ཁ་གྱའི་ཁྱུང་སྔོན། མདོ་ལྷོ།
གང་བྱུང་མེད་པར་ལག་ཏུ་ལྷུང་ཡོང་བའི་ཆ་འཕྲིན་སྤྱོད་ཆས་ཅིག་ང་ཚོས་ཆེས་འཛེམ་དོགས་བྱེད་དགོས་སའི་མིང་ལ་ “སྐད་འཕྲིན་” ཟེར་བའི་དྲྭ་རྒྱ་འདི་ལོ་གཉིས་ཀྱི་སྔོན་ཙམ་ནས་བོད་སྤྱི་ཚོགས་སུ་དར་བ་ནས་བཟུང་བོད་བྱིངས་ཅི་ཡིན་འདི་ཡིན་མེད་པར་འུར་ཟིང་ཅན་དང་ཅལ་འདྲོགས་ཅན། ཡང་ན་ཁ་རྩོད་རིང་ལུགས་པ་དང་བསྙོན་འཛུགས་རིང་ལུགས་པ་གཞི་མེད་སྐུར་འདེབས་རིང་ལུགས་པ་མང་བོ་ཆར་རྗེས་ཀྱི་ཤ་མོ་ནང་བཞིན་གློ་བུར་དུ་ས་ནས་སྐྱེས་ཤིང་བྲག་ནས་འབུར་གྱིན་པ་འདིས་འགྲོ་བ་བོད་ཀྱི་སྤྱི་ཚོགས་ལ་སྨྲ་མི་ཤེས་པའི་ཆག་སྒོ་འཇིགས་ཡེར་བ་ཏག་ཏག་སྤྲོད་རྒྱུར་ཐེ་མི་ཚོམ། དེ་ནི་མ་འོངས་འབྱུང་འགྱུར་ཞིག་མ་ཡིན་པར་ད་ལྟ་བའི་དུས་ཀྱི་ང་ཚོའི་མཐའ་དབུས་ཡོངས་རྫོགས་ན་མངོན་ལྐོག་གཉིས་ན་ཡོད་པས་ཆུང་བྱིས་པ་ལོ་བརྒྱད་ནས་ཆེ་རྒན་རྒོན་དྲུག་ཅུའི་བར་དུ་ཡོངས་ཁྱབ་རང་བཞིན་གྱིས་སྤྱོད་ཀྱིན་པར་བསམ་ན་དུས་ཚོད་དང་མི་ཚེ་དམིགས་འདུན་བྱ་ལས་ཡོངས་རྫོགས་ལ་མཐའ་མའི་རྫོགས་ཚིག་འགོད་ཀྱི་ཡོད་པ་དེ་གཞི་ནས་ཚོར་ཤེས་ལས་རྙེད་ཐུབ་ཀྱིན་མེད་དོ།།
“སྐད་འཕྲིན་” བརྡ་འཕྲིན་གྱི་ཡོ་ཆས་འདི་ང་ཚོ་བོད་ཀྱི་སྤྱི་ཚོགས་སུ་གློ་བུར་དུ་ལྷུང་བ་ཡིན་པས་དེར་དུས་ཡུན་གྱི་སྤྱོད་ཐབས་ལ་སྔོན་གོམས་ཀྱི་ཉམས་མྱོང་མེད་པས་སྨྱོན་པའི་ལག་ཏུ་རལ་གྲི་ཚུད་པ་ལྟ་བུའི་ཉེན་ཁ་ཧ་ཅང་ཆེ་བ་ད་ལྟའི་ང་ཚོའི་སྨྱུག་ཐོགས་པའི་སྡེ་དང་ཡིག་རྨོངས་པའི་སྡེ་གཉིས་ཀ་ན་གསལ་ལེར་འཆར་ཡོད། “སྐད་འཕྲིན་” ཟེར་བ་འདི་ང་ཚོས་བེད་སྤྱོད་མ་ཤེས་ན་མིའི་རིགས་ཀྱི་བསམ་བློ་ཇེ་བཙོག་ཏུ་གཏོང་བྱེད་དང་མཐུན་སྒྲིལ་གྱི་གྲུ་ཐག་དུམ་སེ་གཅོད་བྱེད་དམ། ཡང་ན་མིའི་བརྩེ་བ་རླག་བྱེད་ཀྱི་མཚོན་ཆ་གསར་བ་ཞིག་རིན་མེད་ལ་འཐོབ་ཀྱིན་ཡོད་པ་འདིས་ད་ལྟའི་ང་ཚོ་བོད་ཀྱི་འཚོ་བ་དང་ཁོར་ཡུག་བསམ་བློ་སོགས་ཀྱི་ཚབ་མཚོན་དུ་རུང་ངམ། རང་རེའི་ཤེས་ཡོན་པ་ཡིན་ཟེར་བའི་སྡེ་ནའང་འདིའི་རིགས་ཀྱི་གཡུལ་རྒྱག་གི་མཚོན་ཆ་རྡུང་མཁན་དང་ལག་ཆ་བཟོ་མཁན་མདའ་གཞུ་བདུངས་མཁས་མང་བོ་བདོག