གཟུངས་ཕྱུག་སྐྱིད།
དུངས་སེམས་འོ་མ་འཕྱུར་བའི་གཏིང་རིམ་དུ་སིམ་ཏེ།།
ལྷག་སེམས་གསེར་གྱི་མར་ལོས་སྣུམ་སྣུམ་ཞིག་བྱུང་ན།།
འཇིག་རྟེན་མི་ཡི་གྲལ་ནས་ཉམ་ཆུང་གིིས་འཚོས་ཀྱང་།།
བྱམས་ལྡན་ཨ་མ་དགྱེས་པའི་ལེགས་སྐྱེས་སུ་ཕུལ་ཆོག།
དཔའ་སྙིང་གངས་དཀར་ལྷུན་པོའི་ཡང་རྩེ་ནས་འགྲེང་ཏེ།།
ཞུམ་མེད་བྲང་ཁོག་སྟོན་པའི་སྙིང་སྟོབས་ཤིག་བྱུང་ན།།
དམར་ནག་དགྱ་ཡིས་ལུས་པོ་དུམ་བུ་རུ་གཏུབ་ཀྱང་།།
འཇིག་རྟེན་ཕ་ལོ་དགྱེས་པའི་ཞལ་ཆེམས་སུ་ཕུལ་ཆོག།
བློ་རིག་གློག་གི་རྩལ་ཁ་ཆེམ་ཆེམ་དུ་འཕྲོས་ཏེ།།
རང་ལུགས་ཆར་ཆེན་བྱོ་བའི་འཕྲིན་ལས་ཤིག་བྱུང་ན།།
མཁས་མང་ལུང་རིག་རྒོལ་བའི་བྱེད་གཏེ་རུ་གྱུར་ཡང་།།
ཡང་དག་རིག་པའི་ཀློང་ནས་ངལ་གསོ་རེ་གནང་ཆོག།
འགྲོ་འདུག་རང་ལ་དབང་བའི་གུ་ཡངས་ཤིག་བྱུང་དེ།།
གླིང་བཞི་སེམས་ཀྱིས་འཇལ་བའི་སྐལ་བ་རེ་བྱུང་ན།།
ལྟོ་གོས་འཚོ་བ་དབུལ་བའི་སྦྲང་བོ་རུ་གྱུར་ཀྱང་།།
མི་ཚེ་རིན་ཐང་འཚོལ་བའི་གཏའ་མ་ལ་བཞག་ཆོག།
གངས་དཀར་མ་ཡུམ་འཛུམ་པའི་མཚར་སྡུག་གིས་བཟི་སྟེ།།
རྩྭ་ཐང་ཡངས་པོ་སེམས་ཀྱི་གོས་རྒྱན་ལ་བྱུང་ན།།
རྗེས་ལུས་མུན་ཁུང་ནག་པོའི་གཏིང་རིམ་ལ་དཔྱང་ཡང་།།
འགྱོད་མེད་རང་སེམས་དམར་པོ་རྡོ་ཐོག་ལ་བཞག་ཆོག།
འཆར་སྣང་སེམས་ཀྱི་རོལ་མོ་སྨྱུག་རྩེ་རུ་དྲངས་ཏེ།།
འཇིག་རྟེན་བདེ་སྡུག་སེམས་ཀྱི་སྐྱོ་གྲོགས་ལ་བྱུང་ན།།
གྲོགས་མེད་གཅུག་པུ་འཚོ་བའི་གྲལ་མཐའ་ནས་བུད་ཀྱང་།།
དབྱངས་ཀྱི་ལྷ་མོ་དགྱེས་པའི་མཆོད་པ་རུ་བཤམས་ཆོག།
ངེད་དྲ་ཚིགས།