་ཅེས་བརྗོད་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས། ཐེངས་འདིར་ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གིས་སྙན་ཐོ་དེ་ཕྱིར་བསྒྲགས་བྱས་དོན། ད་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་མང་ཤོས་ཆགས་ཡོད་སྟབས། ད་ལྟའི་ཨོ་བྷ་མའི་དམངས་གཙོ་ཚོགས་པའི་གཞུང་དང་། གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་ལྕམ་ཧྥེན་སི་ཊིན་གྱིས་སྤྱི་མཐུན་ཚོགས་པར་ཉེས་འཛུགས་བྱེད་ཐབས་དང་། ལྷག་པར་དུ་སྤྱི་མཐུན་ཚོགས་པའི་ནང་ནས་ཡོང་བའི་སྐབས་སྔོན་མའི་སྲིད་འཛིན་བྷོ་ཤི་དང་སྐབས་དེའི་གཞུང་ནག་པོ་བཟོ་ཐབས་ཀྱི་ཆབ་སྲིད་ཚོགས་པའི་བར་གྱི་འཐབ་རྩོད་ཅིག་ཡིན་སྐོར་རྗོད་བཞིན་ཡོད།

ཐེངས་འདིར་ཕྱིར་བསྒྲགས་བྱས་པའི་སྙན་ཐོའི་ནང་ཨ་རིའི་གསང་བའི་བཀག་བསྐྱིལ་ཁང་དུ་ད་ལྟ་འཇིགས་སྐུལ་དོགས་ཡོད་ཉེས་ཅན་ ༡༡༩ བཀག་ཉར་བྱས་ཡོད་པའི་ཁྲོད་མི་ ༢༦ ལ་ནག་ཉེས་དཔང་རྟགས་གང་ཡང་རག་མེད་པ་དང་། ལྷག་པར་དུ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དམིགས་བསལ་མནར་གཅོད་བྱེད་ཐབས་བརྒྱུད་དེ། ཨོ་ས་མ་བྷིན་ལ་ཌིན་(Osama Bin ladin)གང་དུ་ཡོད་པ་རྩད་གཅོད་ཐུབ་ཡོད་ཟེར་བ་དེ་བདེན་པ་མིན་སྐོར་སོགས་འཁོད་འདུག

སྲིད་འཛིན་ཨོ་བྷ་མས་གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གིས་སྙན་ཐོ་ཕྱིར་བསྒྲགས་བྱས་པར་རྒྱབ་སྐྱོར་དང་འབྲེལ་ཏེ་བརྗོད་དོན། ཨ་རིའི་རྒྱལ་ཁབ་ཀྱིས་ནོར་འཁྲུལ་ཚབས་ཆེན་བཟོས་པ་མང་ཚོགས་ཀྱིས་ཧ་གོ་དགོས་པ་གལ་ཆེན་ཆགས་ཡོད་པ་དང་ལྷག་པར་དུ་ནོར་འཁྲུལ་ལ་ངོས་ལེན་བྱེད་དགོས་པ་དེ་བས་གལ་ཆེན་ཡིན། ཞེས་སོགས་བརྗོད་འདུག

ད་ལྟའི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཇོན་བྷེར་ནན་ (John Brennan) གྱིས། གསང་བའི་ལས་ཁུངས་ཀྱིས་དམིགས་བསལ་མནར་གཅོད་བྱེད་སྟངས་དེས་ཨ་རིའི་གསང་བའི་ལས་དོན་མང་པོར་ཕན་ཐོགས་བྱུང་ཡོད་པ་མ་ཟད། འཇིགས་སྐུལ་པས་ཨ་རིར་འཇབ་རྒོལ་བྱེད་པར་སྔོན་འགོག་དང་། འཇིགས་སྐུལ་པ་འཛིན་བཟུང་།  མི་མང་པོའི་ཚེ་སྲོག་སྐྱོབ་ཐུབ་ཡོད་སྟབས། ཐེངས་འདིར་སྙན་ཐོ་ཕྱིར་བསྒྲགས་བྱས་པ་དེས་འབྱུང་འགྱུར་གསང་བའི་ལས་ཁུངས་ཀྱི་ལས་དོན་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། ཅེས་བརྗོད་འདུག