ངེས་གཏད་མེད་པར་མདའ་འཕེན་མཁན་ཇེ་མང་དུ་སོང་ཡང་དགོས་པ་ཧ་ཅང་ཆུང་བས་དོན་མེད་ཀྱིས་འུར་རྒྱག་པ་ལས་དོན་དག་ཅི་ཡང་མེད་པར་ཉེས་མེད་ལ་ཉེས་འགེལ་དང་སྐྱོན་མེད་ལ་བསྙོན་འཛུགས། མིག་ལ་གང་མཐོང་དང་ལག་ཏུ་གང་རེག་གིས་བྱ་བ་གང་ཡོད་ལ་དཔྱད་པ་ཏིལ་འབྲུ་ཙམ་མེད་པར་གང་དྲན་སྣང་ངོར་འབྲི་ཅི་ཐུབ་དང་སྒྲོག་ཅི་ཐུབ་ལ་བརྩོན་པའི་ཚུལ་མིན་གྱི་ལས་དེ་དག་ནི་དྲྭ་ལམ་ཁག་ན་སྲིན་འབུ་ཇི་བཞིན་རྒྱུག་གིན་པ་དག་གིས་མ་བསྐུལ་དང་དུ་ལེན་པའི་འགན་འཁྲི་རུ་གྱུར་ཡོད་པ་འདིས་ད་ལྟ་དང་མ་འོངས་པའི་ང་ཚོའི་སྤྱི་ཚོགས་ལ་ཉེན་ཁ་ཚབས་ཆེན་གང་འདྲ་སྤྲད་འོང་སྙམ་པའི་གནད་དོན་ལ་བསམ་གཞིག་གིས་དཔྱོད་མཁན་རེ་ཡོད་དམ།
འདི་ལྟར་སོང་བ་ཡིན་ན་མི་འགྱངས་པར་མིའི་ཀུན་སྤྱོད་དང་བསམ་བློ། མི་གཤིས། འགྲོགས་འདྲིས་བཅས་ཡོངས་རྫོགས་ལ་གནོད་ཚབས་ཆེ་རུ་གྱུར་སྟེ་ཆོས་ལུགས་གྲུབ་མཐའི་དབར་དང་བླ་མ་དགོན་སྡེའི་དབར། ཡུལ་ལུང་ལྷ་སྡེའི་དབར་དུ་དྲག་ཆས་འགད་རྫས་ཀྱིས་གཏོར་བཤིག་གཏོང་རྒྱུ་ཡང་ཐག་མི་རིང་། དེང་སྐབས་གཞི་མེད་ཁུངས་མེད་ཀྱི་འདྲ་རིས་སྟེང་བསམ་ངན་སྦྱོར་རྩུབ་ཀྱི་གཡུལ་བཤམས་པ་དང་བརྙན་ཐུང་འགའ་ཆུ་ཁའི་སོག་མ་དང་རླུང་གིས་དེད་པའི་གད་སྙིགས་ནང་བཞིན་ཚོགས་སྒེར་གང་རུང་ལ་བརྒྱུད་སྐུར་གང་འདོད་དུ་བྱེད་མཁན་ཚོ་མི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་བོར་བ་དང་རིག་གཞུང་གི་མིག་ལོང་བ་ཤ་སྟག་གོ། ད་ལྟའི་དྲྭ་ལམ་ཁག་ཏུ་གོང་གི་ཁོ་བ་ཚོའི་རླུང་རྟ་དར་བའི་སྒང་ཡིན་པས་འདི་ནི་མི་རིགས་ཤིག་དང་རིག་གཞུང་ཞིག་གི་ཉམས་ཉེས་ལ་སེམས་དཀར་ཚུལ་དང་འཛུམ་སྟོན་ཚུལ་ཡིན་ཟེར་ན་ཧ་ཅང་ཐལ་ཆེ་བ་དང་ཡིད་ཆད་པ་ལས་འདང་རྒྱག་ས་ཞིག་དང་བསམ་བློ་གཏོང་ས་ཞིག་གཞི་ནས་ཀྱང་མ་རྙེད་དོ།།
