༜སྨྱུག་མདའ།
དེ་རིང་ཡབ་རྗེ་བླ་མ”རྗེ་བློ་བཟང་གྲགས་པའི་དགོངས་རྫོགས་རེད།
ཉི་མས་བསྲེགས་མ་ཚར་བའི་ལྗང་མདོག་ཅིག་སྣང་ངོར་བྲུལ་ཡང་།
འཇིག་རྟེན་ཆོས་བརྒྱད་ཀྱི་འདམ་ལས་གྲོལ་བའི་རྟག་བརྟན་གྱི་བརྗེད་བྱང་གསོན་པོ།
ཉོན་མོངས་དུག་གསུམ་གྱི་ཕྱི་མཐའ་བུད་པའི་གངས་ཅན་མཁས་པའི”ཙོང་ཁ་པ།
ཁ་བ་ཅན་པས་དད་འདུན་གྱི་ལག་ཟུང་སྙིང་ཁར་སྦྱར་ཏེ་ཁྱེད་ཉིད་དྲན་བཞིན་མཆིས།
མུན་ནག་དང་རབ་རིབ་ཀྱི་ཁྲོད་དུ”ཁྱེད་ཀྱི་རྣམ་དཔྱོད་ལས་འཁྲུངས་པའི་སྒྲོན་མེ་སྦར་གྱིན།
འོ་མ་བཞིན་བཞུར་བའི་གང་ཉིད་ཀྱི་རིགས་པའི་སྐྱེ་ཚལ་དུ་མངར་ཁར་འཁྱིལ།
ལག་པ་སྙིང་གར་བཞག་སྟེ་ག་ལེར་བསམས་ན།
ང་ལ་ཁྱོད་ལས་གཞན་ཅི་ཞིག་ཡོད”ཅི་ཡང་མེད།
འཁོར་འདས་ཡོད་ཚད་སྟོང་བར་སོང་ཞིང་བདག་དང་བདག་གི་བ་
མེད་པར་གྱུར།
དེ་དུས་ཀྱང་ཁྱེད་གཅིག་པུ་ངའི་སེམས་ངོགས་ན་དྲན་ལྷང་ངེར་འདུག
མཛེས་པའི་ཀུན་སྤྱོད”རིགས་པའི་གཏན་ཚིགས”ཤེས་ཤིང་མཆོག་ཏུ་བཟུང་ངོ་།
དྲོད་ཁོལ་གྱི་མེ་སྟག་དེ་མ་འཁྱག་པར”བརྩེ་བ་བཏུས་ཏེ་ལྷོད་ཀྱིས་བབས།
ཁྱེད་ཀྱིས་རང་གི་གདུལ་བྱ་ཡོངས་ལ་སེམས་ཁྲལ་མི་དགོས་པའི་གདམས་ངག་ཅིག་བསྩལ་བ།
དེ་ནི། ཐོབ་དཀའ་བའི་མི་ལུས་གཅེས་པར་སྐྱོངས་ཞེས་གདམས་པ་དེ་རེད།
དེའང་རྙེད་དཀའ་བའི་ཚད་ཐིག་ཅིག་བཞག་སྟེ་བྱམས་པའི་ཀློང་ནས་འོད་དཀར་གྱིས་གཟིམས་པ་ལགས།
མི་སྐད་འཕྲུལ་ཆས་ཀྱི་འུར་སྒྲ་རྒོད་པའི་དེང་གི་དུས་འདིར།
ཆམ་ནད་ཐེངས་ཤིག་གིས་ཁྱེད་ལ་རྒོལ་མཁན་དང་དད་མཁན་ཡ་མ་བརླ་ཡིས།
འདོད་ཆགས་སྲིད་འབྱོར་རྔམ་པའི་སྡེར་ཁྱིམ་བཙུགས་ཏེ་ངོ་ཚའི་གྲིབ་མ་ཡོམ་ཡོམ་བྱས།
རྙོག་པ་མེད་པའི་གང་ཉིད་ཀྱི་རིགས་པའི་ཀློང་ཆེན་པོ།
རྣམ་དཔྱོད་ཀྱི་སྒོ་མོ་ཡངས་པར་ཕྱེས་པའི་རྒྱལ་ཁམས་པ་ཚོ་ཡིད་སྨོན་རང་ཤུགས་ཀྱིས་འཆོར་ངེས་སོ། །
2014. 12. 16 ཉིན་ཡབ་རྗེ་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་མཆོག་རྗེས་སུ་དྲན་ཏེ་ཡུལ་སེ་ར་ཆོས་སྒར་དུ་སྦྱར།
ངེད་དྲ་ཚིགས།