སྲིད་འཛིན་བྷོ་ཤིའི་སྐབས་ཀྱི་སྲིད་འཛིན་གཞོན་པ་ཟུར་པ་ཆི་ནེ་ (Dick  Cheney) ཡིས་ཧྥོ་ཁུ་སི་གསར་ཁང་(Fox News)ལ་བརྗོད་དོན། གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གིས་སྙན་ཐོ་དེས་སྲིད་འཛིན་བྷོ་ཤིའི་སྐབས་ཀྱི་གསང་བའི་ལས་ཁུངས་ཀྱི་ནོར་འཁྲུལ་རྐྱང་རྐྱང་བརྗོད་པ་ནི་རྒྱན་རྩེད་ལྟ་བུ་ཞིག་དང་། ཐ་ཤལ་གྱི་ལས་ཀ་ཞིག་རེད། ༩༡༡ གི་དོན་རྐྱེན་བྱུང་རྗེས་འདྲི་རྩད་བྱེད་སྟངས་དེས་ཨ་རིའི་བདེ་འཇགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། ང་རང་གིས་འགྱོད་པ་གང་ཡང་མེད་པའི་ཐོག་ནས་གནད་དོན་དེར་ཁུངས་སྐྱེལ་བྱེད་ཐུབ་ཅེས་བརྗོད་ཡོད་འདུག

ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་ལྕམ་ཧྥེན་སི་ཊིན་ལགས་ཀྱིས་སྙན་ཐོ་དེ་ཁྱབ་བསྒྲགས་བྱས་པ་ནི་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་འགན་མ་འཁུར་བའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་བྱས་འདུག

སྙན་ཐོ་འདིའི་ཐད་ཨབ་གྷན་གྱི་སྲིད་འཛིན་གྷན་ནེ་ (Ashraf Ghani )  ཡིས་གསར་འགོད་པར། སྙན་ཐོ་དེའི་ནང་ཨ་རིའི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ར་སྤྲོད་བྱས་ཡོད་སྟབས། ༢༠༡༤ ལོའི་རྗེས་ཨབ་གྷན་ནང་རྒྱལ་སྤྱིའི་དམག་དཔུང་ཡོང་བཅུག་ནས་ཨབ་གྷན་མི་གཅིག་ཀྱང་འཛིན་བཟུང་བྱེད་འཇུག་གི་མིན་ཞེས་བརྗོད་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས་འཆར་ཅན་གསར་འགོད་གསལ་བསྒྲགས་སྟེང་། རྒྱ་ནག་གིས་ནམ་རྒྱུན་འགྲོ་བ་མིར་མནར་གཅོད་གཏོང་བར་དགག་པ་རྒྱག་གི་ཡོད་ལ། ཨ་རིས་དུས་རྒྱུན་རྒྱལ་ཁབ་གཞན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། ད་ཐེངས་ཨ་རིས་ངེས་པར་དུ་རྒྱལ་སྤྱིའི་རྩ་ཁྲིམས་ངོས་འཛིན་བྱས་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ཀྱི་ཡོད་མེད་གསལ་བཤད་བྱེད་དགོས། ཞེས་བརྗོད་འདུག

ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་ཀྱིས་གསར་འགོད་པར། སྙན་ཐོར་བལྟས་ན། ཨ་རིའི་གཞུང་གིས་དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་སྟབས། ང་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇིགས་སྐུལ་དོགས་ཡོད་ཚོར་མནར་གཅོད་བྱེད་སྟངས་སྐོར་ལ་རྟོག་ཞིབ་བྱས་ཏེ་འབྲེལ་ཡོད་ལས་བྱེད་ལ་ཁྲིམས་གཏུགས་བྱེད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་ཅེས་བརྗོད་འདུག

ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱིས། སྙན་ཐོ་དེ་ནི་འཇིགས་སྐུལ་རིང་ལུགས་པར་འཐབ་རྩོད་བྱས་པ་ལས་ཡོང་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱལ་སྤྱིའི་རྩ་ཁྲིམས་གཞིར་བཟུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་བྱེད་དགོས། ཞེས་དང་། འཇར་མན་ཕྱི་སྲིད་བློན་ཆེན་གྱིས། སྙན་ཐོ་དེའི་ཐོག་ནས་དམངས་གཙོའི་རིན་ཐང་ལ་བརྩི་མེད་བཏང་བ་གསལ་བོ་ཡིན་སྟབས། ཨ་རིའི་གཞུང་གིས་ནོར་འཁྲུལ་འདི་འདྲ་ཡང་བསྒྱུར་བཟོ་མི་རུང་། སྲིད་འཛིན་ཨོ་བྷ་མས་སྲིད་འཛིན་སྔོན་མའི་ནོར་འཁྲུལ་ངོས་ལེན་བྱས་ཏེ། ཕྱི་གསལ་ནང་གསལ་བཟོས་པར་དགའ་བསུ་ཡོད། ཅེས་བརྗོད་འདུག