འབྱུང་འགྱུར་ལ་མནོ་བསམ་དང་ཕྱུག་སྟོབས་ཀྱིས་འཕེལ་ཐབས་སུ་བརྩོན་ན་ངེས་པར་དུ་ང་ཅག་ལ་འཛོམས་དགོས་པ་ནི་མི་དང་མིའི་དབར་ནས་བཤད་པའི་མཐུན་སྒྲིལ་ཟེར་བ་དང་། གནས་ལུགས། དྲང་བདེན་ཞེས་བརྗོད་པའི་སྐད་ཆ་ཙམ་པོ་བ་དེ་མ་ཡིན་པར་ཁ་བཤད་ལག་ཐོགས་ཀྱི་སྤོབས་སེམས་ཤིག་ལ་ཁ་འབྲལ་མི་རུང་བ་ནི་འུ་ཅག་གི་འདང་རྒྱག་ས་གཙོ་བོ་ཞིག་ཏུ་འཛིན་དགོས། ང་ཚོའི་རིག་གཞུང་གིས་ང་ཚོ་ནམ་ཡང་བསླུ་མི་སྲིད་དེ་དོན་དམ་ཡང་དག་གི་ལམ་ཁ་ཞིག་རྙེད་ན་སེམས་ཀྱི་བཅོས་སྨན་ནང་བཞིན་ཕན་པ་ལས་གནོད་མི་འབྱུང་བས་ན་རང་བསྐྱུར་གཞན་འཚོལ་གྱི་ངན་གོམས་གཡང་ས་རུ་ནམ་ཡང་རྒྱུག་མི་ཉན། དེ་བས་དེང་གི་ཆ་འཕྲིན་ཐད་བསམ་བློ་བཏང་ན་ལེགས་ཉེས་ཅི་ཙམ་ཡོད་ཀྱང་མི་བུ་རང་ཉིད་ཀྱིས་སྤྱོད་ཐབས་ལ་འབྲེལ་བ་ཡོད་པས་རང་ཉིད་ལམ་ལོག་ཏུ་མི་འགྲོ་བར་ལེགས་ལམ་རེ་འཚོལ་རྒྱུ་དེ་རེ་ཞུ་ཙམ་ཡིན།
དེང་སང་ “སྐད་འཕྲིན་” དུ་དཔྱད་བརྗོད་པ་དང་རྩོམ་པ་བོ་དང་སྨྱུག་མིང་འཛིན་མཁན་དག་གིས་སྤྱི་ཚོགས་ཀྱི་མཐུན་ལམ་ལ་འགན་མི་འཁུར་བར་ཡིག་ལམ་དང་ངག་ལམ་གང་རུང་ནས་དངོས་པོའི་སྣང་གནས་གང་ལ་འདང་མི་རྒྱག་པར་མ་ཟད། རྩོམ་རིགས་དང་བོད་སྤྱི་ཚོགས་ཀྱི་ཡས་སྣེ་དང་མས་སྣེ་དག་ནས་ཕན་ཚུན་དབར་ལ་འགལ་བ་སློང་གི་ཡོད་པ་དག་ལ་ལྟོས་དང་། འདི་ནི་སེམས་ནང་ནས་འཐབ་འཁྲུགས་རྒྱག་སྟངས་ཤིག་གམ་ཡང་ན་ཡིག་ལམ་ནས་མཚོན་གྲི་ཕྱར་སྟངས་ཤིག་ཅི་ལ་མིན། ཆ་འཕྲིན་འདིའི་ལེགས་ལམ་དུ་སོང་སྟེ་མི་གཞིའི་ཀུན་སྤྱོད་དང་། བསམ་བློའི་རིན་ཐང་། ཤེས་རིག་དང་རྩོམ་རིགས་ཡར་རྒྱས། སྤྱི་ཚོགས་ཞབས་ཕྱི་སོགས་སྣ་མང་གི་དགེ་མཚན་དང་ཁྱད་ཆོས་མེད་པ་མིན་ཏེ་འདི་དག་ཡོད་ཀྱང་ད་དུང་རྙེད་ཀྱི་མེད་པ་མང་བོ་འདུག འདི་དག་གི་ངོས་ཟུར་ལེབ་གང་ནས་བལྟས་ན་ང་ཚོ་ཆ་འཕྲིན་འདི་དང་ཁ་ཐག་རིང་བའི་རྟགས་དང་། ཡང་ན་དགེ་མཚན་མ་རྙེད་པར་འུར་རྒྱག་སྟངས་ཤིག་གི་ལས་སུ་ཤོར་གྱིན་པ་ཡིན་པས་མི་བུ་སུས་ཀྱང་བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོར་བཟུང་སྟེ་མི་རིགས་འཆམ་མཐུན་ཅན་དང་སྤྱི་ཚོགས་འཕེལ་རྒྱས་ཅན་དུ་སེམས་དགོས་སོ།། མི་རིགས་དང་རྩོམ་རིགས་སྤྱི་ཚོགས་གང་ལའང་འགན་མི་འཁུར་ན་ད་ནི་སྨྱུ་གུས་སྤྱི་ཚོགས་ཤིག་ལ་སྣེ་ཁྲིད་བྱ་ཐུབ་ཟེར་བའི་རྩ་བའི་སྐད་ཆ་དེའང་འུ་ཚོའི་འཆལ་གཏམ་བསྒྲགས་སྟངས་ཤིག་མ་ཡིན་ནམ།
༢༠༡༤/༨/༨ལ་གྲོང་ཁྱེར་སྤོས་ལྡན་དུ།
ངེད་དྲ་ཚིགས།