སྙན་ཐོ་འདིའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འཇིགས་སྐུལ་འགོག་སྲུང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཨེ་མེར་སེན་ (Ben Emmerson)ལགས་ཀྱིས་གསར་འགོད་པར། སྙན་ཐོ་དེའི་ནང་སྲིད་འཛིན་ཟུར་པ་བྷོ་ཤིའི་སྲིད་གཞུང་གི་བྱ་སྤྱོད་མང་པོ་ཞིག་གསལ་བོ་བཟོས་ཡོད་སྟབས། སྐབས་དེའི་འབྲེལ་ཡོད་ལས་བྱེད་ཚོ་ཁྲིམས་གཏུགས་བྱེད་དགོས་ཀྱི་ཡོད་ཅེས་བརྗོད་ཡོད་པ་དང་། གཞན། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་སྐུ་ཞབས་ཁེན་ནེ་ཐི་ (Kenneth Roth) ཡིས་ཀྱང་། གནས་ཚུལ་བདེན་པ་ཕྱིར་བཏོན་ཡོད་སྟབས་འགན་འཁུར་ཡོད་པའི་འབྲེལ་ལས་ལས་བྱེད་ཚོ་ཁྲིམས་གཏུགས་བྱེད་དགོས་ཞེས་ཡོད་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། དམངས་གཙོ་ཚོགས་པས་ཨ་རིའི་དམངས་གཙོའི་རིན་ཐང་མཐོ་སར་བཞག་ནས་གསང་བའི་ལས་ཁུངས་ཀྱི་མནར་གཅོད་བྱེད་སྟངས་སྐོར་གྱི་སྙན་ཐོ་ཕྱིར་བསྒྲགས་བྱས་ཡོད། གལ་སྲིད། དམངས་གཙོ་ཚོགས་པ་གྲོས་ཚོགས་གོང་འོག་གཉིས་གང་རུང་ནང་འཐུས་མི་མང་ཤོས་ཡོད་ཚེ། སྙན་ཐོ་དེ་མུ་མཐུད་གསང་བ་བྱ་ངེས་ཡིན་ཚུལ་བརྗོད་འདུག 

སྲིད་འཛིན་བྷོ་ཤིའི་སྐབས་སུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་འཇིགས་སྐུལ་པར་གཅར་རྡུང་བྱེད་པའི་སྲིད་བྱུས་ཐོག་སྤྱི་མཐུན་ཚོགས་དང་དམངས་གཙོ་ཚོགས་པ་གཉིས་བར་འགལ་ཟླ་བྱུང་ཡོད་ཅིང་། བྷོ་ཤི་སྲིད་གཞུང་གིས་དམིགས་བསལ་མནར་གཅོད་གཏོང་སྟངས་བརྒྱུད་ནས་འཇིགས་སྐུལ་པའི་གསང་བའི་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཨ་རིའི་རྒྱལ་སྲུང་བདེ་འཇགས་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་ཚུལ་བརྗོད་དེ། སྲིད་བྱུས་ལག་བསྟར་བྱེད་པའི་ཆོག་མཆན་སྤྲད་ཡོད་ཀྱང་། ཕྱིས་སུ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇིགས་སྐུལ་པ་ཚོར་མི་སྤྱོད་ལས་འདས་པའི་འདྲི་རྩད་བྱས་པའི་གསང་བའི་གནས་ཚུལ་ཕྱི་ལ་ཤོར་བར་བརྟེན། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་བཅས་ཀྱིས་ཨ་རིའི་གསང་བའི་ལས་ཁུངས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་སྟབས། ༢༠༠༩ ལོར་སྲིད་འཛིན་ཨོ་བྷ་མས་དམིགས་བསལ་མནར་གཅོད་བྱེད་སྟངས་མཚམས་འཇོག་བྱས་ཡོད་པ་མ་ཟད། སྐབས་དེར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དམངས་གཙོ་ཚོགས་པའི་འཐུས་མི་མང་ཤོས་ཆགས་ཡོད་སྟབས། གསང་བའི་ལས་ཁུངས་ཀྱིས་འཇིགས་སྐུལ་པ་ཚོར་འདྲི་རྩད་བྱེད་སྟངས་སྐོར་ལ་རྟོག་ཞིབ་ཚོགས་ཆུང་དེ་བཙུགས་པ་ཞིག་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

ཡོང་ཁུངས་བོད་ཀྱི་དུས་བབ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s